ཨ་ནུ་ཐང་བསོད་ནམས།
ཕུན་དབང་ལ་འཛམ་གླིང་གི་མི་སྤྱི་མཚུངས་ལྟར་དགེ་སྐྱོན་གཉིས་ཀ་ཡོད་ལ། བོད་ལའང་ཕན་གནོད་གཉིས་ཀ་སྐྱེལ་མཁན་ཞིག་རེད། དེར་བརྟེེན། བོད་ཀྱི་སྤྱི་ཚོགས་ཁྲོད་དུའང་ཁོང་གི་སྒང་ལ་ལྟ་ཚུལ་མི་མཐུན་པ་གཉིས་ཆགས་འདུག དགེ་མཚན་ཁོ་ན་ལ་མཐོང་བས་སྡོམ་ཚིག་བཀོད་མཁན་དང་། ཉེས་བ་ཁོ་ན་མཐོང་བས་སྡོོམ་ཚིག་བཀོད་མཁན་ཡོད་པས་གཉིས་ཀ་ལ་རྒྱུ་མཚན་འདུག་སྙམ།
དགེ་མཚན།
ཁོང་ལ་རིགས་ཞེན་དང་དྲང་ཚིག ལྷག་བསམ་དང་སྙིང་སྟོབས། བློས་བཏང་དང་ཆོད་སེམས་ཡོད་པ་མ་ཟད། བོད་ཀྱི་གནའ་བོའི་སྤྱི་ཚོགས་ཀྱི་འགྲོ་ཕྱོགས་དེའི་འདང་གི་མེད་པ་དང་། དེ་ངེས་བར་དུ་བཅོས་སྒྱུར་དང་ཁ་གསབ་བྱེད་དགོས་བ་ཞིག་ཏུ་གཟིགས་མཁན་གྱི་བོད་མི་ཆེས་ཉུང་ཤས་ཤིག་ཡོད་པའི་གྲས་ཀྱི་གཅིག་རེད། ཁོོང་ནི་བོད་པ་ཡོད་ཚད་གཅིག་གྱུར་བཟོ་རྒྱུའི་འཆར་འགོད་བྱེད་མཁན་གྱི་རླབས་ཆེན་གྱི་བསམ་བློ་བ་ཞིག་དང་། དེ་ལྟར་ཡོང་བར་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་བཙལ་ཞིང་འབད་བརྩོད་བྱེད་མཁན་གྱི་དཔའ་རྒོད་ཅིག་དང་། ཆབ་སྲིད་པ་ཞིག ལྷག་པར་དུ་མི་སེམས་འགུག་པའི་བྱ་སྤྱོད་ངོམས་ཐུབ་མཁན་ཞིག་དང་། གནས་ལུགས་དང་དྲང་བདེན་དཔང་པོའི་འཇོག་མཁན་ཞིག་རེད།
ཞན་ཆ།
ཡིད་ཆེས་སླ་བ་དང་ལྟ་བ་མཁྲེགས་པ། དུང་ཡུལ་ལ་ཕྱོགས་ཡ་མང་ཞིང་ཡམ་རྒྱུགས་ཆེ་བ་མ་ཟད། དུས་དེར་གུང་ཁྲན་ཏང་གི་ཞིབ་ཕྲའི་འགྲོ་སྟངས་ལ་རྒྱུས་མངའ་གཏན་ཟབ་མེད་ཅིང་། ཐ་ན་གུང་ཁྲན་ཏང་གིས་ཆོས་ལུགས་ལ་འགོག་རྒོལ་བྱེད་ཀྱིན་ཡོད་པའང་། ཁོང་རང་ཏང་ལ་ཞུགས་ནས་རྒྱུན་རིང་མ་གཏོགས་མ་མཁྱེན་པས། དེ་དག་ཁོང་གི་ཞན་ཆ་རེད། དེ་ནི་སྐབས་དེར་ཁོང་ལ་སློབ་སྦྱོང་དང་ཉམས་མྱོང་གི་གནས་ཚད་ངེས་ཅན་མེད་པའི་བདེན་དཔང་བྱས་ཡོད། དེ་དག་ངས་རང་བཟོ་བྱས་བ་མིན། ཁོང་གིས་རྒོ་དྲི་སི་ཐན་ལ་དེ་ལྟར་གསུངས་འདུག ལྷག་པར་དུ་དེབ་དེའི་ནང་དུ་ཆམ་མདོ་ལ་བཙན་འཛུལ་བྱེད་སྐབས་སུ་ཁོང་ནི་རྒྱ་ནག་གི་དམག་དཔོན་ཚོའི་བློ་འདོན་པ་དང་། ང་ཕོད་བཙོན་དུ་བཅུག་སྐབས་ཆེ་མཐོང་ཆེན་པོས་བཙོན་གྲོལ་བཏང་མཁན་དང་། སློབ་གསོ་བརྒྱབས་ནས་མགོ་འདོགས་སུ་འཇུག་མཁན། རྒྱ་ནག་གི་དམག་དཔོན་ཚོ་ལ་ང་ཕོད་ནི་བོད་གཞུང་གི་གནད་ཡོད་མི་སྣ་གལ་ཆེན་ཞིག་ཡིན་པས། མནར་གཅོད་མ་བཏང་བར་སློབ་གསོས་བཀུག་དགོས་ཤིང་། དེ་ལྟར་བཀུག་ཚེ། དེས་བོད་གཞུང་ཞི་གྲོས་མོལ་དུ་ཡོང་པའི་ཕན་ཐོགས་ཡོད་ཚུལ་གྱི་གྲོས་མགོ་བཏང་མཁན་དང་། གྲོས་འཆར་འགོད་མཁན། ང་ཕོའི་བསམ་བློ་སྒྱུར་མཁན་བཅས་རེད། དེ་དག་གི་ནི་ཁོང་གིས་བོད་ལ་སྤྲད་པའི་གྱོང་གུད་མ་རེད་ཅེས་བཤད་མི་ཐུབ།
དཔྱད་ཞིབ།
ཕུན་དབང་གིས་ང་ཕོད་ཙམ་མ་ཟད་གང་ཐུབ་ཀྱིས་བོད་ཀྱི་གནད་ཡོད་མི་སྣ་མང་པོ་དང་། མི་མང་ལ་གུང་ཁྲན་ཏང་ཡག་རབས་རྒྱན་རབས་བཤད་ནས་བློ་ཁ་སྒྱུར་ཞིང་། ཐ་ན་སྐུ་མདུན་ལ་ཡང་གུང་ཁྲན་བཟང་རབས་ཀྱི་ཐུགས་ཁ་གང་མཚམས་བསྒྱུར་ཡོད། དེ་ནི་ཁོང་གིས་བོད་མི་མང་མགོ་སྐོར་བཏང་བ་མིན་པ་ཁ་ཞེ་གཉིས་མེད་ཀྱིས་གུང་ཁྲན་ཏང་གིས་བོད་མི་སྐྱོབ་པར་ཡིད་ཆེས་བྱེད་པས་རེད། བཏེན་ཏེ། གུང་ཁྲན་ཏང་གིས་འཛམ་གླིང་གི་ཡུལ་གྲུ་མང་པོའི་ནང་དུ་སྐུ་དབང་ལམ་ལུགས་རྣམས་གཅིག་རྗེས་མཐུད་ཀྱིས་ཕམ་པ་བཏང་ཞིང་། མི་མང་གི་སྲིད་གཞུང་ཤར་ནུབ་གང་སར་ནས་བཙུགས་པས། བོད་ཀྱི་སྐུ་དྲག་དང་བླ་དཔོན་ཚོ་ལ་ཁ་གཏད་འཇལ་ཐབས་ཡག་ཤོས་ཤིག་ཡིན་པ་བདེན་པ་རེད། ཡིན་ཡང་། བོད་ཀྱི་ཏང་མི་ཚོ་ལ་དེ་ལྟར་གསར་རྗེས་བྱེད་པའི་ནུས་བ་མེད།
བོད་ནི་རྣམས་ལ་ཤེས་ཡོན་མེད་ཁར་ཆོས་ལུགས་དང་བླ་དཔོན་ཚོའི་དབང་སྒྱུར་འོག་ཏུ་ལོ་མང་རིང་ལ་འགྲོ་ཡ་མང་དྲགས་པས་བོད་མི་ཏང་ལ་ཞུགས་མཁན་ཧ་ཅང་གི་ཉུང་། དེར་བརྟེན། ཕུན་དབང་དང་བོད་ཀྱི་ཏང་ཡོན་པ་ཚོས་ཐབས་ཤེས་ཅི་ལྟར་བཏང་ཡང་གསར་རྗེས་ཀྱི་ལས་དོན་དེ་མངོན་འགྱུར་བྱེད་ཐབས་མེད་པ་མཐོང་བས། དམར་ཕྱོགས་ཚོགས་པ་གཞན་ལ་གང་ཐུབ་ཀྱིས་འབྲེལ་བ་བྱས་མཐར། རྒྱ་གར་དང་ཨུ་རི་སུའི་གུང་ཁྲན་བཅས་ལ་འབྲེལ་བ་བྱེད་ཐུབ་པ་བྱུང་ཡོད།
འོན་ཀྱང་། མཐའ་མར་ཁོང་ཚོའི་མངོན་འདོད་ལ་རྒྱབ་སྐྱོར་བྱེད་ཐུབ་མཁན་རྒྱ་ནག་གི་ཏང་མ་གཏོགས་སུ་ཡང་རེག་མེད་ལ། ཕུན་དབང་ལྷ་ས་ནས་རྒྱང་ཕུད་བཏང་རྗེས། རྒྱ་ནག་ཏུ་ཏང་གིས་རྒྱལ་ཁ་ཐོབ་པའི་འགྲོས་དང་སྟུན་པས་ལྟས་དབང་གིས་དུས་ཚོད་གོ་བསྒྲིགས་ལྟ་བུ་གྱུར་ཡོད། རྒྱ་ནག་གུང་ཁྲན་གྱིས་བོད་པ་ཟ་སེམས་བཅངས་ཞིང་བོད་ཀྱི་ཏང་མི་ཚོ་ལག་ཆ་བྱེད་འདོད་བྱས་བ་བཞིན། བོད་ཀྱི་ཏང་མི་ཚོས་ཀྱང་བོད་པ་བཅོས་སྒྱུར་བཏང་ཆེད་རྒྱ་ནག་གི་གུང་ཁྲན་ལག་ཆ་བྱེད་དགོས་བྱུང་བས། ཁེ་ཕན་གྱི་ཆེད་དུ་ཁོ་གཉིས་མཉམ་ལས་ཀྱི་བྱ་བར་ཟླ་བསྒྲིགས་བཏང་ཡོད།
ཁོང་གིས་རྒྱ་ནག་ལག་ཆ་བྱས་ཏེ་བོད་འདི་གཅིག་གྱུར་བཟོས་ཤིང་། སྐུ་དབང་ལམ་ལུགས་མེད་པ་བཟོས་ནས་བོད་ལ་མི་མང་གི་སྲིད་གཞུང་བཙུགས་ན་བོད་འདི་འཛམ་གླིང་གི་ལུང་པ་གཞན་ལྟར་རང་རྐང་ལངས་ཐུབ་པ་དགོངས་ཀྱང་། རྒྱ་ནག་ལ་ཡིད་ཆེས་བྱེད་ཡ་མང་དྲགས་ཤིང་། རྒྱ་ནག་གིས་ཁོ་རང་ལག་ཆ་བྱེད་ཀྱི་ཡོད་པ་མ་འཚོར་བས་འགོག་རྒོལ་སྤེལ་ཐུབ་མེད། ཡིན་ཡང་། རྒྱ་གཞུང་གིས་བོད་ཀྱི་ཏང་མི་ཚོས་ཁོང་ཚོ་ལག་ཆ་བྱེད་པ་གསལ་བོས་རྟོགས་ནས་བོད་ཀྱི་སྐུ་དབང་ལུགས་མེད་པ་བཟོས་ཕྱིན། བོད་ཀྱི་ཏང་མི་ཚོ་ལ་བོད་ཀྱི་བདག་དབང་མ་སྤྲད་པ་མ་ཟད། ཐོབ་ཐང་རྩོད་པ་འདོད་ནས་ཕུན་དབང་བཙོན་དུ་བཅུག་པ་ཡོད། དེ་ནི་ཁོས་རྒྱ་ནག་གིས་རང་ཉིད་ཆབ་སྲིད་ཀྱི་ལག་ཆ་བྱེད་ཀྱིན་ཡོད་པ་མ་འཚོར་བའམ་འཚོར་ཡང་། ཐབས་ཤེས་མེད་པས་ཕམ་ཁ་མྱོང་བས་ཡིན་ཤས་ཆེ། འོན་ཀྱང་། ཕུན་དབང་གིས་རྒྱ་ནག་གིིས་རང་ཉིད་ལག་ཆ་བྱས་བ་བཙོན་དུ་བཅུག་ནས་དུས་ཡུན་རིང་བོ་མ་འགྱང་བར་མ་འཚོར་གསུངས་བས། དེ་ལྟར་བདེན་ན། ཅི་འདྲའི་བླུན་པ་ལ།
ཁོས་རྒྱ་ནག་གུང་ཁྲན་ལ་ཡིད་ཆེས་བྱེད་ཡ་མང་དྲགས་པས་ལྐུགས་རྟགས་རེད་སྙམ། དེ་ལྟར་ཡིན་པ་ཕུན་དབང་རང་གིས་ཀྱང་རྗེས་སུ་ངོས་ལེན་བྱེད་སྲིད། གཞན་ལ་ཡིད་ཆེས་བྱེད་ཡ་ནི་ཕུན་དབང་གཅིག་བུས་ཞན་ཆ་མིན་པ་བོད་པ་ཡོངས་ཀྱི་ཞན་ཆ་རེད། ཞན་ཆ་དེས་མགོ་གོང་ས་མཆོག་དང་སྨད་བོད་མི་སྒེར་ཚོ་གཞན་གྱི་གཡོག་འོག་ཏུ་ཚུད་པ་ཉུང་ཉུང་མིན། བོད་པ་ཚོས་ག་དུས་ཡིན་ཡང་མགོ་སྐོར་བཏང་སོང་ཞེས་བའི་སྡུག་སྐད་ཤོར་ཞིང་། ཉེས་བ་ཡོད་ཚད་མགོ་སྐོར་བཏང་མཁན་ཁོ་ནའི་སྒང་དུ་འཇོག་ཀྱང་། དོན་དངོས་ཕན་ཚུན་གཉིས་ལ་ཉེས་བ་ཡོད།
རང་ཉིད་སྤྱང་པོ་ཡིན་ན་གཞན་གྱི་གཡོག་ཏུ་ཚུད་དུ་འཇུག་མི་ཉན་ཞིང་། གཞན་གྱི་གཡོ་འཆར་ལྟར་དུ་འགྲོ་མི་རུང་ཡང་། དེ་ལྟར་ཕྱིན་པས་རང་ཉིད་ལའང་ལྐུགས་རྟགས་ཀྱི་ཞན་ཆ་ཡོད། ཉེས་བ་ཡོད་ཚད་མགོ་སྐོར་བཏང་མཁན་ཁོ་ནས་བཟོས་བ་མིན། ལྷག་པར་དུ་ཆབ་སྲིད་ཀྱི་རྩེད་མོ་ཁྲོད་དུ་དེ་ལྟར་རེད། རྒྱུ་མཚན་ནི། ཆབ་སྲིད་ཀྱི་གྲོགས་པོ་དང་མཉམ་ལས་བྱེད་པ་ཁེ་ཕན་གཙོ་བཟུང་གིས་ཡིན་པས། མཉམ་ལས་ཀྱི་འཛའ་བ་དེ་ནང་མི་དང་གྲོགས་པོའི་མཛའ་སེམས་དང་འབྲེལ་མི་རུང་། དེ་ལྟར་དུས་ནམ་ཡང་སྒོམ་མི་འོས་ཤིང་། སྒོམ་མཁན་ཡིན་ན་རང་ཉིད་ཚད་ལྡན་གྱི་ཆབ་སྲིད་པ་ཞིག་དང་། ཆབ་སྲིད་ཀྱི་འགྲོ་སྟངས་ཡག་པོ་ཞིག་མི་ཤེས་མཁན་ཞིག་ཡིན་པ་མཚོན་ནུས། ལྷག་པར་དུ་ཆབ་སྲིད་ཀྱི་གཡོ་འོག་ཏུ་ཕམ་མཁན་འདི་དག་ནི་ཐབས་བྱུས་ཀྱི་ཐོག་ནས་མ་འདང་ཞིང་། འགྲན་ཡའི་ཁ་གཏད་མ་ཆོད་པས་ཕམ་པ་ཡིན་ཕྱིན། རང་ཉིད་ཀྱི་ཐབས་བྱུས་གཞན་ལས་སྐྱོ་བ་ཡིན་པ་སྟོན་པས། ཆབ་སྲིད་ཀྱི་ཕམ་ཁ་རེད། ཕམ་ཁ་དེ་གོ་རྟོགས་སད་བྱེད་ཀྱི་ས་བོན་དུ་བེད་སྤྱོད་བཏང་ནས་འགྱེད་ས་ནས་ལངས་ཡ་ནི་སྐྱེས་བུ་དམ་པའི་རང་གཤིས་རེད།
མཐའ་དོན།
མི་སུ་ཡིན་ཡང་མི་ཚེའི་ནང་ནོར་འཁྲུལ་དང་ཕམ་ཁ་འབྱུང་སྲིད་པས། དེ་དག་གཡོ་སྲང་དང་ཕམ་ཁ་ལ་མགོ་བོ་མ་སྒུར་བར་མུ་མཐུད་དུ་མདུན་སྐྱོད་བྱེད་རྒྱུ་ནི་སྐྱེས་བོ་དམ་པའི་རང་གཤིས་ཡིན། ཕུན་དབང་གིས་དེ་ལྟར་གནང་བ་ཞིང་། རང་གི་མི་ཚེའི་དཀའ་སྡུག་མི་རབས་གསར་བ་ཚོའི་གོ་རྟོགས་སེད་བྱེད་དུ་ངལ་བས་བརྩོན་པ་ལ་ཐུགས་རྗེ་དང་བརྗེད་དྲན་ཞུ་འོས་བ་ཞིག་རེད། ལྷག་པར་དུ་བཙོན་གྲོལ་ཐོབ་རྗེས་སུ་བོད་དོན་ཆེད་གང་ཐུབ་ཀྱིས་ཕྱག་ལས་གནང་བ་ལ་ཡི་རང་ཡོད།
བོད་ཀྱི་གསར་རྗེས་ཆེད་དུ་སྐུ་ངལ་མཛད་མེད་གནང་ཞིང་། རང་གི་ལངས་ཕྱོགས་དང་མྱོང་བ་རྗེས་རབས་པ་དག་ལ་བསླབ་བྱའི་ཚུལ་དུ་དེབ་ཏུ་བཀོད་ཅིང་། ལག་སྐྱེས་སུ་བཞག་པ་ནི་ཧ་ཅང་གི་རིན་ཐང་ཅན་དུ་མཐོང་། དེ་ནི་མི་རིགས་གཅིག་གི་ལོ་རྒྱུས་ཀྱི་གྲུབ་ཆ་གལ་ཆེན་དང་། ཕམ་ཉེས་ལས་བསླབ་བྱ་ཡོད་པའི་སྒྲོན་མེ་ཁོོ་ན་རུ་སྣང་བས། སྐུ་ངལ་དང་ཉེན་ཁ་ལ་མ་འཛེམ་པར་དཔེ་དེབ་དེ་དག་མི་ཡུལ་དུ་བཞག་པ་ལ་བཏང་རག་དང་། བོད་ཀྱི་མི་རབས་གསར་བ་ཚོ་ལ་ལེགས་སྐྱེས་སུ་བཞག་པས་གུས་བཀུར་ཡོད།།
ངས་ཀྱང་ཕུན་དབང་ལགས་བོད་ཀྱི་མ་འོངས་པའི་གནས་སྟངས་ཇི་ཡོང་གཟིགས་མཁན་གྱི་མིག་རྒྱངས་རིང་བའི་ཆབ་སྲིད་པ་ཞིག་ལ་མཐོང་གི་ཡོད། སྐབས་དེར་བོད་གཞུང་ནང་ཁུལ་གྱི་གནས་སྟངས་དང་ཕྱིའི་གནས་སྟངས་ཤེས་པའི་སྒང་ནས་གུང་གཞུང་ལ་འཛུལ་ཞུགས་གནང་བ་ཡིན་ས་རེད་པ།
གླག་རྒོད་ཀྱིས་བསམ་ཚུལ་གསུངས་བ་ལ་ཐུགས་རྗེ་ཡོད། རྒྱལ་སྲུ་བློ་གྲོས་ཀྱིས་ཉེར་ཆར་ཕུན་དབང་བོད་ཀྱི་གུང་ཁྲན་ཏང་ཡོན་ལས་རྒྱ་ནག་གི་གུང་ཁྲན་དུ་ཞུགས་མྱོང་མེད་ཅིང་། དེ་ལྟར་ཞུགས་པར་མོས་བྱས་མེད་ཚུལ་གསུངས་སོང་། གང་ལྟར་ཁོང་ཏང་ཡོན་པ་ཆགས་དགོས་དོན་སྐབས་དེ་རུ་འཛམ་གླིང་དུ་མང་གཙོ་དང་དམར་ཕྱོགས་ཀྱི་བཟང་ངན་འགྲན་བསྡུར་ཡོད་ཅིང་། སུ་བཟང་མ་ཤེས་བའི་སྐབས་ཤིག་ཡིན་པ་མ་ཟད། རྒྱ་ནག་ཏུ་དམར་པོའི་ལྟ་བའི་རླབས་རྒྱུན་འཁྱིལ་བས་ཁོ་ལ་ཤུགས་རྐྱེན་ཐེབས་པས་རེད་སྙམ།
ཁོ་ནི་རྒྱ་ནག་ལ་ཁ་ཞེ་གཉིས་མེད་ཀྱིས་དགའ་མཁན་དང་། ལྷ་ས་མ་ཤོར་བའི་སྔོན་ནས་རྒྱ་ནག་ནི་རང་རྒྱལ་གྱི་ལྟ་བུ་འདུ་ཤེས་འཛིན་མཁན་ཞིག་ཡིན་པས། རྒྱ་དམག་ལ་ཞུགས་ནས་ཉི་ཧོང་དང་འཐབ་འཛིང་བྱེད་འདོད་ཡོད་མཁན་ཞིག་རེད། ཁོང་རྒྱ་ནག་ལ་དེ་ལྟར་དགའ་བའི་རྒྱུ་མཚན་གསལ་བོ་མི་ཤེས། གཅིག་བྱས་ན་འབའ་བ་སྐབས་དེ་དུས་ནས་རྒྱ་ཁོངས་སུ་གྱུར་བས་ཡིན་པའམ། ཡང་ན་རྒྱ་ནག་ཏུ་བསྡད་པས་རྒྱ་ཞེན་སྐྱེས་བས་ཡིན་སྲིད། ༼ཁོང་རྒྱ་ནག་ལ་དེ་ལྟར་དགའ་དགོས་བའི་རྒྱུ་མཚན་དཔྱད་གཞིའི་གནས་ཤིག་རེད༽གང་ལྟར་རྒྱ་ནག་ལ་འཇར་པན་ལས་རྒྱལ་ཁ་ཐོབ་ན་བོད་པ་གནོད་པ་མི་ཤེས་མཁན་ཞིག་རེད། ཡིན་ཡང་། སྐབས་དེར་བོད་ཀྱི་སྐུ་དྲག་མང་པོས་གནས་སྟངས་དེ་གསལ་བོ་རྟོགས་འདུག
༄།་རེད་ཡ་། བདེན་པ་ཉིད་རྒྱལ་ལོ། གོས་ས་མཆོག་ཡང་གུང་ཁྲན་ཏང་ལ་ཞུགས་བསམ་པ་ཡོད་པ་དེ་ཧ་སང་ཧོན་ཐོར་སོང། གོང་ས་་མཆོག་ནས་ཞལ་ནས་དེ་ལྟར་གསུང་པ་གོ་མྱོང་ཡོད། གང་ལྟར་སྐབས་དེར་མགོ་ལ་བཞུགས་མཁན་དང་ ། བཞུགས་ལ་སྡད་མཁན་མང་དག་ཅིག་མགོ་སྐོར་འོག་ལ་ཚུད་ནས་ད་ལྟ་འདི་བྱུང་བ་རེད།
དཔྱད་རྩོམ་འདི་ལྟར་བྲིས་ན་རིན་ཐང་ཧ་ཅང་ཆེ། བོད་ཀྱི་དྲ་བའི་རིག་གནས་ཁ་འཐབ་ཀྱི་རིམ་པ་ནས་དཔྱད་ཞིབ་ཀྱི་རིམ་པར་འཕོ་བསྐྱོད་བྱེད་ཀྱིན་པའི་རྟགས་མཚན་ཡང་ཡིན་པས། བསམ་ཚུལ་མཐུན་མིན་ལ་མ་ལྟོས་པར་ཚང་མ་དགའ་དགོས་པ་དང་རྒྱུན་སྐྱོང་བྱེད་དགོས་པར་གོར་མ་ཆག
ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་གི
བོད་སྐད་སྡེ་ཚན། | གསར་འགྱུར།
ཤེས་འཇོན་ལྷག་བསམ་ལྡན་པའི་བོད་མི་རིགས་ཀྱི་དཔའ་བོ།
2014-04-02 གློག་འཕྲིན། མཆན། འགྲེམ་སྤེལ། པར་བཀོད།
པར་བཀོད། འགྲེམ་སྤེལ། མཆན། གློག་འཕྲིན། རྩོམ་པ་པོ་ཕུན་ཚོགས་དབང་རྒྱལ་དང་༧གོང་ས་མཆོག
རྩོམ་པ་པོ་ཕུན་ཚོགས་དབང་རྒྱལ་དང་༧གོང་ས་མཆོག
པར། བོད་མི་གསར་བརྗེ་བ་ཞེས་བའི་དེབ་ལས།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་འབའ་བ་ཕུན་ཚོཊ་དབང་རྒྱལ་ལཊ་མི་རིགས་ཀྱི་དཔའ་བོར་ངོས་འཛིན་གྱི་འཚམས་འཕྲིན་གནང་འདུག
དེ་ཡང་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་དགུང་གྲངས་༩༢ཐོག་རྒྱ་ནག་པེ་ཅིན་འཕྲོད་བསྟེན་སྨན་ཁང་དུ་སྐུ་གཤེགས་ཡོད་པ་དང་། དེའི་ཐད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དམ་པ་ཁོང་བོད་མི་རིགས་ཀྱི་དཔའ་བོར་ངོས་འཛིན་གྱི་ཐུགས་གསོའི་འཚམས་འཕྲིན་ཞུས་གནང་ཡོད་པ་རེད། སྤྱི་འཐུས་ལྷན་ཚོགས་ཀྱི་འཚམས་འཕྲིན་ནང་། སྐུ་གཤེགས་དམ་པ་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་ཀྱིས་བོད་མི་རིགས་ཀྱི་འདུ་ཤེས་རྩ་ཆེར་བཟུང་ནས་གུང་ཁྲན་རིང་ལུགས་པ་ཚད་ལྡན་ཞིག་གནང་བར་བརྟེན་རྒྱ་ནག་གཞུང་གིས་ཁོང་ལ་ས་གནས་མི་རིགས་རིང་ལུགས་པ་དང་། གསར་བརྗེར་ངོ་ལོག་པའི་ཉེས་མིང་གཡོགས་ཏེ་ལོ་ངོ་༡༨རིང་བཙོན་ཁང་ནང་དཀའ་སྡུག་ཚད་མེད་མྱང་དགོས་བྱུང་ཡོད་པ་དང་། ཕྱི་ལོ་༡༩༧༨ལོར་བཙོན་གྲོལ་ཐོབ་ནས་ཡུན་རིང་མ་སོང་བར་བོད་དུ་༧གོང་ས་མཆོག་གི་སྐུ་ཚབ་ཕེབས་མཁན་རིམ་པར་མཇལ་འཕྲད་གནང་ཡོད་པ་དང་། དམ་པ་ཁོང་བགྲེས་ཡོལ་དུ་ཕེབས་པའི་རྗེས་སུའང་རྒྱ་ནག་གི་དཔོན་རིགས་ཁག་ལ་༧གོང་ས་མཆོག་དངལྷན་དུ་དོན་ཕན་སོན་པའི་བོད་རྒྱ་འབྲེལ་མོལ་གནང་དགོས་སྐོར་ཞུ་སྐུལ་རིམ་པ་ཕུལ་ཡོད་པ་དང་། ད་དུང་ཁོང་གིས་བརྩམས་པའི་གསུང་རྩོམ་ནང་གྲངས་ཉུང་མི་རིགས་དང་། བོད་མི་རིགས་ཀྱི་གནད་དོན་ཁག་འབུར་འདོན་གནང་ཡོད་པ་སོགས་མདོར་ན་དམ་པ་ཁོང་ནི་ཤེས་འཇོན་ལྷག་བསམ་ལྡན་པའི་བོད་མི་རིགས་ཀྱི་དཔའ་བོ་ཞིག་ཡིན་པར་ངོས་འཛིན་དང་། ཁོང་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ལ་བློ་ཕམ་དང་བཅས་ཁོང་གི་རྗེས་ཤུལ་ནང་མི་ལྟོས་བཅས་ལ་མྱ་ངན་ཐུགས་གསོ་ཞུ་རྒྱུ་ཞེས་བཀོད་གནང་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།
གོ་རྒྱུ་ཆེན་པོ་འདུག
གུང་བྲན་ཏང་ཚད་ལྡན་ཅིག་དང་། ཆོས་ཀྱང་བྱེད་ཆོག་པའི་གུང་བྲན་ཏང་ཅིག་ཡོད་ན་ང་ཡང་ཆབ་སྲིད་དེའི་ལམ་ལུགས་ལ་རྒྱབ་སྐྱོར་དང་། དེའི་ནང་ལ་བཞུགས་སྲིད་པ་རེད། ཧཧཧཧཧཧ།
དཔལ་ལྡན་གྱིས་དཔྱད་པ་ཡག་པོ་འདུག་རུང་། འདི་ལ་གཅིག་དཔྱད་དགོས་པ་འདུག དཔེར་ན་ཉིད་ཀྱིས། “ཕུན་དབང་གིས་ང་ཕོད་ཙམ་མ་ཟད་གང་ཐུབ་ཀྱིས་བོད་ཀྱི་གནད་ཡོད་མི་སྣ་མང་པོ་དང་།”
ཞེས་པར། ཕུན་དབང་གི་ལོ་རྒྱུས་བཀླགས་པས་ན། ངག་ཕོད་ལྐོག་ཏུ་གུང་ཁྲན་དང་འབྲེལ་བ་བགྱིས་པ་གོང་ས་མཆོག་དང་ཕུན་དབང་སོགས་ཀྱིས་མ་ཤེས་པར། རྗེས་པ་ཕུན་དབང་གིས་ང་ཕོད་ཏང་ལ་ཞུགས་རྗེས་གཞི་ནས་ཤེས་པ་དང་། ཕུན་དབང་དེ་ལ་ཧོན་ཐོར་ནས། རྒྱལ་བ་རིན་པོ་ཆེར་རྙིང་རྗེ་འཁྲུངས་པའི་སྐོར་ཞིག་ཕུན་དབང་གི་ལོ་རྒྱུས་ནང་ལ་འདུག དེར་སེམས་ན། ཕུན་དབང་གིས་ངག་ཕོད་ལ་དམར་ཤོག་གི་ཤུགས་རྐྱེན་ལྟ་ཅི། རྒྱ་མཆོག་ནས་ཕུན་དབང་གིས་མ་ཤེས་པར་ང་ཕོད་ཉོས་ཚར་འདུག
རྗེས་པ་བོད་པ་པཎ་ཆེན་རིན་པོ་ཆེ་ནས་མགོ་བཙུགས་པའི་རྩམ་གཟན་མང་ཆེ་བར་སྡུག་སྦྱོང་སྤྲོད་སྐབས། ང་ཕོད་གཅིག་པུ་པེ་ཅིང་ལ་སྲུང་སྐྱོབ་བྱས་ནས་བཞག་འདུག་པ་དེར་བསམ་ཚེ། གུང་ཁྲན་གྱི་ཡིད་ཆེས་ངོ་མ་འདི་ཕུན་དབང་ལ་མིན་པར་ང་ཕོད་ལ་འདུག
འོནད་ཀྱང་ད་ལྟ་ང་ནི། གུང་བྲན་སྤྱི་རིང་ལུགས་ལ་་མི་འདོད་ཅིང་། མང་གཙོ་མ་རྩ་རིང་ལུགས་དགའ་མོས་བྱེད་བཞིན་ཡོད་པས། བྱང་ཀོ་རི་་ཡང་དང་རྒྱ་ནག་གང་མགྱོགས་ཀྱང་ཛམ་གླིང་གི་་མ་ཆེན་འདིར་བཞུགས་ན་རང་གཞན་གཉིས་ཕན་འོངས་སྲིད་པ་རེད་སྙམ་ལགས།
དྲང་པོར་བལྟས་ན་གོ་མིན་ཏང་དང་སྡེ་པ་གཞུང་གཉིས་ཀས་ཕྱིར་འབུད་བཏང་། ཨུ་རུ་སུ་དང་རྒྱ་གར་དམར་ཤོག་པས་བདག་པོ་མ་བརྒྱབ། ད་རྒྱ་དམར་གུང་ཁྲན་ཏང་ལ་མ་ཞུགས་རང་ཞུགས་ཆགས་པ་ཡིན་ནམ།
ཕུན་དབང་གིས་བོད་རང་བཙན་ནམ་ཡང་བཤད་མྱོང་མེད། ཁོས་བཤད་པ་ནི་དགྱ་འོག་གི་རང་སྲིད་རང་སྐྱོང་དེ་ཡིན། གྲོས་མཐུན་དོན་མཐུན་བཅུ་བདུན་ཟེར་བ་ལམ་ལྷོངས་ཡོང་ཆེད་དུ་ཕུན་དབང་གིས་ཕྱི་གསལ་ནང་གསལ་གྱིས་འབུར་དུ་ཐོན་པའི་བྱས་རྗེས་བཞག་ཡོད།
༡༩༥༩ ལོར་ཕུན་དབང་བཙོན་འཇུག་བྱས་མེད། ཁོང་བཙོན་འཇུག་བྱེད་དུས་ནི་༡༩༦༡ ལོའི་ལོ་སྨད་ཙམ་ནང་འཁེལ་ཡོད། “དགྱ་དོགས་པས་ཕུང་”ཟེར་བ་ལྟར་ཁོང་ལ་དོགས་པ་དང་ལྷན་དུ་བཙོན་འཇུག་བྱས་པ་བདེན་ཡང་། བོད་དུ་ཆེད་དུ་རྐྱེན་བྱས་ནས་བཙོན་འཇུག་བྱས་པ་ཞིག་གཏན་ནས་མིན། དུས་སྐབས་དེར་ཕུན་དབང་ཙམ་མ་ཟད། དགྱ་རིགས་མཐོ་རིམ་མི་སྣ་འགའ་ཞིག་ཀྱང་དོགས་པ་དང་ལྷན་དུ་བཙོན་འཇུག་བྱས་ཡོད།
ཕུན་དབང་བོད་གཞུང་ལ་བློ་དཀར་བར་བརྗོད་པ་དེ་ཡང་རྫུན་ཡིན། ཁོང་གིས་ཐ་ན་རང་ལ་བློ་དཀར་ཕན་འདོགས་བྱས་པའི་བོད་གཞུང་གི་མཐོ་རིམ་མི་སྣ་ཟུར་ཁང་དང་གཡུ་ཐོག་ལྟ་བུ་ལ་ཡང་རང་གི་གནས་ཚུལ་དྲང་པོར་བརྗོད་མེད། ལྷག་པར་དུ་གཡུ་ཐོག་ལྟ་བུ་ནི་ཁོང་ལ་བཀའ་དྲིན་ཆེན་པོ་རེད། དེ་ལྟར་ཡང་ཕུན་དབང་གིས་རང་ཉིད་དམར་ཤོག་པ་ཞིག་ཡིན་ཚུལ་དེ་སྦས་སྐུང་བྱས་ཡོད། མཐའ་མར་ཕུན་དབང་ལྷ་ས་ནས་ཕྱིར་འབུད་བྱས་རྐྱེན་ཆེ་ཤོས་དེ་འདི་ལ་ཐུག་ཡོད།
གཞི་རྩའི་ཕུན་དབང་བོད་མི་གསར་བརྗེ་བ་ཞིིག་རེད། འོན་ཀྱང་ཁོས་གསར་བརྗེ་ནང་ནས་མ་བྱས་པར་ཕྱི་ནས་བཙན་རྒྱལ་རིང་ལུགས་ཀྱི་གསར་བརྗེ་ནང་འདྲེན་བྱས་པ་དེས་བོད་དང་མི་རིགས་ཀྱི་ཆག་སྒོ་སྣ་འདྲེན་བྱེད་མཁན་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད། བྱས་ཙང་ཕུན་དབང་ལ་མི་རིགས་ཀྱི་ལྟ་བ་དང་ལ་རྒྱ། ལྷག་བསམ་དང་སྙིང་སྟོབས་སོགས་ལྡན་རབས་ལ་དཔྱད་པ་ཡང་དག་ཞིག་བྱེད་དགོས་པའི་གནད་དོན་ཞིག་རེད། མ་གཞི་ཕུན་དབང་འདས་པོ་དམར་ཤོག་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་ལ་སློབ་སྦྱོང་བྱས་པ་རེད་ལ་ཡིད་ཆེས་བློས་འགེལ་ཡོད་མཁན་ཞིག་རེད། བྱས་ཙང་སྐབས་དེ་དུས་ཀྱི་དམར་པོའི་ལྟ་གྲུབ་འོག་སྤྱི་ཚོགས་རིང་ལུགས་ལ་བསྟོད་གླུ་བགྱེར་མཁན་དང་ལག་བསྟར་རང་བཞིན་ལྡན་པ་བྱེད་མཁན་གུང་ཁྲན་ཏང་རྩེ་གྲས་སུ་སླེབས་བསྡད་པས་ཏང་ལ་ཡིད་སྨོན་ཤོར་བ་ཡིན་སྲིད་ལ། དེས་རྐྱེན་པས་བློ་གཅིག་སེམས་གཅིག་གིས་ཏང་ལ་ཞབས་འདེབས་དང་དབུ་འོག་དཔུང་འདེགས་ཞུས་པ་རེད།
སྤྱིར་ན་མར་ཁེ་སི་དང་ལེན་ཉིན་གྱིས་དམར་པོའི་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་འདི་སྲོལ་གཏོད་དུས་ས་སྟེང་གི་མི་འབོར་གསུམ་ཆ་གཅིག་གིས་བསྟོད་གླུ་བགྱེར་བ་རེད། འོན་ཀྱང་ཐ་མ་དབང་ཆ་ཁོ་ཚོའི་ལག་ཏུ་ཤོར་དུས་མཇུག་འབྲས་ཚང་མར་གསལ་གསལ་དག་དག་རེད། གཞི་རྩའི་སྤྱི་ཚོག་རིང་ལུགས་ཀྱི་ལྟ་གྲུབ་དེ་ཧ་ཅང་ཧ་ཅང་གི་འདྲ་ཆགས་པོ་མི་སེམས་འགུལ་བ་འདྲ་ཞིག་ཡོད་ཀྱང་ལག་བསྟར་གྱི་སྟེང་དུ་སླེབས་དུས་དབང་ཤུགས་དང་དྲག་སྤྱོད། གཅིག་བསྡུས་རིང་ལུགས་རང་བཞིན་གྱིས་ཆགས་ཡོང་གི་ཡོད་པ་དངོས་ཡོད་རེད། རྒྱུ་མཚན་སྤྱི་ཚོགས་རིང་ལུགས་འོག་མི་ཐམས་ཅད་མཐོ་དམན་དང་དབུས་ཕྱུག་གི་དབྱེ་བ་མེད་པའི་ལམ་ལུགས་ལག་བསྟར་རང་བཞིན་ལྡན་པ་བྱས་ན་ཡར་རྒྱས་ཟེར་བ་སྣེ་གཅིག་ཀྱང་ཡོད་པ་མ་རེད། ཡར་རྒྱས་ཡོང་བར་འགྲན་རྩོད་ཀྱི་ཁྲོམ་རའི་འཁོར་ཡུག་དགོས་པ་རེད། འདི་ནི་ཡར་རྒྱས་ཕྱིན་ཟིན་པའི་མ་རྩ་རིང་ལུགས་ཀྱི་རྒྱལ་ཁབ་ཁག་གིས་གསལ་བསྟོན་བྱས་པ་རེད། དེས་ན་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག་མཐོ་དམན་དང་དབུས་ཕྱུག་བར་གྲས་རིམ་འཐབ་རྩོད་ཀྱི་འགལ་ཟླ་རྣོ་ངར་རང་བཞིན་ལྡན་པ་བཟོས་ཡོད་པ་རེད།
ང་ཕོད་དང་རྒྱ་ནག་དང་འབྲེལ་བ་ཆགས་རྐྱེན་དེ་ཆམ་མདོ་ཡི་དམག་འཁྲུག་ལས་ཕམ་ཁ་མྱོང་ཞིང་རྒྱ་དམག་གིས་ཁོང་འཛིན་བཟུང་བྱས་བ་ནས་བཟུང་འབྲེལ་བ་གཙོ་བོ་བྱུང་ཡོད། སྐབས་དེར་ང་ཕོད་ལ་སློབ་གསོ་བརྒྱབས་ཤིང་མགོ་འདོགས་བྱེད་པ་ལ་སྐུལ་འདེད་བཏང་མཁན་གྱི་གཙོ་བོ་ནི་ཕུན་དབང་ཡིན་པས། ང་ཕོད་ཡི་བློ་ཁ་རྒྱ་ནག་གུང་ཁྲན་ལ་ཕྱོགས་པར་གནད་འགག་ཆེ་བའི་དུས་ཡུན་ནང་ཕུན་དབང་གིས་ནུས་ཤུགས་སྟོན་པས་ང་ཕོའི་བློ་ཁ་སྒྱུར་བ་ཕུན་དབང་དང་འབྲེལ་གཏན་ཟབ་ཡོད། དེ་ནི་ཕུན་དབང་གི་རང་གི་བྱས་རྗེས་བརློམས་ནས་གསུངས་འདུག
གལ་སྲིད་ཕུན་དབང་གིས་ང་ཕོད་ལ་རིན་ཐང་མ་སྤྲད་ཡིན་ན་རྒྱ་དཔོན་ཚོས་ང་ཕོད་ལ་བོད་གཞུང་གི་ནང་དུ་གནད་དགག་ཆེ་བའི་ཤུགས་རྐྱེན་ཡོད་པ་མ་རྟོགས་པས། དམག་ཕམ་རྗེས་ཆེ་མཐོང་མ་སྤྲད་པ་དགྲ་བོར་བརྩིས་ནས་བཙོན་དུ་བཅུག་ཅིང་། དཀའ་ངལ་མྱོང་ཡོད། ཡིན་ཡང་། ཕུན་དབང་གིས་ང་ཕོད་ལ་གཞིས་ཁྱིམ་སྤྲད་ཅིང་ཆེ་མཐོང་གནང་ཞིང་སེམས་ཁ་སྒྱུར་བ་ཕུན་གིས་གསུངས་འདུག བློ་ཁ་སྒྱུར་སྐབས་ཁོའི་སྐད་ཆ་ཅིག་ཞིག་བཤད་པ་ཁ་གསལ་མེད་ཀྱང་སློབ་གསོའི་རྩ་བའི་བརྗོད་གཞི་དག་ཚོད་དཔགས་ཐུབ་པ་ཞིག་རེད།
༡༽ ཕུན་དབང་གིས་དུས་རྒྱུན་གསུངས་བ་བཞིན་གུང་ཁྲན་གྱི་ལྟ་བ་ཡག་རབས་དང་དེས་བོད་ལ་བདེ་སྐྱིད་སྤྲད་པའི་ནུས་བ་ཡོད་ཚུལ་སོགས་རེད།
༢༽ ད་ལྟ་ཁྱེད་ཀྱི་དམག་ཕམ་ཟིན་པས་སླར་ལོག་ཀྱང་བོད་གཞུང་གི་ཁྲོད་དུ་སྔ་བཞིན་རིན་ཐང་མེད་ཚུལ་དང་། དེས་རྐྱེན་གྱིས་ང་ཕོད་ལ་མི་དགའ་མཁན་ཚོས་གོ་སྐབས་དམ་འཛིན་གྱིས་ཉེས་ཆད་གཅད་སྲིད་སྐོར། དེ་ལས་རྒྱ་ནག་དང་མཉམ་འབྲེལ་གྱི་བོད་ལྗོངས་བཅོས་སྒྱུར་བྱེད་པར་ཞབས་ཞུ་ཞུས་ན། བོད་ཀྱི་སྤྱི་ཚོགས་ཁྲོད་ད་ཐེངས་ཀྱི་དམག་ཕམ་ཁ་ཁ་གསབ་དང་རང་ནུས་སླར་གསོ་བྱེད་ཐུབ་ཅིང་། མ་འོངས་བའི་མདུན་ལམ་ཡང་དེ་བཞིན་འོད་སྣང་ལྡན་པ་ཞིག་ཡིན་ཚུལ་སོགས།
༣༽ བོད་ཀྱི་སྐུ་དབང་ལམ་ལུགས་ཕམ་རྒྱུ་ཡིན་ཚུལ་དང་རྒྱ་ནག་ལ་ཁ་གཏད་བཅགས་ན་བོད་དང་ཕོད་སྒེར་གཉིས་ཀ་ལ་མི་ཕན་ཞིང་། དེས་རྐྱེན་བྱས་ནས་ང་ཕོད་ལ་དཀའ་ངལ་འཕྲད་པ་གཏན་འཁེལ་ཡིན་པས་ད་ནི་མགོ་འདོགས་བྱེད་པའི་དུས་ཚོད་ཡག་ཤོས་ཤིག་ཡིན་སྐོར་དང་། དེ་ལས་ལྷག་གི་གདམས་ཁ་ཡག་པོ་ཞིག་མེད་ཚུལ་སོགས་རེད།
༤༽རྒྱ་ནག་གིས་དུས་རྒྱུན་བཤད་པ་བཞིན་རྒྱ་དམག་བོད་ལ་རོགས་སྐྱོར་བྱེད་དུ་འོང་བ་ལས་བ་བཙན་འཛུལ་བྱས་བ་ཡོང་བ་མིན་ཞིང་། ཕུན་དབང་རང་ཉིད་ཀྱིས་ཀྱང་དེ་དོན་དངོས་མཐོང་གིས་རྒྱ་དམག་དང་མཉམ་ལས་བྱས་ཚུལ་སོགས་ཀྱི་སློབ་གསོ་དངོས་སུ་ཞི་བ་དང་ཤུགས་སུ་དྲག་ཤུགས་ངོམས་ཏེ་བཏང་བ་སེམས། ཡིན་ཡང་། ཞིབ་ཕྲ་ད་དུང་ཡང་དཔྱད་གཞིའི་གནས་རེད།
གལ་སྲིད་ཕུན་དབང་གི་ང་ཕོད་བཙོན་ནས་མ་སྐྱོབ་ན་རྒྱ་དམག་གིས་ང་ཕོད་ལ་ཚ་འདྲི་དང་སྡུག་གྱོང་བཏང་ཞིང་། བཏང་བ་ཡིན་ན་ང་ཕོད་རྒྱ་ནག་ལ་སྒེར་གྱི་ཞེད་འཁོན་བྱུང་བ་མ་ཟད། རྒྱ་དམག་གིས་ཀྱང་ཁོང་ནི་རྩ་ཆེན་གྱི་མི་ཞིག་ཡིན་པ་མ་ཤེས་བས་དེ་ལྟར་རིན་ཐང་ངེས་ཅན་མི་སྤྲད་པས་འབྲེལ་བ་ཡག་པོ་བྱུང་བར་དཀའ་ངལ་ཡོད། དེ་ལྟར་ཆགས་ན་གནས་ཚུལ་གཞན་ཞིག་འབྱུང་སྲིད།
ང་ཕོའི་དམག་ཤོར་ཞིང་ཕུན་དབང་རྒྱུད་རྒྱ་ནག་དང་འབྲེལ་བ་བྱུང་རྗེས་ང་ཕོད་ནི་མི་ཞིག་ཡིན་ཞིང་། ལྷག་པར་དུ་སྐུ་དྲག་གི་སྟེགས་བུའི་སྟེང་བོད་གཞུང་ནང་དུ་ལོ་མང་གོ་གནས་དང་ཁེ་ཕན་འགྲན་རྩོད་ཁྲོད་སྦྱང་བ་ཐོབ་ཅིང་། སྤྲེལ་ལད་དང་རང་ཁེ་གཉེར་བར་ཧ་ཅང་གི་བྱང་ཆ་ལྡན་པ་མ་ཟད། དེ་ལྟར་སྒྲུབ་པར་འཇོན་ཐང་ཅན་ཞིག་ཀྱང་རེད། དེ་བརྟེན། ཁོང་གིས་རྒྱ་ནག་དང་མཉམ་འབྲེལ་བྱས་ཚར་ཕྱིན་ཟམ་པ་ལྟ་བུ་ཕུན་དབང་སྔ་ལྟར་དགོས་མཁོ་མེད་ཅིང་། ཁོས་སྒྲུབ་པ་ཐམས་ཅད་དེ་བས་ཕུན་དབང་ལ་ལབ་ཀྱི་མ་རེད། རྒྱུ་མཚན་ནི། ཕུན་དབང་དང་ཁོ་གཉིས་ནི་མི་གཞི་དང་ལྟ་བ། ལངས་ཕྱོགས་དང་མི་ཚེའི་རྒྱུད་རིམ་སོགས་ཐ་དད་ཡིན་པ་མ་ཟད། རྒྱ་ནག་ལའང་ལག་ཆ་གཞན་ཞིག་རེག་པས་གཅེས་འཛིན་བྱེད་ངེས་རེད།
ད་དུང་དམ་པ་ཁོང་གི་ཕྱི་ནང་གསང་གསུམ་གསལ་བོ་ཞིག་མཐོང་མི་འདུག མུ་མཐུད་དུ་བགྲོ་གླེང་གནང་རོགས།
ཞེན་ཆ་དེ་ཙམ་གྱིས་མི་ཚད། ལྷག་པར་ལོ་རྒྱུས་བཤད་དུས་ནོར་འཁྲུལ་མང་པོ་བྱས་ཡོད། དཔེར་མཚོན་ན། རྒྱ་དམག་གི་བོད་ལ་དྲག་པོའི་བཙན་འཛུལ་ཞི་བའི་བཅིངས་དཀྲོལ་དུ་བཤད་པ་དང་། བོད་རྒྱ་ནག་གི་ཆ་ཤས་སུ་འདོད་པ། བོད་ཟེར་བ་རང་སྐྱོང་ལྗོངས་ཟེར་བ་ཙམ་ལ་ཁས་ལེན་པ།
ཨོ་ད་ཡིན་ན།ང་ཕོད་དེ་ཡང་ལྐུག་པ་ཞིག་ཡིན་ས་རེད་པ།བླུན་པོ་ལྐུག་རྟག་ཅན་ཞིག་གི་ཁ་ཉན་ནས།
ཞན་ཆ་དང་ཉེས་བ་ནོར་འཁྲུལ་ཚང་མ་གཅི་པ་ང་ཐོམ་སོང་།