བདེ་སྐྱིད།
ཨ་རིའི་ཀོ་ལམ་བི་ཡའི་སློབ་ཆེན་གྱི་འབུམ་རམས་པའི་སློབ་མ་ཚེ་དབང་རིག་འཛིན་ལགས་ཀྱིས་བོད་ཨིན་སྐད་ཡིག་གཉིས་ཀྱི་ཐོག་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་བསྡུ་ཆེ་མོ་དང་འབྲེལ་བའི་རྩོམ་ཡིག་དྲ་རྒྱ་ཁག་གི་ཐོག་སྤེལ་འདུག་པ་བཀླགས་པ་ཡིན། ཁོང་གིས་བྲིས་སྤེལ་གནང་བའི་བོད་ཡིག་རྩོམ་ཡིག་གི་ཁ་བྱང་ནི་ (ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་བསྡུ་དང་ང་ཚོའི་མ་འོངས་པ།) ཞེས་པ་དེ་ཡིན་པ་དང་། ཨིན་ཡིག་རྩོམ་ཡིག་གི་ཁ་བྱང་ནི་ (Sikyong election 2021 and our collective future) ཞེས་པ་དེ་རེད། དུས་གཅིག་ལ་བརྗོད་གཞི་གཅིག་གི་ཐོག་སྐད་ཡིག་མི་འདྲ་བ་གཉིས་ཀྱི་ཐོག་ལ་རྩོམ་ཡིག་སྤེལ་མཁན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལ་དཀོན་ནའང་། སྐུ་ཞབས་ཚེ་དབང་རིག་འཛིན་ལགས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལ་བེད་སྤྱོད་མང་ཤོས་བྱེད་པའི་སྐད་ཡིག་གཉིས་ལས་བོད་ཡིག་དང་ཨིན་ཡིག་གཉིས་ཀྱི་ཐོག་དུས་ཚོད་གཅིག་ལ་རྩོམ་ཡིག་ད་ལན་ཙམ་མིན་པར་དེ་སྔ་ཡང་སྤེལ་མྱོང་ཡོད། དཔེར་ན། ཁོང་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་དངོས་ལ་ཞབས་ཞིབ་དང་རྒྱུས་ལོན་བྱས་པའི་རྩོམ་དེབ་ (བཙན་བྱོལ་བོད་མིའི་དཀའ་ངལ་དང་རེ་བ། The Exile Tibetan Community: Problems and Prospects) ཞེས་པའི་བོད་ཨིན་དེབ་ཆུང་གཉིས་ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༣ ཉིན་རྒྱབ་ཆུ་ཚོད་ ༣།༢༠ ཐོག་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་བོད་ཀྱི་ཨིན་ཡིག་རྩོམ་པ་པོ་རྒན་གྲས་སྐུ་ཞབས་ཐུབ་བསྟན་བསམ་འཕེལ་ལགས་དང་། བོད་ཀྱི་དཔེ་མཛོད་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་གཉིས་དབུ་འབྱེད་འགྲེམས་སྤེལ་གནང་ཡོད།
དེང་སྐབས་ཨ་རིའི་འོས་བསྡུའི་ཆེ་མོའི་དྲིལ་བསྒྲགས་ལས་རིམ་འགྲོ་བཞིན་ཡོད་ལ། དེའི་ལད་ཟློས་མ་ཡིན་ནའང་། དུས་ཚོད་སྒྲིག་སྟངས་ཀྱི་ཆ་ནས་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེ་མོའི་ལས་རིམ་འགོ་འཛུགས་ཀྱིས་ལས་རིམ་འགྲོ་བཞིན་ཡོད། ཐུགས་སྣང་ཅན་མང་པོ་ཞིག་གིས་གཅིག་བྱས་ན་ཐུགས་སྣང་བྱུང་ཡོད་པ་ནི་ཨ་རིའི་བོད་སྐད་རླུང་འཕྲིན་ཁང་གི་ཐད་གཏོང་དུས་ཡུན་ཐུང་ངུ་ལས་མེད་པ་དང་། ད་དུང་བརྗོད་གཞི་གལ་ཆེན་ཁག་ལ་ཀུན་གླེང་བགྲོ་གླེང་ལས་རིམ་དུས་ཡུན་དེ་བས་ཐུང་ནའང་། ཨ་རིའི་འོས་བསྡུའི་ལས་རིམ་སྐོར་ལ་བགྲོ་གླེང་བྱས་པ་མ་ཟད། ད་དུང་བགྲོ་གླེང་གདན་ཞུའི་སྐུ་མགྲོན་དུ་སྐུ་ཞབས་ཚེ་དབང་རིག་འཛིན་ལགས་གདན་ཞུས་ཀྱིས་བགྲོ་གླེང་ཐེངས་གཅིག་ལས་མང་བ་བྱས་སོང་དྲན། ད་ལན་ཁོང་གིས་བཙན་བྱོལ་བོད་མིའི་སྲིད་སྐྱོང་འོས་བསྡུའི་སྐོར་ལ་རྩོམ་ཡིག་བྲིས་པ་དེར་དོ་སྣང་མི་བྱེད་ཀ་མེད་ཆགས་སོང་། ངས་ཁོང་ནི་འོས་བསྡུའི་ལས་རིམ་དང་། ཡང་ན་མང་གཙོའི་ལམ་ལུགས་སྐོར་ལ་ཆེད་ལས་ཉམས་ཞིབ་པ་དང་། ལས་དོན་གཉེར་མཁན་ཡིན་མིན་ཤེས་རྟོགས་མེད་ཀྱང་། ཁོང་བོད་ཀྱི་གནས་དོན་ཐོག་ལ་ཐུགས་སྣང་ཅན་གྱི་གཞོན་སྐྱེས་ཤེས་ཡོན་ཅན་ཞིག་ཡིན་པ་ཤེས་ཀྱི་ཡོད།
སྐུ་ཞབས་ཚེ་དབང་ལགས་ཀྱི་རྩོམ་ཡིག་ནང་ལ། ངའི་ ༢༠༢༡ ལོའི་སྲིད་སྐྱོང་འོས་མི་དེ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཡིན་ཞེས་གསལ་འདོན་བྱས་ཡོད་པ་མ་ཟད། སྐུ་ངོར་ཆ་རྐྱེན་བཞི་པོ་དེ་དག་འོས་མི་གཞན་ལས་ཇི་ལྟར་ལྷག་ཚུལ་ཁུངས་སྐྱེལ་བྱས་ཡོད། ཞེས་བྲིས་འདུག ཁོང་ཙམ་མིན་པར་བཙན་བྱོལ་བོད་མིའི་གནད་ཡོད་མི་སྣ་རེ་ཟུང་གིས་ཀྱང་སྒེར་གྱི་ངོ་དེབ་སོགས་བརྒྱུད་ལམ་ཁག་ནས་སྲིད་སྐྱོང་གི་འོས་ཤོག་བཀའ་ཟུར་འབྲོང་ཆུང་ལ་འབུལ་གྱི་ཡིན་ཟེར་པ་སོགས་བྲིས་སྤེལ་བྱས་པ་མཐོང་རྒྱུ་འདུག འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ནང་ལ་ཚོགས་པ་སྒྲིག་འཛུགས་ཁག་ནས་སྲིད་སྤྱིའི་འོས་མི་དྲིལ་བསྒྲགས་བྱེད་མི་ཆོག་པ་གསལ་པས་མི་སྒེར་ངོས་ནས་འོས་བསྡུའི་དྲིལ་བསྒྲགས་བྱ་སྟངས་ཤིག་མིན་ནམ་བསམ། ད་དུང་། དེ་སྔ་ཡིན་ན་གསང་བའི་འོས་ཤོག་ཟེར་ནས་གཞན་ལ་མི་བརྗོད་པའི་ལུགས་སྲོལ་ལས་འདས་ནས་ཨ་རི་ལྟ་བུ་སྔོན་ཚུད་ནས་མང་གཙོ་ཚོགས་པ་དང་། སྤྱི་མཐུན་ཚོགས་པའི་འོས་མི་སུ་ལ་འོས་འཕེན་རྒྱུ་ཡིན་པའི་གསལ་བསྒྲགས་བྱ་སྟངས་སོགས་ལས་ཤུགས་རྐྱེན་བྱུང་མེད་དམ། འོན་ཀྱང་། སྐུ་ཞབས་ཚེ་དབང་ལགས་ཀྱིས་སྤྱི་ཡོངས་ནས་བཙན་བྱོལ་བོད་མིའི་མང་གཙོའི་ལག་བསྟར་ཐད་ཡར་རྒྱས་ཆེན་པོ་བྱུང་ཡོད་པར་ངོས་འཛིན་བྱས་འདུག་ལ། ༢༠༡༦ ལོའི་འོས་བསྡུའི་ལས་རིམ་ལས་བསླབ་བྱ་ལེན་དགོས་པའི་དྲན་བསྐུལ་ཡང་བྱས་འདུག ངོ་མ་རེད། ལོ་རྒྱུས་ལ་སློབ་སྦྱོང་བྱེད་དགོས་པའི་རྒྱུ་མཚན་མང་པོ་ཡོད་པ་ལས་གཙོ་བོ་གཅིག་ནི་འདས་པའི་བྱུང་བ་ཁག་ལས་བསླབ་བྱ་བླངས་ནས་བླང་དོར་བྱ་ཤེས་པ་དགོས་པ་དེ་མིན་ནམ།
ཁོང་གི་རྩོམ་ཡིག་ནང་། སྲིད་སྐྱོང་གི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་ཐེངས་བཞི་པའི་(༢༠༡༦)སྐབས་་་ ཞེས་བྲིས་འདུག དེའི་ཐད་དོགས་འདྲི་བྱེད་མཁན་ཁ་ཤས་ཡོད་པ་མཐོང་གི་འདུག དེ་ཡང་ཁ་ཤས་ཀྱིས་ད་ལྟའི་ལས་ཐོག་སྲིད་སྐྱོང་བློ་བཟང་སེང་གི་ནི་བོད་ཀྱི་སྲིད་སྐྱོང་དང་པོ་ཡིན་པ་བརྗོད་པ་དང་། ད་དུང་མི་མང་ནས་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པ་དང་པོ་ཡིན་པ་བརྗོད་མཁན་འདུག ཡིན་ནའང་། ང་ཚོས་ཤེས་དགོས་པ་ནི་ ༢༠༠༡ ལོ་ནས་སློབ་དཔོན་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནི་མི་མང་ནས་ཚད་མཐོའི་འོས་ཤོག་ཕུལ་ཐོབ་བྱུང་པར་བརྟེན་སྐབས་གཉིས་རིང་བསྟུད་མར་དཔལ་ལྡན་བཀའ་བློན་ཁྲི་པའི་མཚན་གནས་བཞེས་ཡོད་ལ། སྐབས་དེ་གཉིས་རིང་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱེད་བགྲེས་ཡོལ་ཡིན་པའི་བཀའ་གསལ་ཕེབས་མྱོང་ཡོད། དེ་བས་ང་ཚོས་གསལ་པོ་ཤེས་ཐུབ་པ་ནི་ཚེ་དབང་རིག་འཛིན་ལགས་ཀྱིས་བྲིས་པ་ལྟར་ ༢༠༡༦ ལོ་ནི་བཀའ་ཁྲིའམ། རྗེས་སུ་སྲིད་སྐྱོང་ཞེས་གྲོས་ཚོགས་ནས་མཚན་བསྒྱུར་གནང་བའི་འོས་བསྡུ་སྐབས་བཞི་པ་དེ་ཡིན་པ་དང་། མི་མང་ནས་ཐད་ཀར་འོས་འདེམས་བྱས་པའི་བཀའ་ཁྲི་དང་པོ་ནི་དཔལ་ལྡན་བཀའ་བློན་ཁྲི་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་རེད།
ཚེ་དབང་རིག་འཛིན་ལགས་ཀྱི་རྩོམ་ཡིག་ནང་ལ་གང་བྲིས་པ་ཚང་མར་ཀློག་མཁན་ཚོས་རྒྱབ་སྐྱོར་དང་། མོས་མཐུན་བྱ་དགོས་པའི་ངེས་པ་མེད་ལ། དེ་བས་དགག་པ་དང་། ཟུར་ཟ་ཡང་ངེས་པར་དུ་བྱ་དགོས་པའི་ངེས་པ་མེད། ཡིན་ནའང་། བོད་པ་གཞོན་སྐྱེས་ཤིག་གིས་བྲིས་པའི་རྩོམ་ཡིག་ཆ་ཚང་ངེས་པར་དུ་ཀློག་དགོས་ལ། བསམ་ཚུལ་ཡང་འབྲི་ཐུབ་ཚེ་བོད་པ་གཞོན་སྐྱེས་རྩོམ་འབྲི་བ་སྐྱེ་སྲིང་བྱ་རྒྱུར་དོན་དམ་པའི་ལག་རྗེས་འཇོག་ཐུབ། དེང་སྐབས་དྲྭ་རྒྱའི་མཐུན་རྐྱེན་ཤུགས་ཆེ་རུ་སོང་པས་བོད་པ་གཞོན་སྐྱེས་མང་ཆེ་བས་དྲྭ་རྒྱའི་ཐོག་ལ་དུས་ཚོད་མང་པོ་གཏོང་གི་ཡོད་ནའང་། རྣམ་གཡེང་གི་རྒྱུ་ཆ་དོན་སྙིང་དེ་ཙམ་མེད་པའི་དགོད་བྲོའི་བརྙན་ཐུང་འགྲེམས་སྤེལ་བྱ་མཁན་མང་བ་ལས་བོད་ཨིན་སྐད་ཡིག་གང་རུང་ཐོག་ལ་བོད་དོན་དང་། ནང་པའི་སེམས་ཁམས་རིག་པ་སོགས་ཀྱི་སྐོར་ལ་རྩོམ་ཡིག་ཚད་ལྡན་འབྲི་སྤེལ་བྱ་མཁན་ཧ་ཅང་དཀོན་པ་དངོས་ཡོད་ཡིན་སྟབས་ང་ཚོས་ཅི་ནས་ཀྱང་སྐྱེ་བསྲིང་བྱ་མི་དགོས་སམ། གཅིག་བྱས་ན་ཕྲན་རང་ཉིད་དེང་དུས་སྤྱི་ཚོགས་ཀྱི་རྗེས་མ་ཟིན་པ་ཡིན་ངེས་ནའང་། བོད་པའི་སྤྱི་ཚོགས་ནང་ལ་དེབ་ཀློག་མཁན་དང་རྩོམ་ཡིག་འབྲི་མཁན་དཀོན་པ་དངོས་ཡོད་གནས་སྟངས་རེད།
སྐུ་ཞབས་ཚེ་དབང་རིག་འཛིན་ལགས་ཀྱིས། སྲིད་སྐྱོང་འོས་མི་ཡག་པོ་ཞིག་འདེམས་རྒྱུའི་སྒྲོམ་གཞིའི་ནང་ལ་ང་རང་གིས་གལ་ཆེ་ཤོས་བརྩི་བའི་ཆ་རྐྱེན་གཙོ་བོ་བཞི་ཡོད་དེ། (༡) འོས་མི་དེའི་ཆབ་སྲིད་ལངས་ཕྱོགས་༸གོང་ས་མཆོག་གི་བོད་ཀྱི་འཆར་སྣང་དང་གཅིག་མཚུངས་ཡིན་མིན། ཞེས་བྲིས་འདུག འཆར་སྣང་ཞེས་པ་ནི་དེ་སྔ་བཙན་བྱོལ་བོད་ཀྱི་ཆབ་སྲིད་ལོ་རྒྱུས་ནང་བེད་སྤྱོད་གནང་མཁན་བྱུང་ཡོད་ནའང་། ད་ལྟའི་བཀའ་ཤག་གི་སྐབས་སུ་ ༥།༥༠ འཆར་སྣང་ཟེར་བ་སོགས་འཆར་སྣང་གི་ཚིག་བརྗོད་བེད་སྤྱོད་མང་པོ་གནང་མཁན་འདུག གཅིག་བྱས་ན་སྐུ་ཞབས་ཚེ་དབང་ལགས་ཀྱིས་ཀྱང་རྩོམ་ཡིག་ནང་ལ་༧གོང་ས་མཆོག་གི་བོད་ཀྱི་འཆར་སྣང་ཞེས་བྲིས་པ་ཡིན་ངེས། འོན་ཀྱང་། ཐུགས་བསམ་ཡག་པོ་བཞེས་དགོས་པ་ནི། ཨིན་ཡིག་ནང་ Vision ཞེས་པ་བོད་ཡིག་ནང་ལ་ འཆར་སྣང་ ཞེས་ཚང་མར་བསྒྱུར་རྐྱང་བྱས་ན་གོ་དོན་ཡག་པོ་ཡོང་གི་ཡོད་མེད་ཐད་དགོངས་པ་བཞེས་དགོས། སྐུ་ཞབས་ཚེ་དབང་ལགས་ཀྱི་ཨིན་ཡིག་རྩོམ་ཡིག་ནང་ལ་ His Holiness’ vision of Tibet ཞེས་བྲིས་གནང་འདུག དེ་ལ་བོད་ཡིག་ནང་ལ། ༧གོང་ས་མཆོག་གི་བོད་དོན་ཐོག་ཐུགས་ཀྱི་དགོངས་བཞེད། ཞེས་པ་དང་། ༧གོང་ས་མཆོག་གི་བོད་ཀྱི་འཆར་སྣང་། ཞེས་པ་གཉིས་ལེགས་པ་འདུག་གམ། དེ་ནི་རྨོངས་པའི་རྨོངས་གཏམ་ཡིན་སྟབས་དགོངས་དཔྱད་གནང་རོགས།
སྐུ་ཞབས་ཚེ་དབང་རིག་འཛིན་ལགས་ནི་དགུང་ན་གཞོན་ཡང་། དེང་དུས་ཀྱི་ཤེས་ཡོན་ཕུན་སུམ་ཚོགས་ལ། བོད་ཀྱི་ཆོས་རིག་ལ་དོ་སྣང་གིས་མཁྱེན་རྒྱ་གང་ཙམ་ཡོད་མཁན་ཞིག་ཡིན་པ་ཤེས་ཀྱི་ཡོད། ད་དུང་བོད་ཀྱི་ཆབ་སྲིད་དང་བོད་མིའི་ལས་དབང་ལ་དོ་འཁུར་གྱིས་སྲིད་སྐྱོང་འོས་མི་ཁག་ལ་རང་ཚུགས་བརྟན་པོས་ཞིབ་དཔྱད་ཀྱིས་ཁོང་སྒེར་ངོས་ནས་ ༢༠༢༡ ལོའི་སྲིད་སྐྱོང་འོས་མི་བཀའ་ཟུར་ལྡི་ལི་དོན་གཅོད་འབྲོང་ཆུང་དངོས་གྲུབ་མཆོག་ཡིན་པ་གསལ་བཏོན་བྱས་འདུག དེ་བས་ངས་དྲན་པ་ནི་ང་ཚོའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བོད་མི་ཁོང་ལྟ་བུ་མང་ཙམ་དགོས་ཀྱི་འདུག་ལ། དམིགས་བསལ་གཞོན་སྐྱེས་ཚོས་ཁོང་ལྟ་བུ་རང་ངོས་ནས་དུས་ཚོད་བཏང་ནས་སློབ་སྦྱོང་དང་ཞིབ་འཇུག་ལམ་ནས་རང་ཉིད་ཀྱི་སྲིད་སྐྱོང་འོས་མི་ཐག་གཅོད་བྱ་ཐུབ་མཁན་དེ་བས་མང་ཙམ་དགོས་ཀྱི་འདུག
སྐུ་ཞབས་ཚེ་དབང་ལགས་ཀྱིས་ ༢༠༢༡ ལོའི་སྲིད་སྐྱོང་འོས་མི་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་མིང་འདོན་གནང་བ་དེ་ཡང་ཆོལ་ཞེན་དང་། དགའ་ཉེ་ཡིན་པས་མིང་འདོན་གནང་བ་མིན་པར་། རྒྱུ་མཚན་བཞིའི་ཐོག་ནས་གསལ་སྟོན་བྱས་པ་དེ་ཡང་ཤེས་ལྡན་མི་སྣ་དང་། རྣམ་དཔྱོད་ཡོད་མཁན་གྱི་བྱ་སྟངས་ལས་སྟངས་ཤིག་ཅི་ལ་མིན། ཁོང་གི་རྒྱུ་མཚན་དང་པོའི་ནང་ལ་གང་བརྗོད་པ་ནི་བདེན་པ་རེད་འདུག ༡༩༧༧ ལོར་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ལྡི་ལི་རམ་ཇཱ་སེ་མཐོ་སློབ་ནས་སྲིད་དོན་ཚན་རིག་ཐོག་ནས་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་ཐོན་བྱུང་མ་ཐག་བཙན་བྱོལ་བོད་གཞུང་གི་ལས་སྣེ་འཛུལ་ཞུགས་གནང་བ་ནི་དུས་ཀྱི་དགོས་མཁོ་ཆགས་ཡོད། སྐབས་དེ་དུས་ཁོང་གིས་བཙན་བྱོལ་བོད་གཞུང་ལ་ཐུགས་ཕན་གསོས་པོ་ཞེ་དྲག་བྱུང་ཡོད་པ་ནི་དངོས་ཡོད་གནས་ཚུལ་རེད་ལ། དུས་དེ་ནས་བཟུང་ད་ལྟའི་བར་བགྲང་བྱ་བཅུ་ཕྲག་བཞི་ལྷག་རིང་མུ་མཐུད་ནས་༧རྒྱལ་བའི་ཞབས་འོག་ལ་གཟེངས་སུ་ཐོན་པའི་ཞབས་ཞུ་བསྒྲུབ་ཡོད་པ་ནི་ལོང་བས་བལྟས་ཁམས་གསུམ་གྱི་དཔེ་ཟླར་གྱུར་ཡོད་པ་ས་རིས་ཐང་གསལ་ཆགས་འདུག རྒྱུ་མཚན་གལ་ཆེ་ཤོས་ནི་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་དུས་རྟག་ཏུ་༧རྒྱལ་བའི་བཀའ་སློབ་དགོངས་དོན་ཁག་གི་ཚིག་འབྲུ་རེ་རེ་ལ་ཡང་སློབ་སྦྱོང་ཉམས་ལེན་ཚུལ་བཞིན་དུ་ཞུས་དང་ཞུ་མོས་དང་། བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་ཐོག་མར་བཙུགས་སྐབས་ནས་ད་ལྟ་ཡང་ཚོགས་མི་མུ་མཐུད་གནང་གི་ཡོད་སྟབས་བོད་དོན་དང་རྒྱ་ནག་གཞུང་དང་འབྲེལ་མོལ་ལམ་ནས་གསལ་རྒྱུར་ཤེས་འཇོན་མྱོང་གསུམ་ཚང་ཡོད།
སྐུ་ཞབས་ཚེ་དབང་ལགས་ཀྱིས་རྩོམ་ཡིག་ནང་། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལ་བོད་ནང་གི་བོད་མིའི་ལ་ཞེན་དང་བཙན་བྱོལ་བོད་མིའི་ཆིག་སྒྲིལ་ནུས་པ་ཉར་སྲུང་གི་ཆ་རྐྱེན་ཚང་འདུག ཅེས་བྲིས་འདུག ད་དུང་ཁོང་གིས་རྩོམ་ཡིག་ནང་ལ་ཁ་གསལ་དོན་གསལ་གྱི་འགྲེལ་བརྗོད་མང་པོ་གནང་འདུག་པ་ཆ་ཚང་བཀླགགས་པ་ཡིན་ལ། བསམ་བློ་ཡང་བཏང་པ་ཡིན། གཞིས་བྱེས་བོད་མི་ནི་མགོ་ལུས་སྦྱར་པ་བཞིན་ཁ་བྲལ་ཐབས་མེད་པ་དང་། ཕན་ཚུན་འབྲེལ་བ་དམ་པོ་དགོས་ཀྱི་ཡོད་ལ། ༧གོང་ས་མཆོག་གིས་དུས་རྟག་ཏུ་བོད་ཀྱི་དོན་གྱི་བདག་པོ་གཞིས་ལུས་བོད་མི་ཡིན་པ་དང་། བྱེས་འཁོད་བོད་མི་རྣམས་ནི་གཞིས་ལུས་བོད་མིའི་རང་དབང་ལྡན་པའི་མགྲིན་ཚབ་པ་ཡིན་པ་གསུངས་ཡོད། ཚེ་དབང་ལགས་ཀྱིས་བྲིས་པ་བཞིན་དུས་རབས་ ༢༠ པའི་ལོ་རབས་ ༨༠ པའི་ནང་ལ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གི་གཞུང་དོན་ཆེད་ཉེན་ཁར་མ་འཛེམས་པར་བོད་ནང་དུ་དངོས་སུ་བསྐྱོད་པ་དང་། ལས་དོན་ཁག་ཚགས་ཚུད་སྒྲུབ་ཡོད་པ་ནི་ཆེས་སྙིང་སྟོབས་ཕུལ་དུ་བྱུང་བའི་དཔེ་མཚོན་གསོན་པོ་ཞིག་མིན་ནམ། དེང་གི་དུས་སུ་ང་ཡིན་ཁོ་ཡིན་ཟེར་མཁན་སྲིད་དོན་པ་ཚོས་དེ་ལྟར་སྒྲུབ་མྱོང་པ་དང་བསྒྲུབ་ཕོད་ཀྱི་རེད་དམ།
སྐུ་ཞབས་ཚེ་དབང་ལགས་ཀྱིས་ངའི་དོགས་གནད་ཞིག་སེལ་སོང་། ཕྲན་དང་ཕྲན་འདྲ་བའི་མི་མང་པོའི་དོགས་གནད་ཞིག་སེལ་འདུག་དྲན། མི་ཁ་ཤས་ཀྱིས་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ལ་ཕྱི་འབྲེལ་གྱི་ཐུགས་ཉམས་མྱོང་མེད་ཟེར་ནའང་། ཚེ་དབང་ལགས་ཀྱིས་གསུངས་པ་ལྟར་ཁོང་སྲིད་སྐྱོང་ལ་ཕེབས་པ་ཡིན་ན། ཁོང་གིས་ད་བར་བཀའ་ཤག་སྐབས་གཉིས་རིང་བསྟུད་མར་འཛིན་སྐྱོང་དབུ་ཁྲིད་མི་འདྲ་བ་གཉིས་ཀྱི་འོག་ལ་ཕྱག་ལས་གནང་མྱོང་མཁན་ཞིག་ཡིན་སྟབས་ཁོང་གིས་ཐུགས་ཉམས་མྱོང་ལ་གཞིགས་ནས་བཀའ་ཤག་ལྷན་རྒྱས་གཞན་དང་མི་འདྲ་བ་ཞིག་བསྐྲུན་ངེས་པས་ཕྱི་འབྲེལ་ཐད་ལས་དོན་འཐུས་ཤོར་མི་འགྲོ་བ་རེད། ཡོངས་གྲགས་སུ་ཡང་། བཀའ་ཤག་གི་ཐུགས་འགན་ནི་སྲིད་སྐྱོང་གཅིག་པུར་མིན་པར་། མཉམ་བསྡུས་ཀྱི་ཐུགས་འགན་ཡིན་སྟབས་ཐག་གཅོད་ཕལ་ཆེ་བ་བཀའ་ཤག་ལྷན་རྒྱས་ཐོག་ལ་གནང་གི་ཡོད།
སྐུ་ཞབས་ཚེ་དབང་ལགས་ཀྱིས་རྩོམ་ཡིག་ཧྲིལ་པོའི་ནང་ལ་ནང་དོན་གཙོ་བོ་སྲིད་སྐྱོང་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་གཙོ་བོ་བཞི་ནན་བརྗོད་བྱས་པ་དང་འབྲེལ་ཆ་རྐྱེན་བཞི་པོ་ཚང་མཁན་ནམ། ད་ལྟའི་སྲིད་སྐྱོང་འོས་མི་ཁག་ལས་བརྒྱ་ཆ་མང་ཤོས་ཐོབ་མཁན་ནི་ལྡི་ལི་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ཡིན་པ་བྲིས་འདུག གོང་བརྗོད་དོན་ཚན་དང་། དོན་ཚན་བཞི་པ་བོད་མིའི་སྒྲིག་འཛུགས་ནང་ལས་དོན་ཚགས་ཚུད་ཡོང་བར་ཆ་རྐྱེན་བརྒྱ་ཆ་མཐོ་ཤོས་ཡོད་མཁན་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ཡིན་པ་བཤད་མི་དགོས་པ་རེད་དྲན། ༡༩༧༧ ནས་ད་ལྟ་ཡང་མུ་མཐུད་མི་ལོ་ ༤༣ རིང་ཕྱག་ལས་གནང་བཞིན་པ་དང་། འབྲེལ་ཡོད་ལས་བྱེད་ཙམ་མིན་པར་རྒྱ་གར་གཞུང་དང་གཞུང་འབྲེལ་མིན་པའི་མི་སྣས་ཀྱང་གུས་བཀུར་ཞུ་བཞིན་པ་ཡོངས་གྲགས་ཆགས་འདུག
ངས་རྩོམ་ཉོག་དེ་འབྲི་བའི་སེམས་ཤུགས་ནི། སྐུ་ཞབས་ཚེ་དབང་ལགས་ཀྱིས་རྩོམ་མཇུག་ལ་བསམ་འཆར་དང་ནོར་སྐྱོན་གང་བཏོན་ནའང་འགྲིག་པ་བརྗོད་པ་དང་། ནོར་བཅོས་བྱ་ཡི་ཡིན་ཞེས་བྲིས་འདུག་པས། ནོར་འཁྲུལ་སྐྱོན་འདོན་བྱ་རྒྱུ་མེད་ནའང་། རྩོམ་ཡིག་བཀླགས་བྱང་ལྟ་བུ་རང་ཉིད་ཀྱིས་ཁོང་གིས་བྲིས་པའི་རྩོོམ་ཡིག་ལ་ཆེ་བསྟོད་མཚོན་ཙམ་བྲིས་པ་ལགས་སོ། །
མི་གཅིག་གིས་འོས་ཤོག་བླུགས་ཀྱི་ཡིན་ཟེར་བར་ཨ་ལས་རྒྱུ་ཅང་མེད།
ཚེ་དབང་རིག་འཛིན་གྱིས་ཨིན་བོད་ནང་ལ་སྤེལ་བའི་མ་འོངས་སྲིད་སྐྱོང་གི་ཆ་རྐྱེན་དེ་དག ཚོགས་གཙོ་ཟུར་པ་དང་། ༸གོང་ས་མཆོག་གི་༸སྐུ་ཚབ་དོན་གཅོད་ཟུར་པའམ། བོད་མིའི་ལས་བྱེད་ནང་ཁུལ་ཁྲག་དོག་གིས་གནས་དབྱུང་ཕོག་པ་སྤན་པ་ཚེ་རིང་མཆོག་ཆ་རྐྱེན་བཞི་ཀ་ཚང་བིའ་ཐོག་ལ། བློ་སེང་གི་ཧམ་བཤད་ངང་ལ་ལོ་བཅུ་བསྐྱལ་བ་ལས་ལྷག་པ། གལ་སྲིད་སྤེན་ཚེ་སྲིད་སྐྱོང་ཐོབ་པ་ཡིན་ན། ལོ་ལྔའི་ནང་ལ་བློ་སེང་ལས་ལྷག་པ་དང་འཇོན་པ་ལ་ཐེ་ཚོམ་མི་འདུག་པས། ཀུན་གྱིས་སྤེན་ཚེ་ལགས་ལ། འོས་འཕེན་ན་འགྱོད་པ་མེད་པར་འོངས་ངེས་སོ།།
འབྲོང་ཆུང་ནི་མི་ཉམས་ཆུང་། ཀུན་དང་མཐུན་པ། ཆབ་སྲིད་ཀྱི་ཉམས་མྱོང་ཡོད་མཁན་ཞིག་ཡིན་ས་རེད། ཡིན་ཡང་མ་འོངས་སྲིད་སྐྱོང་ལ་དེ་ཙམ་གྱིས་ག་ལ་འགྲིག སྲིད་སྐྱོང་ཞིག་ཡིན་ན་གཏམ་བཤད་ལ་ངེས་པར་དུ་མཁས་དགོས། སྤོབས་པ་ཆེ་དགོས། བྱ་བ་ཅི་ཞིག་སྒྲུབ་ཀྱང་སྒྲུབ་ཕོད་མཁན་ཞིག་ཡིན་དགོས། ལྷག་བསམ་ཅན་ཞིག་ཡིན་དགོས། ཚོགས་ཟུར་སྤེན་པ་ཚེ་རིང་ལ་འདི་ལྡན་ལྡན་འདུག འབྲོང་ཆུང་གི་སྐད་འགག་འདུག གཏམ་བཤད་ཡིད་ཚིམས་པ་ཞིག་ནམ་ཡང་མི་འདུག །
སྐུ་ངོ་འབྲོང་ཆུང་ལ་གཞན་པས་ཨུ་ཚུགས་ཀྱིས་ལངས་བཅུག་པའི་འོས་མི་ཞིག་རེད། ཁོང་ནི་མཆོད་ཁང་ནང་གི་ལྷ་སྐུ་ཞིག་ལས་གཉིས་སུ་མེད་པ་མི་བཟང་རིང་ལུགས་པ་གཅིག་པུ་དེའོ། འོན་ཀྱང་། ཁོང་གི་བོད་མིའི་སྒྲིག་འཛུགས་གཏོར་བཤིག་མི་གཏོང་བའི་ཡིད་ཆས་ཡོད། དེ་མིན་རེ་བ་གང་ཡང་མེད། ད་དུང་འོས་མིའི་གསར་བསྒྲགས་བྱས་མེད་པ་འདྲ། བྱ་མ་འདྲོག་པར་བྱ་སྒོང་ལེབ་སྟངས་གཞན་ཞིག་རེད།