ཁ་བའི་འབྲོག་མོ།
ཡོད་པའི་མཐའ་ལ་དཔྱངས་པའི་རྩེད་རྡོ་ཞིག །
འཇིག་མེད་དངོས་པོའི་སྐྱེས་སུ་ག་ལ་འགྱུར།།
སོམ་ཉིའི་སྐུད་པ་བཏབ་པའི་སྙིང་ཁམས་ན།།
སྤྲིན་གྱི་གཟུགས་རིས་འཛིན་པའི་གདེང་ཞིག་ཡོད།།
དེ་རིང་མ་སྐྱེས་སང་ཡང་མི་སྐྱེ་བའི།།
སེམས་ཀྱི་མེ་ཏོག་བསྐལ་བའི་བར་དུ་བཏབ།།
ཐམས་ཅད་འཛེམ་དོགས་ཉིད་ལ་བརྒྱུས་པའི་གཏམ།།
རླུང་གིས་བཀྱགས་པའི་ལོ་མ་སེར་པོ་འདྲ།།
ངེས་པའི་ཆོས་ཤིག་སེམས་ལ་བཞེངས་པ་དེ།།
མ་དག་བློ་ལ་ཞོགས་པའི་ཟིལ་བ་ཉིད།།
སོམ་ཉིའི་འཕྲུལ་གྱི་འཕྲང་སྒོ་རེ་རེ་ནས།།
སྒྱུ་མའི་ཀློང་ལ་མི་གནས་སུ་ཞིག་ཡོད།།
སྤྲིན་པའི་འདབ་མ་དཀར་སེར་དམར་ལྗང་སྟེ།།
ཐེ་ཚོམ་སེམས་པའི་རྨི་ལམ་གཏོད་ས་ཞིག།
གདགས་གཞི་མེད་པའི་རླུང་གི་སྙིང་ཁམས་ན།།
འཇིགས་མེད་བདེན་པའི་གནས་ཤིག་གུད་ན་མེད།།
དེ་རིང་མཁའ་ལ་འཕུར་བའི་གཤོག་པ་ཡོད།།
གནམ་གྱི་སྤྲིན་པ་འཛིན་པའི་བློ་ཞིག་ཡོད།།
སྣང་བ་ཟ་ཟིས་ཁེངས་པའི་སྙིང་ཆུང་འདི།།
ནམ་མཁའི་དབྱིངས་ན་རླུང་གི་རླབས་ཀྱིས་ལྟེམས།།
བྱིས་པའི་བློ་ལ་བཏེགས་པའི་ཁ་ཕོ་དེར། །
མེ་ཏོག་སྟོང་གིས་ཤན་པའི་སྒ་ཞིག་བསྟད།།
སྟོང་བསམ་རླུང་གིས་གཡོ་བའི་རྨི་ལམ་ཞིག།
འདི་ལྟར་གཡོ་བཞིན་སྤྲིན་པའི་ཀློང་ན་མཉེན།།
ཁ་སང་ཆར་དང་རླུང་གིས་བཏེགས་པའི་རླབས།།
དེ་རིང་འཇགས་པའི་དྭངས་གསལ་ཆུ་ཕྲན་འདིས།།
གནམ་གྱི་སྤྲིན་པ་འཛིན་པའི་གཏམ་རྒྱུད་གྱིས།།
ང་ཡི་པིར་གྱི་རྩེ་མོ་དགུང་ལ་འཁྱུག།
2014/4/15
སྙན་ངག་འདི་ལ་ཁྱད་དུ་འཕགས་པའི་འགུགས་ཤུགས་ཤིག་ཡོད་ཀི ཚིག་གི་འདུལ་སྦྱོང་ཕུན་སུམ་ཚོགས་པ་དང་ལྡན་འདུག་མོད། ད་དུང་ཇེ་ལྷོད་དུ་གཏོང་རྒྱུ་ཡོད་པར་མཐོང་བས་མུ་མཐུད་དུ་འབད་བརྩོན་གནང་རོགས།
ཚིག་གི་འདུལ་སྦྱོང་ཕུན་སུམ་ཚོགས་པས། འགུགས་ཤུགས་བླ་ལྷག་ཏུ་ཆེ།