ཁྲོ་གཏུམ།
ཉིན་གསུམ་གྱི་རྗེས་སུ་ད་དུང་སེམས་སུ་ཤར་བས་ཤར་མར་ཕབ།
ངྷ་སའི་དཔྱིད་འགོ་ཚོས་པའི་བར་ལོགས་དེར
མེ་ཏོག་གི་ཟེའུ་འབྲུ་ཁ་མ་ཕྱེ་བའི་སྔོན་དེར
སྡོང་ལོ་དང་རྩྭ་ལོས་ལྗང་མདོག་གོན་པར་བྲེལ་ཤ་ལངས་པའི་དུས་ཚིགས་དེར
བུ་ཆུང་ངའི་འཁྲིས་སུ་རྩེད་མོར་གཡེང་ཡོད
བུ་ཆུང་གིས་སྐད་ཆ་བཤད་མགོ་འཛུགས་པའི་སྐབས
སྐད་ཆ་ཆལ་མ་ཆོལ་གྱི་སྒྲ་གདངས་ཀྱིས་ཕ་མའི་རྣ་རྩ་བཀང་བའི་ལོ་ཟླ
དཔྱིད་འགོ་ཡིན་པས་སྦྲང་ནག་འགའ་ཡང་ཉན་བྱེད་ཀྱི་བུ་གར་གཙེས
བུ་ཆུང་གིས་གློ་བུར་དུ
“ཨ་ཕ་་་་་ ང་ལ་འབུ་ཡིས་རྡུང་གི་འདུག”
རྣ་ལ་སྙན་ཞིང་འཇེབ་པའི་གདངས་ཀྱི་འགྱུར་ཁུགས་དེའི་གསེབ་ནས་ཐོན་པའི་བརྗོད་བྱ་དེར
ལན་ཡང་རྒྱག་མ་ཤེས་པར་དགོད་དགོས་པའི་སྙན་ཞུ་ཞིག་གམ་ཞུ་གཏུགས་ཤིག
ཞིབ་འདང་བརྒྱབ་གྱིན་བརྒྱབ་གྱིན
གསར་འགྱུར་ལ་འབྲི་མི་ཤེས་པའི་གནས་ཚུལ་ཞིག
གནས་ལུགས་ལ་བསམ་བློ་བཏང་གིན་བཏང་གིན
ཁྲིམས་ལུགས་སུ་བཀོད་མེད་པའི་གྱོད་དོན་ཞིག
མང་གཙོ་ཡིན་ཡང་འབུ་ཡིས་རྡུང་བའི་རྙོག་གླེང་བྱུང་མྱོང་མེད་ལ
འགྲོ་བ་མིའི་ཐོབ་ཐང་ལའང་བཤད་མེད
མི་སྒེར་གྱི་ཐོབ་ཐང་གིས་རང་ཉིད་ལ་སུས་ཀྱང་རྡུང་རྡེག་བྱེད་མི་ཆོག་པ་བཤད་ཆོག་པའི་རང་དབང་ཡོད་མོད
འབུས་རྡུང་བ་ཞུ་གཏུགས་བྱེད་པའི་ཁ་མཆུ་ད་ལོ་བར་ལྷག་སོང
“ཨ་ཕ་་་་
འབུས་རྡུང་གི་འདུག
འབུས་རྡུང་གི་འདུག
འབུས་རྡུང་གི་འདུག”
སྐད་གདངས་གཉོམ་པོ་དེ་དང་ཉམས་འགྱུར་སྙིང་རྗེ་མོ་དེ
ད་དུང་གོང་མཛུབ་ཆུང་ཆུང་གིས་ཕྱོགས་སྟོན་བྱེད་པ
ངའི་མིག་གི་མདངས་སུ་ཤར་བ་དང་ངའི་རྣ་བའི་བུ་གར་ཐོན་པའི་བུ་ཆུང་གི་ཉམས་འགྱུར
ངྷ་ས་ནས་ཁྱིས་མི་ལ་སོ་རྒྱབ་པའི་གཏམ་རྒྱུད་མང་མོད
འབུས་མི་ལ་བརྡུང་བའི་གཏམ་རྒྱུད་ད་སྔ་བྱུང་མ་མྱོང་བ་འདྲ
༢༠༡༨ ཟླ་ ༠༤ ཚེས་ ༠༥ ཉིན་བྲིས།