ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ།
བོན་རྒྱ་བསྟན་འཛིན་རབ་རྒྱས།
______བོད་ཁ་བ་ཅན་གྱི་སྐད་དང་ཡི་གེ་ལ་ཕུལ་བ།
ལྷ་ཡིས་བསྩལ་བའི་སྐྱེས་ཤིག་ཡོད་ན་སྐད་དང་ཡི་གེ་ཡིན་པ་དང་། །
མེས་པོས་བཞེངས་པའི་ནང་ནོམ་དེ་ཡང་སྐད་དང་ཡི་གེ་ཡིན་པར་སྐད། །
ཆོལ་གསུམ་བོད་པའི་སྤྱི་སྐད་དེ་ལ་ཤ་དང་རུས་པས་ཕྱག་འཚལ་ལོ། །
དབྱངས་གསལ་སོ་བཞིའི་ཡི་གེ་དེ་ཡིས་ལས་བཞིའི་འཕྲིན་ལས་སྩོལ་བར་ཤོག །
ཁ་བ་ཅན་ལ་སྲོག་ཅིག་ཡོད་ན་དེ་ཡང་ཡི་གེ་ཡིན་པ་དང་། །
ཆིག་སྒྲིལ་ལྕགས་ཀྱི་ཐག་པ་དེ་ཡང་འདི་ཡིས་ཡང་ཡང་བརྡུངས་པར་སྐད། །
སྲོག་ལ་བབ་ཀྱང་བསྲུང་ན་འདོད་པ་སྐད་དང་ཡི་གེ་འདི་ཡིན་པས། །
བདག་གིས་ཐབས་བརྒྱ་རྩལ་གྱིས་སྤྲུགས་ཏེ་ཁྱོད་ཀྱི་སྲོག་ལ་གཅེས་པས་སྐྱོང། །
སྒྲུང་དང་རྒྱལ་རབས་ཁྲི་ཕྲག་སྟོང་གི་རྩ་བའི་རྩོམ་གཞི་སྐད་ཡིན་ལ། །
བདེན་རྫུན་ཆོས་ལུགས་ཁྲི་མ་འབུམ་གྱི་བརྩེ་བའི་མ་ཡང་སྐད་ཡིན་པས། །
བསམ་ཞིང་ངོ་མཚར་རྨད་དུ་བྱུང་བ་སྐད་དང་ཡི་གེ་རིན་པོ་ཆེ། །
ཤི་ཡང་སྙིང་ཁའི་བྲང་ལ་སྦྱར་ནས་སྲོག་དབུགས་བསྡུས་ན་སྐྱིད་པ་ལ། །
གླེན་དང་ལྐུགས་པའི་ཚད་གཞི་དེ་ཡང་སྐད་དང་ཡི་གེ་ཡིན་པ་དང་། །
བྱང་ཆེན་གནས་ཀྱི་ས་ལམ་དེ་ཡང་ཁྱོད་ལ་བརྟེན་ནས་ཐོབ་པར་སྐད། །
ས་གཞི་རིན་ཆེན་གསེར་གྱིས་བཀང་ཡང་ཁྱོད་ཉིད་བླུ་བར་དཀའ་ཚོད་ན། །
ཁྱོད་ཉིད་དོར་བའི་བླུན་པོ་དེ་ནི་དུད་འགྲོ་ལས་ཀྱང་ལྐུགས་པ་ལ། །
ཀ་སོགས་གསལ་བྱེད་སུམ་ཅུ་ཐམ་པ་གླིང་གི་དཔལ་རྟུལ་སུམ་ཅུ་སྟེ། །
ཆོས་རིག་སྲོག་གི་ཉག་ཐག་འཛིན་ལ་དེ་དག་ལས་ཀྱང་དཔའ་བ་སྟེ། །
མདའ་མདུང་ལྕགས་ཀྱི་མཚོན་ཆ་མ་ཐོགས་མི་མཐུན་གཡུལ་མགོ་བརྡུངས་པས་ན། །
བདུད་བཞིའི་མགོ་ལ་རྡོག་པ་སྤོ་བ་ཤཱཀྱའི་བུ་དང་འདྲ་བ་ལ། །
ཨི་སོགས་དབྱངས་ཀྱི་སྦྱོར་བ་བཞི་ཡང་ཁྱད་འཕགས་བཀའ་གདམས་ལྷ་བཞི་སྟེ། །
མི་མཐུན་བར་ཆད་ཕྱེ་མར་འཐག་པ་མི་གཡོ་ཁྲོ་བོའི་ངང་ཚུལ་གྱིས། །
བརྩེ་ཆེན་འོད་ཀྱི་ཟེགས་མའི་རྡུལ་ཕྲན་སྲོག་འཛིན་ཁྲག་རྩར་འདྲེས་པ་དང་། །
སྟོང་ཁམས་འཛིན་མེད་ནམ་མཁའི་དཀྱིལ་འཁོར་འཕྲིན་ལས་རླུང་གིས་གཡོས་པ་ལ། །
གནམ་གྱི་སྤྲིན་དཀར་སྐེ་ལ་གོན་པའི་གངས་རི་དེ་ཡི་མཐོ་ཚད་དང་། །
ཁྲང་ཨན་མཁར་རྫོང་རྨིག་པས་བརྫིས་པའི་རྟ་མཆོག་དེ་ཡི་འཚེར་སྒྲ་ཡང་། །
ཐུ་བྷོད་སྐད་དང་ཡི་གེའི་ནང་ན་ཉི་མ་བཞིན་དུ་ཤར་བར་སྐད། །
ལོ་རྒྱུས་རིག་པའི་མེ་ལོང་དེ་ཡང་སྐད་ཡིག་འདི་ཉིད་ཡིན་པ་ལ། །
མིང་གི་སྔོན་གྱི་མཚན་འཛིན་རྟོག་པ་བརྡ་ལ་བརྒྱུད་པའི་བྱུང་བ་དང་། །
བརྡ་ཡི་བསྲེ་སྦྱོར་ཚིག་ལ་འདྲེས་ཤིང་ཚིག་གིས་བསྟན་བཅོས་བཞེངས་ཚད་ཀྱང་། །
སྐད་དང་ཡི་གེ་འདི་ཀོ་ཉིད་ལས་འཚོལ་བྱ་གཞན་དུ་མེད་པས་ན། །
སྒྲ་རིག་ཁྲག་རྩ་སྦོམ་པོ་དེ་ཡང་སྐད་ཡིག་འདི་ཉིད་ཡིན་པ་ལ། །
ཆུ་སྐྱར་ལྡིང་བའི་ཤར་གྱི་གཞི་ན་ཆུ་མོ་འཁྱིལ་བའི་ངང་ཚུལ་དང་། །
དུ་བ་འཕྱུར་བའི་ཕར་རྒྱབ་ལ་ན་མེ་ཕུང་བརྡོལ་བའི་རིགས་ལམ་གྱི། །
དངོས་སྟོབས་རིགས་པའི་རྗེས་དཔག་དེ་ཡང་ཐུ་བྷོད་སྐད་དུ་གསལ་བར་སྐད། །
ཚད་མ་རིག་པའི་གཏེར་ཁ་ཆེན་པོ་ཐུ་བྷོད་སྐད་ཡིག་ཡིན་པ་ལ། །
གཡག་རྒོད་རྩིད་པ་རེ་རེ་བལ་ནས་སྦྲ་ཆུང་བསླེས་པའི་གཏམ་རྒྱུད་དང་། །
སྤང་རྒོད་ལྟོ་བ་བཙན་གྱིས་གཤགས་ནས་རྨོ་ཞིང་བྱས་པའི་བྱུང་བ་ཡང་། །
ཐུ་བྷོད་སྐད་དང་ཡི་གེའི་ངོགས་ན་གཅིག་མིན་དུ་མར་འབྱུང་བས་ན། །
བཟོ་རིག་འཕྲུལ་ལས་ཐན་ཐུན་རེ་ཡང་བོད་ཀྱི་སྐད་དུ་ཡོད་ཚོད་ལ། །
ལག་ཆུང་ཁྲག་རྩའི་འཕར་སྟངས་རེ་ནས་འབྱུང་ཁམས་ལྡང་ཚད་འཇལ་བ་དང་། །
རི་མགོའི་རྩྭ་དང་མེ་ཏོག་བསྡེབས་ནས་ནང་སེམས་གསོ་བའི་ཐབས་ལམ་སོགས། །
སྟོང་ཁམས་ས་ཡི་དཀྱིལ་འཁོར་འདི་ལ་ད་ཕན་སུས་ཀྱང་མ་བྱས་པའི། །
གསོ་རིག་ཆུ་བོའི་འགོ་ཁུངས་དེ་ཡང་ཁ་བའི་སྐད་དུ་ཡོད་པ་ལ། །
འཁོར་འདས་ཆོས་ཀྱི་དེ་ཉིད་འབྱེད་པ་རྟེན་འབྱུང་གཏམ་གྱི་རྒྱལ་པོ་དང་། །
ནང་སེམས་ངོས་ཀྱི་དྲི་མ་བསལ་བ་ཆོས་ཀུན་མཁྱེན་པའི་ཤེས་རབ་སོགས། །
འཛམ་གླིང་སྐད་རིགས་ཡོད་ཚད་ལྐུགས་པའི་མཐར་ཐུག་ཆོས་ཀྱི་གནས་ལུགས་ཀྱང་། །
ཐུ་བྷོད་སྐད་ཀྱིས་ཇི་བཞིན་སྨྲ་བའི་ཚུལ་དེ་ངོ་མཚར་ཆེ་བ་ལ། །
མི་རིགས་ཞེས་པའི་དར་རྒུད་དེ་ནི་སྐད་དང་ཡི་གེ་ཡིན་པ་དང་། །
སྐད་ཀྱི་རང་དབང་འབངས་ལ་མེད་དུས་སྐད་ཡིག་དེ་ནི་ཉམས་སོང་ཞིང་། །
ཡི་གེའི་གོ་ཐོབ་གཞུང་ན་མེད་དུས་ཡི་གེ་དེ་ཡང་འཇིག་སོང་སྐད། །
ཐུ་བྷོད་སྐད་ཡིག་བགྲེས་ཤིང་རྒས་པའི་ཚུལ་འདི་ཤིན་ཏུ་སྐྱོ་བ་ལ། །
དགོན་པའི་སྡེ་ན་ཡོད་ཡོད་འདྲ་ཡང་སློབ་གྲྭའི་ནང་ན་མེད་པ་དང་། །
ཉམས་ཞིབ་མིག་ན་ཡོད་ཡོད་འདྲ་ཡང་འཛིན་སྐྱོང་སྡེ་ན་མེད་པས་ན། །
འཇིག་རྟེན་ཁམས་ཀྱི་རིན་ཆེན་གཅིག་སྟེ་ང་ཚོའི་ཡི་གེ་ཉམས་ཀྱིན་འདུག །
ད་ནི་སྙིང་གི་འཕར་ལྡིང་སྙོམས་པོའི་ཨ་མའི་བུ་དག་ཡར་ལོངས་ཤིག །
རྒན་པོའི་ངག་ནས་ཤར་ཤར་སྨྲ་ཡང་བྱིས་པའི་ངག་གིས་མི་ཁྲོལ་ཞིང་། །
མཁས་པས་བློ་ནས་ཤར་ཤར་སྐྱོར་ཡང་སློབ་མས་ལག་ནས་མི་ཕྲིས་པས། །
ད་ནི་ཁ་བ་གངས་ཀྱི་སྐད་ལ་འཇིག་པའི་མཚན་མ་ཤར་བས་ན། །
གཞུང་དང་ཚོགས་པ་རྩ་འཛུགས་ཚོ་ཡང་འུར་གྱིས་ལངས་ན་དགའ་བ་ལ། །
ཤར་གྱི་རུ་བ་རྐུན་པོའི་ཚུལ་གྱིས་གངས་ཀྱི་རི་ལ་འཛུལ་བ་དང་། །
གངས་ཀྱི་རུ་བ་བྲོས་མ་བདའ་ཡིས་འཛམ་བུའི་ཁྱོན་ལ་འཐོར་བ་སྟེ། །
ད་ནི་གསེར་ནག་ཐག་པས་བསྡམས་ཀྱང་གཏན་ནས་སྡོམ་ཐབས་མེད་པ་སྟེ། །
འདུས་སྡོད་རི་སྤྱང་སྔོན་མོ་དེ་ཡང་ཉེན་ཁའི་བརྡ་ཞིག་ཡིན་པ་ལ། །
ཚོང་ལས་དཔལ་འབྱོར་ལྟེ་བ་རྣམས་སུ་ཁྱོད་ཉིད་སྤྱོད་སྒོ་མེད་པ་དང་། །
བརྡ་འཕྲིན་གློག་གི་སྙིང་རྡུལ་ལ་ཡང་ཁྱོད་ཀྱི་ཡཱང་རླུང་མི་དགོས་སྐད། །
མཚན་ཉིད་རིག་པའི་ཆེ་ཤེལ་ནང་གི་ཁྱོད་ཀྱི་རྟོག་སྒྲོམ་འདི་ལྟ་སྟེ། །
འཚོ་བྱེད་བྱ་བའི་འཇུག་པ་བསྡུས་པའི་གནའ་མིའི་གསེར་ལོག་རྡོག་རྡོག་ཅིག །
ཆོས་སྲིད་གཉིས་ཀྱི་ཚེ་སྲོག་གཅིག་སྟེ་བོད་ཀྱི་སྤྱི་སྐད་གལ་བོ་ཆེ། །
གཞིས་བྱེས་གཉིས་ཀྱི་ངག་ལ་ཞུགས་ཏེ་ཕུ་ནུའི་མཛའ་བརྩེ་གླེང་བར་སྨོན། །
འདི་ཕྱི་གཉིས་ཀྱི་དཀོན་མཆོག་གཅིག་སྟེ་བོད་ཀྱི་ཡི་གེ་རིན་པོ་ཆེ། །
ཉམས་པའི་གནས་ལས་སླར་ཡང་གསོས་ཏེ་ནམ་ཡང་ཉམས་པ་མེད་པར་ཤོག །
[ཕྲན་བཤད།]
འབེལ་རྩོམ་འདི་ནི་སྐད་ཡིག་གི་རིན་ཐང་དང་འཇིག་ཉེན་གཉིས་ཀ་བརྗོད་དོན་གྱི་གཙོ་བོར་བཟུང་བའི་ངུ་འབོད་རང་བཞིན་གྱི་རྩོམ་ཡིག་ཅིག་ཡིན། སྤྱིར་བཏང་རིན་ཐང་ལ་རྔམ་ཞིང་འཇིག་ཉེན་ལ་གཡོལ་བ་ནི་གཉུག་མར་གནས་པའི་མིའི་ཆོས་ཉིད་ཅིག་ཡིན་པས་རྩོམ་ཡིག་འདིའི་སྒྲོམ་གཞི་འདི་ལྟར་བསླངས་པ་ཡིན་ལ། བདག་གི་འབེལ་རྩོམ་གྱི་འགན་འཁྲི་ནི་ཐབས་བརྒྱ་ཇུས་སྟོང་གི་རྩལ་གྱིས་མིའི་སེམས་པར་གཡོ་འགུལ་དང་། བསམ་གཞིག་གི་སྒོ་མོ་འབྱེད་རྒྱུ་དང་། འགན་ཁུར་གྱི་འདུ་ཤེས་བསྐྲུན་རྒྱུ་དེ་ཡིན་པས། བདག་གི་འབེལ་རྩོམ་གང་ཡིན་ལ་སྒྲོམ་གཞི་དང་། བརྗོད་ཐབས། གོ་རིམ། དཔེ་ལེན་སྟངས། ཉམས་འདོན་སྟངས། རིགས་པ་འགོད་སྟངས་བཅས་ལས་ཀློག་པ་པོའི་སེམས་ཁམས་དང་འདུ་ཤེས་འཛིན་སྟངས་ལ་བསམ་བློ་ནན་གྱིས་བཏང་ཡོད་ལ། རྩོམ་ཡིག་འདིར་ཡང་དང་པོ་བདག་གི་དུངས་ཞེན་དང་། བདག་གི་འགན་ཁུར། བདག་གི་རྟོག་པ་འཆར་ཡན་གྱི་རིན་ཐང་ལྟ་ཚུལ་བཅས་ལ་སྦྱར་ནས་བོད་ཀྱི་སྐད་ཡིག་གླེང་བ་ནི། ཕྱོགས་གཅིག་ནས་དང་པོར་རང་ཉིད་ཀྱིས་མགོ་བརྩམས་པའི་རྣམ་པ་ཡིན་ལ། ཕྱོགས་གཞན་ནས་ཆོས་ལུགས་པ་དང་། ཆབ་སྲིད་པས་དོན་དང་འབྲེལ་མ་འབྲེལ་གང་ཡིན་ལ། སེམས་ཅན་དང་གཞན་ཟེར་བའི་འཁྲབ་སྟོན་དེ་ལ་གདོང་གི་མི་སྡུག་པ་ཡོད་ཚད་བསྡུས་ནས་བདག་གི་སྲེད་པ་དང་། བདག་གི་སྣང་བ། བདག་གི་ཧམ་པ། བདག་གི་འགན་ཁུར་བཅས་འབུར་གཟུགས་སུ་བཞེངས་ཏེ་རྩོམ་པ་པོའི་འདུ་ཤེས་འཛིན་སྟངས་དང་། རང་ཚུགས་ལ་ནན་གྱིས་བརྩི་བཀུར་བྱས་ཡོད།
འཇིག་རྟེན་མ་ལུས་བདག་གི་སྣང་ཚུལ་དང་། བྱ་དངོས་ཡོད་དོ་ཅོག་བདག་གི་ཚོར་སྣང་ལ་སྦྱར་ནས་འགྲེལ་བ་འདི་སོ་སྐྱེས་རྩོམ་པ་པོས་གཞན་ལ་ངོམ་དུ་རུང་བའི་ལྷད་མེད་ཀྱི་གཉུག་
གཤིས་ཤིག་ཡིན་མོད། དེ་ཙམ་ལ་སྤྱི་ཚོགས་ཀྱིས་ངོས་ལེན་གཏན་ནས་མི་བྱེད་པ་མ་ཟད། ལྷག་པར་བོད་མི་རིགས་ལ་མཚོན་ན་བློ་སྦྱོང་དེ་ནི་དགག་བྱ་ཅན་ཞིག་དང་། དུངས་ཞེན་ལ་སྡང་བ་ཞིག་ཡིན་པས། བོད་མི་རིགས་ཀྱི་འདུ་ཤེས་ལ་ཞིབ་འཇུག་དང་། དེར་སྐབས་བསྟུན་མ་བྱས་ཐབས་མེད་ཡིན། དེའི་རྐྱེན་གྱིས་བོད་ཁ་བ་ཅན་དུ་སྲིད་སྒྲུབ་འཕོང་སྐྱེན་དང་ཀུན་ནས་མཚུངས་པ། གཞན་ལྡན་རྣམ་གཅོད་ཀྱི་དཔའ་བོའི་དཔུང་སྡེ་གླིང་གི་དཔའ་རྟུལ་སུམ་ཅུ་དང་།
རིག་གཞུང་ཞིབ་འཇུག་གི་ནང་དུ་ངོ་མཚར་བའི་ལེའུ་གཏན་ནས་རྙིང་མ་མྱོང་བ་སྟེ། སྟོན་མཆོག་ཤཱཀྱ་ཐུབ་པས་མདའ་མདུང་མཚོན་ཆ་མ་བཟུང་བར་མི་མཐུན་གཡུལ་ལས་རྒྱལ་ཚུལ་དང་། བོད་ཀྱི་ཆོས་ལུགས་པའི་སྡེ་རུ་ཚད་མར་ངོས་འཛིན་གནང་བའི་ བཀའ་གདམས་ལྷ་བཞི་དང་དཔེ་དོན་གཤིབ་བསྡུར་གྱིས་ཀློག་པ་པོའི་སེམས་ཁམས་ལ་འཛུལ་ཅི་ཐུབ་དང་། བོད་སྐད་ཡིག་གིས་བོད་ཀྱི་རིག་གཞུང་སྤྱི་བྱིངས་ཀྱི་སྲོག་ཤིང་བཟུང་ཚུལ་གྱི་ངོས་ནས་སྐད་ཡིག་གི་རིན་ཐང་གླེང་བ་དེ་ལས་འབོད་སྐུལ་འདི་རྒྱུ་མཚན་ལྡན་པ་དང་། ལུགས་ལ་གནས་པ། གནད་དུ་འཁེལ་བ་ཞིག་ལ་ཨེ་འགྱུར་གྱི་འབད་པ་བྱས་པའི་བརྒྱུད་རིམ་ཞིག་ཡིན། དེ་ལས་ཀྱང་ད་ལྟའི་བོད་ཕྱི་ནང་གི་སྐད་ཡིག་གནས་བབ་འཇིགས་སུ་རུང་བ་སྟེ། དགོན་པའི་སྡེ་ན་ཡོད་ཡོད་འདྲ་ཡང་སློབ་གྲྭའི་གནས་ན་མེད་མེད་འདྲ་བ་དང་། ཞིབ་འཇུག་(བོད་རིག་པ་ཞིབ་འཇུག་ལྟ་བུ། )རྟོག་ཞིབ་ཀྱི་མིག་ནང་ན་ཡོད་ཡོད་འདྲ་ཡང་འཛིན་སྐྱོང་སྲིད་འཛིན་གྱི་སྡེ་ཁག་ན་མེད་མེད་འདྲ་བ། རྒན་རབས་དར་ཡོལ་བའི་ངག་ལ་བདེ་བདེ་འདྲ་ཡང་བྱིས་པ་གཞོན་རབས་པའི་ངག་ན་མེད་མེད་འདྲ་བའི་གནས་བབ་ལ་འོ་དོད་ཀྱིས་འབོད་པ་བཏང་བ་དང་། རྒྱལ་སྤྱིའི་སྐད་བརྡ་རིག་པའི་ཞིབ་འཇུག་པ་རྣམས་ཀྱིས། དུས་རབས་ཉི་ཤུ་པའི་འགོ་སྟོད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐོ་ཡིག་ནང་སླེབས་པའི་སྐད་ཡིག་ ༦༩༠༠ བརྒལ་བ་ལས། དུས་རབས་ཉེར་གཅིག་པ་ཚེས་དུས་སྐད་ཡིག་ ༢༤༠༠ ཉམས་ཚར་བ་དང་། ད་ལྟ་འཇིག་ཉེན་གྱི་གཡང་ལ་ཁད་ཀྱིས་བཅར་བ་དང་། མི་རིང་བར་འཇིག་ཉེན་ཤར་བ། དུས་ཡུན་རིང་ཙམ་གྱི་རྗེས་ཉམས་རྒུད་ལ་འགྲོ་སྲིད་པའི་སྐད་ཡིག་ ༤༤༠༠ བརྒལ་བ་དང་། དུས་རབས་ཉེར་གཅིག་པའི་ནང་ལ་ཕྱོགས་ངོས་གང་ནས་བལྟས་ནའང་འཇིག་ཉེན་རྩ་སྟོངས་སུ་འགྱུར་མི་སྲིད་པའི་སྐད་ཡིག་བརྒྱད་ལས་བདམས་རྒྱུ་མ་བྱུང་བ་མ་ཟད། སྐད་ཡིག་སྟོངས་འཇིག་གི་འཕེལ་ཁ་ཆེས་མྱུར་བ་དེ་ལ་ ཉེན་ཁ་ལྔ་ཡོངས་གྲགས་སུ་ངོས་བཟུང་བ་ཚང་མ། བོད་ཀྱི་སྐད་ཡིག་ལ་
ཕྲད་དང་འཕྲད་འགྱུར་གྱི་སོ་ཁ་ན་ཡོད་པ་དེའང་འབེལ་རྩོམ་འདིར་གཅིག་ཤེས་ཀུན་གྲོལ་དང་། སྐབས་ཐོབ་ཀྱི་འཕེན་པའི་ཚུལ་གྱིས་བརྗོད་བྱར་དྲངས་པ་འདི་ཡང་རྩོམ་པ་པོའི་ཞིབ་འཇུག་གི་མིག་རྒྱ་དང་། ཀློག་པ་པོའི་བློ་གྲོས་ལ་མིག་འབྱེད་གསར་བ་ཞིག་བྱས་པར་འདོད་ཀྱིན་ཡོད།
སྤྱིར་བཏང་སྒྱུ་རྩལ་རྩོམ་ཡིག་ལ་རང་མཆན་འགོད་པ་དང་། ཀློག་འགྲེལ་འབྲི་བ་སོགས་ནི་རྩོམ་ཡིག་གི་དྭངས་གཙང་ལུས་པོ་ལ་ཕངས་མེད་དུ་གྲི་ཤད་འཐེན་པ་ཡིན་པས། རྩོམ་པ་པོ་སྒེར་ངོས་ནས་བལྟས་ན་འདི་ནི་ཆེས་ཕངས་སེམས་ལྡན་པ་དང་། སེར་སྣ་འོངས་པའི་གནས་ཤིག་རེད་མོད། ཀློག་པ་པོའི་ཤེས་ཚད་ཆེས་དམན་པར་གྱུར་བའི་བཙན་བྱོལ་བའི་ཁོར་ཡུག་ནས་ལས་ཀ་འདི་འདྲའང་མ་བྱས་ཐབས་མེད་ཡིན་པས། བདག་གིས་སྡིག་པ་མིག་བཙུམ་གྱིས་རང་རྩོམ་ཀྱི་སྙིང་ཁ་ལ་རང་ཉིད་ཀྱིས་གྲི་ཤད་བྱས་པ་ཡིན། ཡང་གཅིག་བཤད་ན། ཕངས་སེམས་དེ་འདྲའི་དབང་གིས་སྙན་ངག་པས་རྩོམ་རིག་དཔྱད་བརྗོད་པར“སྙན་ངག་གི་ལག་དམར”ཞེས་དམོད་ཚིག་བོར་བ་རེད། དེ་ལ་ཀློག་པ་པོས། “འོ་ན། སྙན་ངག་ཅེས་པ་ཀློག་པ་པོའི་ཆེད་དུ་མིན་ནམ་དང་། སྙན་ངག་ནི་མ་འོངས་ལུང་བསྟན་ཡིན་ནམ་དང་། སྙན་ངག་ཅེས་པ་ནི་བུད་མེད་ཀྱི་གསང་གནས་ཡིན་ནམ”སོགས་ཀྱི་ལྡོག་འདྲི་དང་འཕྱ་སྨོད་བྱས་པ་རེད། དེ་ནི་རང་རང་ལུགས་ལ་དབུ་མ་བར་གྱུར་ཡོད་ནའང་། སྙན་ངག་པས་བལྟས་ན་ཕྱི་མ་དེ་ནི་ཏན་ཏན་རྨོངས་པ་ཞིག་གི་ཆོ་ངེ་རང་རེད། དཔེར་ན། ངས་འབེལ་རྩོམ་འདིའི་ཚིག་གི་མཚོན་ཐབས་དང་། རིགས་པའི་ཟབ་བརླིང་། དཔེ་ཡི་གསལ་ཁ། དགོས་དམིགས་དང་བཅས་པ་རིལ་གྱིས་གསལ་བཤད་ཐེངས་ཤིག་བྱས་པ་འདིས་ཀློག་པ་པོ་སྐྱོ་བོ་དག་ལ་ལྡབ་གཅིག་གིས་སྟབས་ཇེ་བདེ་རུ་བཏང་ཡོད་ནའང་ཚད་ལྡན་ཀློག་པ་པོ་དག་གི་བསམ་བློའི་འཕྲོ་འདུ་ལ་ཚད་བཀག་བྱས་པ་རེད། སྒྱུ་རྩལ་བརྩམས་ཆོས་ནི་འདུལ་བ་དང་། རྒྱལ་དར་གྱི་འགྲེལ་བཤད། མཚན་ཉིད་རིག་པའི་མིང་འགྲེལ། ཚན་རིག་གི་རྫས་སྦྱོར་སོགས་ལྟར་བརྗོད་བྱ་ངེས་གཏན་ཅན་ཞིག་གཏན་ནས་མིན་པས། སྒྱུ་རྩལ་བརྩམས་ཆོས་ལ་ཕྲན་དཔྱད་འབྲི་ནའང་སྡོམ་ཚིག་འཇོག་པ་དང་གཏན་འབེབས་བྱེད་པ། གཤག་གཏུབ་བྱེད་པ་བཅས་ནི་མི་རུང་བ་ཡིན་ནོ། །
ཚན་རིག་གི་མིང་ཚིག་ཅིག་སྟེ། དབྱིན་སྐད་ནང་གི་oxygen ཟེར་བ་འདི་ཡིན། འདི་ལ་ཡཱང་རླུང་དང་སྲོག་རླུང་
གཉིས་ཀར་རེས་མོས་ཀྱིས་བསྒྱུར་ཡོད།
དབྱིན་སྐད་ནང་གི་ microscope ཟེར་བ་འདི་ཡིན་ལ་བོད་སྐད་དུ་ཕྲ་མཐོང་ཆེ་ཤེལ་དུ་བསྒྱུར་ཡོད།
ཚན་རིག་གི་བཤད་སྟངས་ལ་རྩི་ཤིང་དང་བཅས་པའི་སྐྱེ་དངོས་ཀུན་སྲོག་ལྡན་དུ་ངོས་འཛིན་ཞིང་འཚོ་བྱེད་བྱ་བའི་བརྒྱུད་རིམ་བདུན་ངེས་པར་དགོས་ཤིང་དེ་དག་དང་བྲལ་ན་འཇིག་སོང་བར་ངོས་འཛིན་པ་ཡིན།
བསྟན་པའི་བདག་པོ་ཡིན་པའི་སྟོན་པ་ཤཱཀྱ་ཐུབ་པ། འཕྲིན་ལས་ཀྱི་ངོ་བོ་ཡིན་པའི་རྗེ་བཙུན་སྒྲོལ་མ། སྙིང་རྗེ་རང་གཟུགས་སུ་ཤར་བའི་སྤྱན་རས་གཟིགས། བར་ཆད་ཀུན་སེལ་གྱི་རང་བཞིན་ཅན་ཁྲོ་བོ་མི་གཡོ་བ་བཅས་ལ་བཀའ་གདམས་ལྷ་བཞི་ཟེར་བ་ཡིན། བཀའ་གདམས་པས་ལྷ་འདི་བཞི་ལས་ལྷ་གཞན་དག་ལ་ངོས་ལེན་མི་མཛད་དོ། །
༡༽ སྐད་ཡིག་ལ་མི་སེར་འདུས་སྡོད་ཀྱི་ཉེན་ཁ། མི་སེར་གཞན་གྱི་ས་ཐོག་ལ་ཕར་སོང་ནས་མི་རིགས་གཞན་གྱི་ནང་ལ་འཐིམ་ཉེན་ཆེ་བ་དང་། མི་རིགས་གཞན་ཚུར་ཡོང་ནས་གཞིས་ཆགས་ཏེ་མི་རིགས་ཀྱི་གོམས་གཤིས་དང་འདུ་ཤེས་འཛིན་སྟངས་བཅས་པར་ལྷད་ཞུགས་ནས་དབང་སྒྱུར་བྱེད་ཉེན་ཆེ་བ་ལ་ཟེར། ༢༽ སྐད་ཡིག་ལ་ཚོང་ལས་དཔལ་འབྱོར་གྱི་སྟོབས་ཤུགས་མེད་པའི་ཉེན་ཁ། སྤྱི་ཚོགས་ཀྱི་དཀྱིལ་སྙིང་དཔལ་འབྱོར་དང་ཚོང་ལས་ཡིན་པས་མི་རིགས་ཚང་མ་དེར་ཕྱོགས་དུས་དགོས་སྤྱོད་ཆེ་བའི་ཚོང་ལས་དང་དཔལ་འབྱོར་ཁྱབ་ཁོངས་ན་སྐད་ཡིག་ལ་བེད་སྤྱོད་དགོས་མོད་དེ་མེད་པ་སྟེ་སྐད་ཡིག་ལ་ཚོང་ལས་དཔལ་འབྱོར་གྱི་སྟོབས་ཤུགས་ཀྱིས་རམ་འདེགས་མ་ཐུབ་པ་ལ་ཟེར། ༣༽ སྐད་ཡིག་ལ་ཆབ་སྲིད་ཀྱི་ཁེ་དབང་མེད་པའི་ཉེན་ཁ། ཚོགས་འདུ་སྐོང་བ་དང་འདེམས་བསྐོ་བྱེད་པ། རྒྱལ་ཁབ་ཀྱི་གཞུང་ཡིག་ཡར་གཏོང་མར་མངགས། ཁྲིམས་ཀྱི་རྒྱབ་རྩ། རྩ་འཛུགས་ཀྱི་བདག་པོ་མེད་པ་སྟེ་ཆབ་སྲིད་ཀྱི་ཁེ་དབང་དང་རྒྱབ་རྩ་མེད་པ་ལ་ཟེར། ༤༽ མ་སྐད་ལ་དང་བ་མེད་པའི་ཉེན་ཁ། མི་རིགས་རང་གི་སྲོལ་རྒྱུན་རིག་གནས་ལ་དགག་རྒྱག་བྱེད་མཁན་མངོན་གསལ་གྱིས་ཡར་ལངས་པ་དང་། དགག་རྒྱག་གི་འདུ་འཛོམས་དང་རྩོམ་ཡིག་སྤེལ་བ། མི་རིགས་ཀྱི་སྐད་བརྡ་རྒན་རབས་པ་དང་དར་མའི་ངག་ལས་ན་གཞོན་དང་བྱིས་པའི་ངག་ན་གཏན་ནས་མེད་པ་དང་། ཡང་ན་ལྷད་མ་ཅན་ལས་མེད་པ། རྩོམ་པ་པོ་དང་ཞིབ་འཇུག་གི་མིག་ནང་ན་ཡོད་ནའང་མང་ཚོགས་དང་འཛིན་སྐྱོང་སློབ་མ་བཅས་ཀྱི་ལུས་ངག་ན་མེད་པ་སྟེ། མི་རིགས་དང་སྐད་ཡིག་ལ་འགལ་ཟླའི་བར་ཐག་ཆད་པར་ཟེར། ༥༽ སྐད་ཡིག་གི་སྲོག་ཤིང་འཛིན་པའི་རིག་གནས་རྒུད་པའི་འཇིག་ཉེན། མི་རིགས་ཀྱི་སྐད་བརྡའི་སྲོག་ཤིང་བཟུང་བའི་ཆོས་ལུགས་དང་། རིག་རྩལ། སྒྱུ་རྩལ་སོགས་ཉམས་རྒུད་ཀྱི་གནས་སུ་གྱར་བ་ལ་ཟེར།
ཨོ་ད་ཡིན་ན། ཅིག་འབྲི་ཁུལ་མ་བྱས་ན་བལྟས་བལྟས་རིག་རིག་ག་བོན་རྒྱའི་ལག་ཏུ་ཤོར་རྒྱུ་རེད། བྱ་དགའ་བཤད་མ་དགོས་པ་ཞིག་རེད། ད་དུང་སྒོར་མོའི་ཁ་གྲངས་དེ་བསམ་ན་ར་རང་ང་འདུག་དུས་ཤིག་མ་རེད།
བླ་རྒན། མགྱོགས་པོར་འགྲན་རྩོམ་ཡིག་སྐུར་རོགས། ངས་ཁྱོད་ལ་སྒྲུང་ཞིག་བཤད། ང་སྔོན་མར་སློབ་ཆུང་དུ་ཡོད་དུས་དགུན་དུས་སུ་སློབ་གྲྭས་ལུག་བཞི་བཅུ་ལྔ་བཅུ་བཤད་ཡོད་པ་རེད། བཤས་ཚར་རྗེས་སློབ་ཕྲུག་ཚོར་ལུག་ལྤགས་བགོ་བཤའ་རྒྱག་གི་རེད་ལ། བགོ་སྟངས་ནི་ལུག་ལྤགས་དེ་ཚོ་གཅིག་ཐོག་གཉིས་བརྩེགས་བྱས་ནས་བཞག་རྗེས་སློབ་ཕྲུག་ཚོ་གྲལ་བསྒྲིགས་ནས་སྟེང་ནས་རིམ་བཞིན་ལེན་དུ་འཇུག་གིན་འདུག ངའི་སློབ་གྲོགས་གཅོད་པ་ཐར་ཞེས་པ་དེས་ང་ནི་མི་བསོད་བདེ་ཅན་ཞིག་ཡིན་པས་ལུག་ལྤགས་མཐའ་མ་དེ་ལེན་གི་ཡིན་ཟེར་ནས་གྲལ་མཇུག་ཏུ་བསྡད་སོང་། ལུག་ལྤགས་ཡག་ཤོས་ཀྱི་གྲས་དེ་བརྩེགས་རིམ་གྱི་དཀྱིལ་ཞིག་ན་འདུག་པས་ང་ལ་ལུགས་ལྤགས་ཡག་པོ་སྤུ་རིང་པོ་ཡོད་པ་ཞིག་ཐོབ་སོང་། མཐའ་མར་གཅོད་པ་ཐར་ལ་མུག་ཤི་ཐེབས་པའི་ལུག་ལྤགས་སྤུ་མེད་པའི་སྐྱི་མོ་ཙམ་ཞིག་ལས་མེད་པ་མུག་སྐྱི་ཞེས་འབོད་པ་དེ་འདྲ་ཞིག་ལས་ཐོབ་མ་སོང་། དེ་བས་སྒྲུང་འདིའི་ནང་གི་ང་ལ་མིག་དཔེ་ལྟོས་མ་གཏོགས་གཅོད་པ་ཐར་ནང་བཞིན་ཆགས་ཡོང་། གཅོད་པ་ཐར་ལ་ཡང་བཟང་ཆ་མེད་པ་མ་ཡིན་ཏེ། ཁོས་མའོ་ཡི་ལྕགས་ཀྱི་འདྲ་པར་ཞིག་གི་མིག་གཉིས་བྲུས་པས་སློབ་གྲྭས་ཁོ་ལ་ཉེས་ཆད་བཏང་ནས་རྒྱུགས་ཆུ་ཞིག་གི་ནང་དུ་དགུན་ཁའི་གྲང་ངར་ནང་ཆུ་ཚོད་གཉིས་ཙམ་རིང་འགྲེང་སྟེ་འདུག་ཏུ་བཅུག་པ་རེད། ཁོས་ད་དུང་མའོ་བདུད་རྒན་ཞེས་ལྕགས་པར་དེ་ཞོན་ནས་ཕར་འགྲོ་ཚུར་འགྲོ་བྱས་པས། ང་ཚོ་ཤག་གཅིག་གི་སློབ་གྲོགས་ཚང་མ་ཧོན་འཐོར་དུ་བཅུག་པ་རེད།
རང་ཅག་གི་སྤྱི་ཚོགས་འདིའི་ནང་ གོང་ས་མཆོག་དང་གཞུང་གི་བཀའ་དིྲན་ལས་འཚོ་ཐབས་འདང་ངེས་སུ་ཡོད་ཀྱང་ དེས་འདོད་བློ་མ་མ་ཚིམས་པར་ནུབ་ཕྱོགས་སུ་བསྐྱོད་སེམས་འབའ་ཞིག་གིས་ རང་ཉིད་དང་སྤྱི་ཚོགས་ཀར་དཀའ་ངལ་འཕར་མ་ཞིག་གི་འོག་ཏུ་ལྷུང་བཞིན་ཡོད གནས་ཡུལ་རྒྱལ་ཁབ་དང་གཞུང་ལ་རྫུན་དང་གཡོ་སྒྱུ་ ལྐོག་རྔན་སྤྲོད་པ་ ཡིག་ཆ་རྫུན་བཟོ་བྱེད་པ་སོགས་ལ་བརྟེན་ནས་བོད་མིའི་བཟང་སྤྱོད་ཉམས་ཆག་འགྲོ་བཞིན་ཡོད་ལ་ ཐ་ན་རང་གི་ཚེ་སྲོག་ལའང་མ་འཛེམ་པར་ཐབས་ལམ་འདྲ་མིན་འཚོལ་བཞིན་ཡོད་འདུག ཉེར་ཆར་ཡིག་ཆ་རྫུན་མའི་ཐོག་ནས་ཨེ་རག་གི་ས་མཚམས་རྒྱུད་ནས་ཡུ་རོབ་ཕྱོགས་སུ་འགྲོ་མཁན་ཞིག་ནང་ནས་ཨེ་རག་མཐའ་སྲུང་དམག་གིས་བོད་མི་སྐྱེས་པ་ཞིག་དང་བུད་མེད་གཅིག་བཅས་དམར་གསོད་གཏོང་ཡོད་པའི་གནས་ཚུལ་འདུག་ལ སྐྱེ་པ་དེ་ནི་གྲྭ་པ་ཞིག་རེད་འདུག་ཟེར་མཁན་ཡང་འདུག
སྙིང་རྗེ་ཨང་། ཡིན་ཡང་སྲིད། དེང་གི་དུས། བོད་མི་འགའ། ཨ་རིའི་ལྷོ། མེག་སི་ཀོ བརྒྱུད་ནས་ཀྱང་། ཨ་རི་ལ། ཡོང་ཐབས་བྱེད། རང་ཡུལ་ནི། རྒྱབ་ཏུ་བསྐྱུར། མི་ཡུལ་ཞིག དང་དུ་བླངས། ལམ་ཁ་རུ། ཚེ་སྲོག་ཤོར། མི་རིགས་འདིའི། ལས་འདི་སྡུག དཀོན་མཆོག་མཁྱེན། གསོན་པོ་ཚོའི། ལམ་ཁྲིད་མཛོད། གཤིན་པོ་ཚོའི། བླ་མ་མཛོད།
ད་ངས་བལྟས་ན་ཕལ་ཆེར་ལུག་ལྤགས་ཐ་མ་དེ་ངས་ལེན་རྒྱུ་གཏན་ཁེལ་བ་འདྲ། འོན་ཀྱང་། ད་ལྟའི་དུས་སུ་དབྱར་དུས་ཡིན་པས་ལུག་ལྤགས་ཡག་ཤོས་ངའི་དེ་ཡིན་སྲིད། གོང་གི་དེ་ཚོ་ཟླ་བ་བཞི་བ་དང་ལྔ་བའི་ལུག་ལྤགས་ཡིན་པས་སྤུ་ངོས་མི་མཉམ་པར་སེམས་ཀུ་རེ། གཅིག་བསྐུར་ཟིན་ཡོད་ལགས།
བོན་རྒྱ་བསྟན་འཛིན་རབ་རྒྱས་ལེགས་ཀྱི་ཚིགས་བཅད་དང་ཚིགས་ལྷུག་གཉིས་ཀར་རགས་ཙམ་བལྟས་པས། རྩོམ་པ་པོའི་ངག་གི་དབང་པོའི་མེ་ཏོག་ལེགས་པར་འཆར་བཞིན་ཡོད་པར་མཐོང་། མ་འོངས་པ་ན་བོད་ཀྱི་སྤྱི་སྐད་དག་ཆ་ཀུན་ལེགས་པར་སྲུང་ཐུབ་པའི་འབྲས་བུ་བཟང་པོ་གངས་ཅན་སྐད་རིགས་སྨྲ་བ་ཀུན་ལ་སྟེར་བའི་རེ་འདུན་ཞུའོ། བཀའ་འགྱུར་གྱི་དག་ཆ་དང་མི་མཐུན་པ་ཚིག་འགའ་ཞིག་ཡོད་ཀྱང་། དེ་དག་ལས་གཅིག་དག་པ་བྱུང་ན་ཡང་། བོད་སྐད་ཀྱི་དག་ཆ་དག་ཇེ་སྡུག་ཇེ་ཉམས་ལས་སྐྱོབ་ཐུབ་པའི་རེ་བས། བདག་གིས་མ་དག་པ་གཅིག་ཁོ་ན། འདིར་བྲིས་པ་ནི། བཀའ་འགྱུར་དང་། དག་ཡིག་ཟ་མ་ཏོག་དང་། ངག་སྒྲོན་རྣམས་ལས་བོད་རྒྱ་ཚིག་མཛོད་ཆེན་མོ་ལ་སོགས་པ་ན་བྲིས་པ་དེ་དག་པར་སེམས་པ་དག་གིས་བཀའ་བསྟན་གྱི་དཔེ་ཆ་ལ་ལྷད་ཞུགས་བྱེད་། དེས་ན། བསྩལ། ཅེས་པ་དེ། གངས་ཅན་ཡུལ་དུ་ཁྱབ་བརྡལ་ཡོད་པའི་བཀའ་འགྱུར་གྱི་དག་ཆ་ལྟར་ན། ལྷ་ཡིས་བསྩལ་བའི་སྐྱེས་ཤིག་ཡོད་ན་སྐད་དང་ཡི་གེ་ཡིན་པ་དང་། །ཞེ་ས་པ་དེ་ནི། ལྷ་ཡིས་སྩལ་པའི་སྐྱེས་ཤིག་ཡོད་ན་སྐད་དང་ཡི་གེ་ཡིན་པ་དང་། །ཞེས་དག་བཅོས་དགོས་པར་མཐོང་ངོ་།།
ཨོ་་་དངོས་གནས་ཡག་པོ་བྲིས་འདུག
བོན་རྒྱ་ལགས་ཀྱི་རྩོམ་ཡིག་འདི་སྤྱིའི་ཆ་ནས་ལེགས་ཙམ་པ་སྟེ། ནམ་རྒྱུན་གྱི་ཁོའི་རྩོམ་གཤིས་ལྟར་གནས་འདུག་མོད། འདིའི་ནང་ཤིན་ཏུ་ཆེ་བའི་སྐྱོན་ཞིག་སྦས་སྐུང་བྱས་འདུག་པ་ནི། རྩོམ་ཡིག་འདིའི་བསམ་བློའི་སྒྲོམ་གཞི་དང་གཞུང་ཤིང་ནི། མགོ་ལོག་གི་མཁས་པ་འཇུ་སྐལ་བཟང་ལགས་ཀྱི་སྐད་ཡིག་སྐོར་གྱི་གཏམ་བཤད་དེའི་བརྗོད་སྙིང་ཚིག་བཅད་དུ་སྡེབ་པ་རེད་འདུག་མོད། ཁོས་ཕྲན་བཤད་སོགས་ན་ཟུར་ཙམ་ཡང་མི་གསལ་བར་རང་ཉིད་ཀྱི་ང་རྒྱལ་ལྟ་བུར་སྐད་ཆེན་པོས་བསྒྲགས་འདུག་པ་འདི་ནི་ཧ་ཅང་ཡག་རྟགས་ཤིག་མ་རེད་འདོད། ལར་ནས་གཞན་གྱི་བསམ་བློ་དང་། ངལ་བའི་འབྲས་བུ་ཅི་འདོད་ལོངས་སྤྱོད་པའི་ངན་གཤིས་འདི་ད་ལྟའི་རྩོམ་མཁན་དུ་གྲགས་པ་ཕལ་མོ་ཆེའི་གཤིས་སུ་གྲུབ་འདུག་པ་འདི་དངོས་གནས་བསམ་ཐུབ་པ་ཞིག་མ་རེད།
བཀྲ་ཤིས་རྡོ་རྗེ་ཡི་དེ་ག་རང་རེད། ངས་ཀྱང་འཇུ་བསྐལ་བཟང་གི་གཏམ་བཤད་དེ་གོ་སོང་།