གཡང་སྐྱབས་རྒྱལ་གྱིས།
ཁ་སང་དེ་རིང་གི་གསར་འགྱུར་ནང་ཨོ་ལིམ་པིག་དང་མཉམ་པའམ་ཡང་ན་ཆེ་བའི་གསར་འགྱུར་ཅིག་ཡོད་པ་ནི་ཇཱོར་ཇི་ཡ་རྒྱལ་ཁབ་ཏུ་ར་ཤི་ཡའི་དམག་དཔུང་སླེབས་པ་དེ་རེད། ཨ་ཁ། ངས་བརྙན་འཕྲིན་ནང་ཇཱོར་ཇི་ཡའི་སྲིད་འཛིན་གྱིས་ཛ་དྲག་གི་གནས་སྟངས་འདིའི་སྐོར་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ་བྱེད་བཞིན་འདུག ང་མིག་བཙུམས་པ་ཡིན་ན། ཁོའི་རེ་སྐུལ་དེ་ཚོ་ནི་བོད་མིའི་དབུ་འཁྲིད་ཅིག་གི་ཁ་ནས་ཡོང་བ་དང་གཅིག་པ་གཅིག་རྐྱང་རེད་འདུག འབུ་ཆེས་འབུ་ཆུང་ཟ་བའི་གཏམ་རྒྱུད་འདི་ནི་ང་ཚོ་ལ་གསར་པ་ཞིག་ག་ལ་ཡིན། ༡༩༥༨ ལོར་ང་ཚོ་ཨ་ཆད་ཨུ་ཐུག་གི་སྐབས་དེར་ང་ཚོས་ཀྱང་འདི་འདྲའི་སྡུག་སྐད་བཏོན་ཡོད་པ་རེད། “ང་ཚོ་ནི་ལུང་པ་ཆུང་ཆུང་ཞིག་ཡིན། རཱ་ཤི་ཡ་ནི་དམག་སྟོབས་ཆེན་པོ་ངོམ་གི་འདུག ང་ཚོའི་དམག་གི་སྟོབས་ཤུགས་ཀྱིས་འདང་གི་མི་འདུག ང་ཚོའི་མི་མང་གིས་སྡུག་བསྔལ་མྱངས་གི་འདུག” སྐད་ཆ་འདི་ཚོ་གསར་པ་ཞིག་ཨེ་རེད།
ཇཱོར་ཇི་ཡ་རྒྱལ་ཁབ་འདི་ལ་ནི་མི་འབོར་ས་ཡ་ ༤.༤ ཙམ་ཡོད་པ་དང་། ༡༩༢༢ ལོར་ཨུ་རུ་སུ་མཉམ་འབྲེལ་གྱི་ཁོངས་སུ་བཙུད། ༡༩༩༡ ལོར་སླར་ཡང་རང་བཙན་ཐོབ་ཡོད་པ་རེད། ཉེ་ཆར་རཱ་ཤི་ཡའི་དམག་དང་འཛིང་རེས་ཀྱིས་ད་ཆ་བཙན་འཛུལ་བའི་དམག་རྣམས་རང་གི་རྒྱལ་ས་ལ་ཉེ་བཞིན་ཡོད་ཟེར། འཛམ་གླིང་གིས་ཁ་གདངས་ཤིང་མིག་གཅེར་ཏེ་བལྟས། ཨ་རིའི་ཕྱི་སྲིད་དྲུང་ཆེ་དེ་རིང་དེར་སོང་ནས་དམག་མཚམས་འཇོག་པའི་གྲོས་མཐུན་ཞིག་ལ་ས་རྟགས་བརྒྱབ་བཅུག་འདུག་མོད་གང་ཤེས། རྙོག་ཁྲ་འདི་འདྲ་ལ་སུན་པ་ལ།
ས་ཁྲའི་ནང་གི་སེར་རྟགས་ཅན་དེ་ཇཱོར་ཇི་ཡའི་རྒྱལ་ཁབ་ཡིན་པ་དང་། ཝི་ཀེ་པི་ཌཱི་ཡ་ནས་བཤུས་པ་ཡིན།
ང་ནི་ཨ་རིའི་མིང་རྟགས་སྟོང་བ་དེ་དག་ལ་སུན་སྣང་སྐྱེས་ནས་བསྡད་ནས་བསྡད་ཡོད། འུ་ཚང་གི་ཆེད་དུ་དམིགས་པའི་མིང་རྟགས་བཀོད་པའི་ཤོག་ལྷེ་དེ་དག་ཕྱོགས་གཅིག་ཏུ་སྤུངས་ན་ད་ལྟ་རི་ཆུང་ཙམ་ཞིག་ཡོད་ངེས་ཡིན།
ལྷག་པར་ཡང་ད་ནི་ཨ་རིའི་དཔལ་འབྱོར་ཉམས་རྒུད་དང་ཨི་རག་དམག་འཁྲུགས་ཀྱི་གླེང་གཞི་སོགས་ཀྱི་རྐྱེན་ལས་་ནུས་པ་ཐོན་རྒྱུ་མ་རེད། རྒྱ་གར་ལྟས་ངན་འདི་ཚང་གིས་ཀྱང་ཁ་སང་དེ་རིང་ཡང་ཀ་ཤི་མིར་བ་དེ་ཚོ་གསོད་རྡུང་ཚད་མེད་བྱེད་ཀྱིན་འདུག སྙིང་རེ་རྗེ། གྷན་དེ་ཇི་ཟེར་བ་དངོས་གནས་འཚེ་མེད་ཞི་བའི་དེད་དཔོན་ཡིན་ན་དེ་རིང་བཞུགས་ཡོད་ན་ཇི་མ་རུང་།
གལ་སྲིད་གན་དི་ད་དུང་འཚོ་གནས་བྱེད་བཞིན་ཡོད་ན་རྒད་པོ་དེས་ཀྱང་རྒྱ་ནག་གི་གྲོང་ཁྱེར་ཆེན་པོ་ཞིག་ནས་འབྲས་དང་ལྡ་ལི་འཐུང་སའི་ཟ་ཁང་ཐེབས་ཆག་ཅིག་བཟུང་ནས་ཉི་མ་གང་འཁྱོལ་བྱས་ནས་བསྡད་ཡོད་ཀྱི་རེད། དེ་མིན་ན་རྒྱ་གར་བྱང་ཕྱོགས་ཀྱི་ལུང་སྟོང་ཞིག་ཏུ་ར་ལུག་འགའ་འཚོས་ནས་མི་ཚེ་སྐྱེལ་བཞིན་བསྡད་ཡོད་ངེས་ཅན་ཡིན། རྒྱ་གར་དཔོན་པོ་ཚོའི་ཁྲོད་དུ་བོད་ལ་རེ་བ་ཡོད་མཁན་ཞིག་ནམ་ཡང་མེད། བསམ་ཚུལ་འདི་འདྲ་ཁ་ནས་བཤད་ན་འགྲིག་ཀྱང་སེམས་ནང་རྒྱུན་རིང་མ་ཉར་རོགས།