འཆམ་ར་དྲི་མེད་རྒྱལ་མཚན།
ཤ་རྒོད་དཔུང་པས་ནམ་མཁའ་བཏེགས་ཀྱང་ས་ནག་ལེབ་མོས་འགྲེ་སློག་བརྒྱབ།།
དཀར་ནག་ལས་ཀྱི་འདོར་ལེན་བྱས་ཀྱང་གཤིན་རྗེའི་རྩིས་འཁོར་གཏིང་ནས་འཁྲུགས།།
ཆོལ་གསུམ་བོད་མིས་སྙིང་ཁ་ན་ཡང་རང་ས་དྲོན་མོ་དགྲ་རུ་ལངས།།
མེས་པོ་སྟོང་གིས་བརྩེ་བ་ཡོད་ན་རྨུ་ཐག་རིང་མོ་འཕྱང་ལ་ཤོག།།
གྱོང་དང་ཕམ་ཁའི་ན་ཟུག་རེ་རེས་དམར་ཆུང་སྙིང་ལ་སེར་ཁ་བཏོད།།
བྲོས་ཤིང་འཁྱམ་པའི་དཀའ་སྡུག་ངར་མས་རྐང་ཆུང་ལེབ་མོའི་རུས་གོག་ན།།
འཁྱག་ཅིང་ལྟོགས་པའི་གཤེད་མ་རེ་རེས་ནོམ་ཆེན་སྲོག་ལ་གཏོར་སྐྱོན་ཐེབས།
འཇིགས་དངངས་ཁྲོད་ཀྱི་གཉོབ་ཆུང་བོད་མི་ཐོག་སེར་འོག་གི་སྙེ་མ་འདྲ།།
མི་མངོན་དབྱིངས་ནས་མཆོག་གསུམ་བླ་མས་བྱིན་རླབས་སྦྲང་ཆར་ད་ཕོབ་ཅིག།
བྲག་ནག་ཕུག་ནས་ལྷ་སྲུང་གཉན་པོས་མཐུ་རྩལ་ནུས་པ་ད་ཕྱུངས་ཤིག།།
རི་རྒྱལ་རྩེ་ནས་ཡུལ་ལྷ་བཙན་པོས་སྡང་གྲོགས་དཔུང་གཉེན་ད་མཛོད་ཅིག།།
ཕུད་ཀྱིས་མཆོད་པ་གྱི་ནའི་ལས་མིན་བཅོལ་པའི་ལས་རྣམས་ད་སྒྲུབ་ཅིག།།
སྤྱི་ལ་གཟས་པའི་བསམ་པ་མིན་ཡང་མིང་གི་རི་མོ་ཤར་ལ་ཁྱེར།།
དགྲ་བོ་མིན་ཡང་སྟག་མོའི་མཆེ་བས་གངས་སེང་དཀར་མོའི་སྲོག་རྩར་རྨུགས།།
རི་ལུང་ནག་པོའི་ཁ་སྤུ་བྲེག་སྟེ་འབྲི་ཆུ་སྔོན་མོའི་གཉའ་བར་བཀལ།།
ས་ནག་ཁྲོས་པའི་འཁོན་འཛིན་དམར་པོ་གཡག་རོག་ནག་པོའི་གདོང་ལ་བཏབ།།
ཐོབ་ཆེན་དཔོན་གྱི་དབང་ཤུགས་དྲག་པོ་ཁྲི་ཆེན་གོང་མའི་སྟེང་ནས་ཐོངས།།
རྒྱུ་ཆེན་ཕྱུག་པོས་ལོངས་སྤྱོད་འབེལ་བོ་ཉམ་ཐག་བོད་མའི་ལག་ལ་འཇོག།།
དཔྱོད་ལྡན་མཁས་པའི་རིག་རྩལ་དངས་མས་བོད་མའི་སྒལ་ཚིགས་གཏིང་ནས་སྲོངས།།
སྣོད་བཅུད་དགྲ་རུ་ལོང་བའི་ཟུར་ནས་གངས་དཀར་ཏི་སེ་ཉིལ་གྲབས་འདུག།།
གནམ་ས་གཉིས་ལས་ངོ་ཤེས་མེད་ཀྱང་མྱ་ངམ་ཐང་ནས་གྱེན་དུ་ལངས།།
རང་རྒྱབ་དྲོས་པའི་གཞིས་ཀ་མེད་ཀྱང་རང་ས་འཕྲོག་པའི་འཁོན་ལན་རྩོད།།
དམར་ཆུང་སྙིང་ཁ་གངས་ལ་གཏད་ཀྱང་གངས་རིའི་ཁོག་པ་དགྲ་ཡིས་རློམ།།
རང་སྲོག་གཅོད་པའི་རང་ས་མི་དགོས་བདག་མེད་ཐ་བ་བསྐྱུར་ལ་ཤོག།།
སང་ཉིན་འདང་པའི་འཚོ་བ་མེད་ཀྱང་ཤུགས་ནུས་ཁ་བའི་ལྗོངས་ལ་ཕྱུང་།།
དོ་དགོང་འདུག་སའི་གནས་ཚང་མེད་ཀྱང་རང་ཡུལ་དྲན་པའི་སེམས་ཁམས་བདེ།།
ད་ལྟ་དྲོས་པའི་གྱོན་གོས་མེད་ཀྱང་ཕ་ཡུལ་ཡོད་པའི་ངལ་རྒྱལ་མཐོ།།
དྲན་གདུང་སྙིང་གི་ཡང་གཏིང་ཞིག་ནས་རང་ས་དྲོན་མོས་ཞེན་པ་སློག།།
རང་ལུས་ངན་པ་རྒྱང་ལ་གྱེས་ཀྱང་དུང་བ་དཀར་པོ་གངས་ལ་འཁོར།།
ཁྲ་ཆུང་མིག་ལ་ན་ཚ་བཏང་ཡང་ཇོ་མོ་གླང་མར་ཤུགས་ཀྱིས་བལྟས།།
རྣ་ཆོག་ལེབ་མོ་རླུང་ཁར་གྲང་ཡང་ཡར་ཀླུང་གཙང་པོའི་གཞུར་སྒྲ་མཉན།།
རེ་བ་སྟོང་གི་ཁུགས་སོ་ཞིག་ནས་རང་ས་ཡིན་ཡང་ཞེད་སྣང་སློང་།།
ཕྱི་ནང་བར་ཆད་བསལ་རྒྱུ་ཡོད་ན་སློབ་དཔོན་ཆེན་པོས་སེལ་རོགས་གནང་།།
པོ་ཏཱ་ལ་ཡི་ཞིང་ཁམས་ཡོད་ན་ཏཱ་ལའི་བླ་མས་ཁྲིད་རོགས་གནང་།།
རྟགས་དང་རྫུ་འཕྲུལ་ཕྱུང་རྒྱུ་ཡོད་ན་གེ་སར་རྒྱལ་པོས་སྟོན་རོགས་གནང་།།
མི་འདོད་གདུག་པའི་གཤིན་རྗེའི་ཐང་ན་གཉོམ་ཆུང་བོད་མི་འཚོལ་འདོད་མེད།།
རྨ་འབྲི་རྫ་གསུམ་ཟུངས་ཁྲག་ཡིན་ཡང་ཞེན་ཆགས་མེད་ན་འཕྱུར་ལ་ཤོག།།
མདོ་ཁམས་སྒང་དྲུག་སྒལ་ཚིགས་ཡིན་ཡང་ཁྲེལ་གཞུང་མེད་ན་ཉིལ་ལ་ཤོག།།
གངས་དཀར་ལྷུན་པོ་བླ་རི་ཡིན་ཡང་ལ་རྒྱ་མེད་ན་ཞུ་ལ་ཤོག།།
ཆོལ་ཁ་གསུམ་པོའི་མི་སྡེ་འདི་དག་ཤི་མཁན་ཡིན་པས་འཇིགས་སྣང་མེད།།
བྱུས་ངན་གཤོམ་པའི་གདོན་བགེགས་སུ་ཡིན་རང་གཟུགས་ངོ་མ་ཐོན་ལ་ཤོག།།
གཅེས་པའི་ཕ་ས་དགྲ་རུ་ལངས་པའི་རྒྱུ་མཚན་ཅི་ཡིན་ཤོད་ལ་ཤོག།།
ལྷ་སྲུང་མང་པོས་མགོན་སྐྱབས་མེད་པ་ཚེ་སྲོག་བོར་དོན་གསུངས་ལ་ཤོག།།
བདེན་པའི་འཛུམ་མོ་གདོང་ལ་བཙུགས་ནས་ལས་དང་རྒྱུ་འབྲས་བཤད་རྒྱུ་ཡོད།།
སང་ཉིན་མ་གཏོགས་བཤིག་རྒྱུ་མེད་ཀྱང་གཞིས་བྱེས་བོད་མི་འཛོམས་ལ་ཤོག།།
མིག་ཆུ་མ་གཏོགས་སྟོན་རྒྱུ་མེད་ཀྱང་སེམས་ཁ་མཐུན་པའི་སྙིང་གཏམ་གླེང།།
ཆུ་ཇ་མ་གཏོགས་བཏུང་རྒྱུ་མེད་ཀྱང་གོར་ར་བསྐོར་ནས་མཉམ་དུ་འཐུང་།།
སྣོད་བཅུད་གཤེད་མར་ལངས་པའི་གསེབ་ནས་སེམས་པ་ཆུང་ཆུང་རང་གིས་གསོ།།
ཁམས་སྐྱེ་དགུའི་ས་ཡོམ་ཁྲོད་འདས་སོང་བ་རྣམས་ཀྱི་བདུན་ཚིགས་གཉིས་པའི་ ཉིན་མྱ་ངན་གྱི་མཆོད་འབུལ་དུ་འཆམ་ར་བས།།
༢༠༡༠་༤་༢༧།
ད་དུང་སྙན་ངག་ཡག་པོ་སྦྱོང་དགོས་ཀྱི་འདུག
ཡུ་ཤུལ་གྱི་ས་འགུལ་ལ་རླུང་ལངས་པ་དང་། རྐྱེན་ངག་ན་དེའི་ནང་ཕེབས་སོང་བ་དག་ལ་མྱ་ངན་ཆེན་པོ་ཡོད་པའི་སྐབས་འདིར། སྙན་ངག་འདིར་ཧ་ཅང་མཚམས་པོདང་སྙན་མོ་ཞིག་འདུག ད་རུང་རང་གི་་རླུང་ཞི་བྱེད་ཀྱི་སྨན་ལྟར་བྱུང་སོང།
སྤྱིར་སྙན་ངག་ལ་ཞིག་འཇམ་གྱི་རྣམ་པ་མི་འདྲ་བ་ཡོད་པ་ལས། འཆམ་ར་ཚང་གི་སྙན་ངག་འདིར་བཞིག་ན། དྲག་པོའི་ཉམས་དང་ལྡན་ཞིང་། ཀློག་མཁན་གྱི་བློ་ལ་ངང་གིས་ཚོར་བ་དམིགས་བསལ་བ་ཞིག་སྤྲད་བཞིན་འདུག་པས། དེའང་སྐབས་འདིའི་སྙན་ངག་རང་གི་ཁྱད་ཆོས་རེད་སྙམ།
འཆམ་ར་དྲི་མེད་རྒྱལ་མཚན་ལགས།
ཡག་པོ་གསུང་འདུག་ཐུགས་རྗེ་ཆེ།
མྱ་ངན་གྱི་མཆོད་འབུལ་དང་སེམས་གསོ་ཡོང་བ་འདུག
དར་གོས་ཙམ་གྱི་སྐལ་ཡང་བཅད་མྱོང་མེད། །
ཇ་ཆང་གཙང་མའི་མཆོད་པ་ལྷག་མ་མྱོང་། །
ཨ་ཙི་ང་ཡི་ལྷ་ཀླུ་གཉན་གསུམ་ཀྱེ། །
ང་ལ་འདི་འདྲའི་སྡུག་བསྔལ་བྱིན་ཕོག་བསམ། །