རིག་འཛིན་དབང་མོ།
ཕྱི་ལོ་ ༢༠༢༠ ཞེས་པའི་རྒྱ་ནད་ཀྱི་བདག་པོ་(ལོ་ཟླ་)དེ་ཕར་ལ་དེད་རྗེས། ཆོས་ལྡན་གྱི་ཡུལ་དུ་འབོད་ཅིང་། བོད་ཡུལ་མཐོ་སྒང་ནས་སྐྱེས་པའི་ཁ་བ་གངས་ཅན་པ་རྣམས་ཀྱིས་མགྲིན་གཅིག་ཏུ། འཛམ་གླིང་ཞི་བདེ་ཡོང་བ་དང་གོ་ལ་འདིའི་མི་མང་རྣམས་ནད་མེད་ཚེ་རིང་ཡོང་བར་གསོལ་བ་སྨོན་ལམ་འདེབས་ཀྱིན་པའི་ཚོད་ཅིག་ཡིན་པར་སྙམ་ཡོད་ཀྱང་། གློ་བུར་གྱི་གནས་ཚུལ་ཞིག་གིས་ང་དང་ང་འདྲ་བའི་མི་མང་དཀྱུས་མ་མང་པོ་ཞིག་གི་སེམས་ལ་དངངས་འཚབ་སྐྱེ་རུ་བཅུག་ཡོད།
དེ་ནི་འཛམ་གླིང་ཐོག་ཆེས་ཞི་བདེ་ཡི་སྒོ་ནས་ཐོབ་པའི་བོད་ཀྱི་མང་གཙོ་འདི་ལ་གས་ཆག་གཤོར་གྱིན་པའི་ཚོར་སྣང་དེ་རེད། རང་ཉིད་ཁྲིམས་ལུགས་རིག་པ་བ་ཞིག་ཡིན་པའི་ཆ་ནས་གནད་དོན་འདིའི་ཐད་བསམ་ཚུལ་ཞིག་འབྲི་འདོད་བྱུང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་ཡ་གྱལ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས། བཅའ་
ཁྲིམས་རིན་པོ་ཆེ་གཞིར་བཞག་ཁྲིམས་ཀྱི་ཐག་གཅོད་ཅིག་བྱས་པར། འཕོ་འགྱུར་ཞེས་པའི་ཐ་རྙེད་དེ་བེད་སྤྱོད་བཏང་སྟེ་གོ་གནས་མེད་པར་བཟོས་འདུག་པ། དེ་ནི་ཆབ་སྲིད་ཀྱིས་ཁྲིམས་ལ་དབང་བསྒྱུར་བྱེད་ཀྱིན་པའི་ལྟས་ངན་གྱི་འགྲོ་ལུགས་ཤིག་ལས། ཁྲིམས་ཀྱི་བསྒྲུབ་ལུགས་ཤིག་མིན་པ་གསལ་བོ་ཡིན།
བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཆོགས་གཙོ་མཆོག་གིས་གཏམ་བཤད་སྐབས་སུ་ཁྲིམས་ལུགས་དོན་ཚན་ཁག་ཅིག་ལུང་འདྲེན་གནང་བའི་སྐོར་ནས། དང་པོ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཅའ་ཁྲིམས་དོན་ཚན་ ༦༦ དང་འགལ་ཡོད་ཅེས་པར། དོན་ཚན་འདིའི་ནང་ཁྲིམས་ཞིབ་ཁང་ཁྲིམས་ལུགས་དབང་འཛིན་གྱི་གོང་ན་མེད་པ་དེ་ཡིན་པ་དང་། ཁྲིམས་ཞིབ་ཐག་གཅོད་བྱེད་སྟངས་ཀྱི་དབང་ཚད་སྐོར་གསུངས་ཡོད་ན། དོན་ཚན་འདི་ཁྲིམས་ཞིབ་པ་རྣམ་པ་འཕོ་འགྱུར་གཏོང་བའི་གཞིར་མ་གྱུར། གལ་ཏེ་ཁྲིམས་དཔོན་འཕོ་འགྱུར་ཞེས་པའི་ཁྲིམས་ཀྱི་ཐ་སྙད་འདི་ཁྲིམས་ཀྱི་ཐག་གཅོད་གནང་མཁན་གྱི་ཁྲིམས་དཔོན་ཚོའི་ཐོག་ལག་བསྟར་བྱས་བསྡད་པ་ཡིན་ན། མ་འོངས་པའི་ཁྲིམས་དཔོན་ཚོར་ཁྲིམས་ཀྱི་དྲང་བདེན་སྐྱོང་བའི་སྤོབས་པ་ཉམས་དམས་སུ་འགྲོ་བའི་འཇིགས་སྐུལ་གྱི་ལག་ཆ་རུ་འགྱུར་ངེས་པ་ཡིན།
ཡང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྱི་མང་གཏུགས་བཤེར་འགྲོ་ལུགས་རྩ་འཛིན་གྱི་དོན་ཚན་ ༦༩ ནང་གསེས་ (ཏ) ཞེས་པ་སྔོན་ཆད་མེད་པ་དང་། ཕྱི་ལོ་ ༢༠༡༩ ལོར་གློ་བུར་དུ་བཅུག་འདུག་པ། དེ་དོན་བཅའ་ཁྲིམས་ཀྱི་དགོངས་དོན་དང་འགལ་ཡོད་པར་གསུངས་འདུག་པ་དེར། དོན་ཚན་འདི་ཟིན་བྲིས་ཕབ་དུས་དང་ཁྲིམས་ཡིག་བསྐྱར་ཞིབ་ཀྱི་ཚོགས་འདུ་བཅས་ལ་གུས་མོ་དངོས་སུ་ཞུགས་མྱོང་ཡོད། དོན་ཚན་འདི་བཅའ་ཁྲིམས་དང་འགལ་བའི་ཁྲིམས་ཡིག་ཞིག་མིན་པ་དང་། ཁྲིམས་ཀྱི་ངོས་བཞེས་ཞེས་པ་འདིའི་ཐོག་རྒྱ་གར་གྱི་ཡུལ་ཁྲིམས་དང་ཨ་རི་ནས་རྒྱལ་སྤྱིའི་ཁྲིམས་ལ་སློབ་གཉེར་བྱེད་མྱོང་བ་བཅས་ཀྱི་ཁྲིམས་ལུགས་རིག་པ་བ་གསུམ་གྱིས་མཉམ་ཞུགས་ཐོག་ཞིབ་འཇུག་བྱས་རྗེས། བོད་མིའི་སྒྲིག་འཛུགས་ནང་མི་ཚེ་ཧྲིལ་བོར་ཕྱག་ལས་གནང་བའི་ཉམས་མྱོང་གཞིར་བཞག་ཐོག་སྤྱི་འཐུས་ལྷན་ཚོགས་ཀྱིས་འོས་བླུགས་པའི་ཁྲིམས་ཞིབ་པ་ཟུར་བ་གཅིག་དང་། སྐབས་དེའི་ལས་ཐོག་ཁྲིམས་ཞིབ་པ་རྣམ་པ། རྒྱ་ནག་གི་ཁྲིམས་ཡིག་དང་བཙན་བྱོལ་བོད་མིའི་ཁྲིམས་ཡིག་ཁག་ལ་ཧ་ཅང་རྒྱུས་མངའ་ཟབ་པའི་ཁྲིམས་དྲུང་བཅས་མཉམ་ཞུགས་བྱས་པའི་བསྐྱར་ཞིབ་ཚོགས་ཆུང་གིས་ཟིན་བྲིས་གཏན་འབེབས་གནང་བའི་སྐབས་ཀྱི་དོན་ཚན་ཞིག་ཡིན་པ་དང་། གྲོས་ཚོགས་ནས་མཐའ་མའི་གཏན་འབེབས་བྱུང་བའི་ཁྲིམས་ཡིག་ཡིན་པ་དེ་གསལ་བོ་ཤེས་དགོས་པར་མཐོང་།
འཕོ་འགྱུར་གཏོང་ཕྱོགས་ཀྱི་ཐད་ནས་གྲོས་ཚོགས་ཀྱིས་བཅའ་ཁྲིམས་ཀྱི་དོན་ཚན་ང་བཞི་པ། གྲོས་བསྡུར་བཀག་སྡོམ། ཞེས་པའི་དགོངས་དོན་ལྟར་ཆེས་མཐོའི་ཁྲིམས་ཞིབ་པ་དང་ཁྲིམས་ཞིབ་པ་གཞན་གཉིས་བཅས་འཕོ་འགྱུར་བཏང་ཡོད་ན། དོན་ཚན་ང་བཞི་པ། གྲོས་བསྡུར་བཀག་སྡོམ་ཞེས་པ་ད་ལྟའི་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་ན་འདི་ལྟར་གསུངས་ཡོད།
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་གང་རུང་འཕོ་འགྱུར་བྱ་རྒྱུའི་སྐོར་དང༌། སྤྱི་འཐུས་ལྷན་ཚོགས་ནས་ཚོགས་ཆུང་ཟུར་འཛུགས་ཀྱིས་རྟོག་ཞིབ་ཐོག་སྤྱི་འཐུས་ལྷན་ཚོགས་སུ་སྙན་ཐོ་འབྱོར་བའི་སྐབས་སུ་མ་གཏོགས་དེ་མིན་ཁྲིམས་ཞིབ་པའི་ལས་དོན་བྱེད་ཕྱོགས་སྐོར་སྤྱི་འཐུས་ལྷན་ཚོགས་སུ་གླེང་སློང་དང༌། གྲོས་བསྡུར་བྱེད་མི་ཆོག
ཡང་ཆེས་མའི་ཐོག་མའི་རྩ་ཁྲིམས་ (ད་ལྟ་བཅའ་ཁྲིམས་སུ་བཅོས་ཡོད) ཀྱི་དགོངས་དོན་ལྟར་ན་ གྲོས་བསྡུར་བཀག་སྡོམ། དོན་ཚན་ང་བརྒྱད་པའི་ནང་དོན་འདི་ལྟར་གསལ་ཡོད། རྒྱལ་ཡོངས་ཚོགས་ཆེན་ (བོད་མི་མང་སྤྱི་འཐུས་ལྷན་ཚོགས་) ནས་གཤམ་གསལ་ལྟར་ཁྲིམས་ཁང་མཐོ་ཤོས་ཀྱི་ཁྲིམས་དཔོན་ཞིག་ལས་ཁུར་ཕྱིར་འཐེན་བྱ་རྒྱུའི་སྐོར་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ ༧སྙན་འབུལ་ཞུ་དགོས་ཀྱི་དོན་གནད་བྱུང་ན་མ་གཏོགས། དེ་མིན་ཁྲིམས་དཔོན་སུ་རུང་གི་འགན་ཁུར་ལས་དོན་བྱེད་ཕྱོགས་ལ་གྲོས་གླེང་ཆོག་པ་མ་ཡིན།
གོང་འཁོད་ཁྲིམས་ཡིག་གསར་རྙིང་གཉིས་ཀའི་ནང་ཁྲིམས་ཞིབ་པའི་ལས་དོན་བྱེད་ཕྱོགས་སྐོར་སྤྱི་འཐུས་ལྷན་ཚོགས་སུ་གླེང་སློང་དང་གྲོས་བསྡུར་མི་ཆོག ཞེས་པའི་ཁྲིམས་ཀྱི་གོ་དོན་ནི། ཁྲིམས་ཞིབ་པས་ཁྲིམས་ཀྱི་ཐག་གཅོད་བྱེད་ཕྱོགས་སྐོར་སྤྱི་འཐུས་ལྷན་ཚོགས་སུ་གླེང་སློང་དང་གྲོས་བསྡུར་བྱེད་མི་ཆོག་ཅེས་པ་དེ་རེད། དེ་ནི་ཁྲིམས་ཀྱིས་དྲང་བདེན་སྐྱོང་བར་ཆབ་སྲིད་ཀྱི་གནོན་ཤུགས་ཡོང་མི་ཉན་པའི་སྲོང་སྐྱོབ་ཅིག་རེད།
འཛམ་གླིང་གི་ཡར་ཐོན་ཅན་དང་མང་གཙོའི་རྒྱལ་ཁབ་མང་པོའི་ཁྲིམས་དཔོན་འཕོ་འགྱུར་(impeachment of judges) གྱི་ལོ་རྒྱུས་ཁྲོད་དུ། ལྐོག་ཟ་རུལ་སོང་དང་ལོག་གཡེམ་ལ་སོགས་མི་དགེ་བའི་ལས་བྱེད་མཁན་གྱི་ཁྲིམས་དཔོན་ཚོ་འཕོ་འགྱུར་བཏང་ཡོད་པ་ལས། ཁྲིམས་ཀྱི་ཐག་གཅོད་བྱས་པ་ཞིག་གཞི་ལ་བཞགས་ནས་ཆབ་སྲིད་པའི་སྡེ་ཡིས་ཁྲིམས་དཔོན་འཕོ་འགྱུར་གཏོང་བ་ནི། ཁྲིམས་ལུགས་རིག་པ་བའི་སྡེ་ལ་ཁྱད་གསོད་དང་རྒྱལ་ཁབ་ཀྱི་ཁྲིམས་ལ་གཉའ་གནོན་བྱས་པ་ལྟ་བུར་ངོས་འཛིན་བྱས་ཡོད། ཆབ་སྲིད་ཀྱི་དབང་ཤུགས་ཀྱིས་ཁྲིམས་ཀྱི་ཐག་གཅོད་བྱ་བའི་རང་དབང་ལ་རྡོག་རོལ་བྱས་པ་འདི། བོད་ཙམ་མ་ཟད་འཛམ་གླིང་གི་ཁྲིམས་ལུགས་ལོ་རྒྱུས་ཁྲོད་དུའང་ནག་ཉེས་དང་གླེན་རྟགས་ཀྱི་ངོ་བོར་ལྷག་ངེས་རེད། ད་ལྟའི་བཙན་བྱོལ་བོད་མིའི་ཁྲིམས་དེབ་གསུམ་ནི། ཁྲིམས་ཀྱི་མ་ཡིག་ཐད་གར་ཕབ་པའི་ཁྲིམས་དེབ་(Bare Act) ཀྱི་དོན་ཚན་ཁག་ཡིན་པ་ལས། ད་ལྟའི་ཆར་ཁྲིམས་དེབ་འདི་དག་ལ་ཁྲིམས་འགྲེལ་གྱི་དེབ་གཅིག་ཀྱང་བོད་ཡིག་ནང་ཐོན་མེད། མ་འོངས་པར་ཁྲིམས་འགྲེལ་གྱི་དེབ་དང་ཞིབ་འཇུག་གི་དེབ་སོགས་སླེབས་དུས་ཁྲིམས་ཀྱིས་ངོས་བཞེས་དང་འཕོ་འགྱུར་ཞེས་པ་སོགས་ཀྱི་རྒྱབ་ལྗོངས་ལོ་རྒྱུས་དང་བཅས་པ་ཡོང་ངེས་ཤིང་། དེ་དུས་དེ་དག་ངོས་ལེན་བྱེད་མིན་གྱི་གླེང་སློང་ནི་ཁྲིམས་རྨོངས་པའི་རིག་བྱེད་ཅིག་ཡིན་པ་ར་འཕྲོད་ངེས་རེད།
དེའི་ཕྱིར་ཕྱི་ལོ་ ༢༠༢༡ ལོའོ་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཤམ་འོག་དོན་ཚན་ཁག
དང་པོ། ཁྲིམས་ཞིབ་པ་རྣམ་པས་ཁྲིམས་ཀྱི་ཐག་གཅོད་བྱ་བའི་རང་དབང་ལ་རྡོག་རོལ་བྱས་པ།
གཉིས་པ། བཅའ་ཁྲིམས་རིན་པོ་ཆེ་ལ་གཉའ་གནོན་བྱས་པ།
གསུམ་པ། ཁྲིམས་ལུགས་རིག་པ་བའི་སྡེ་ལ་ཁྱད་གསོད་བྱས་པ།
བཞི་བ། ཁྲིམས་ཞིབ་པ་འཕོ་འགྱུར་ཞེས་པར་གོ་ལོག་དང་བེད་ལོག་བྱས་པ། བཅས་ངོས་ཟིན་གྱིས་བཅའ་ཁྲིམས་ལ་བརྩི་བཀུར་ཐོག
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་བཅས་རང་སོར་ལས་གནས་སུ་གདན་ཞུ་བྱས་ཏེ། བཅའ་ཁྲིམས་རིན་པོ་ཆེ་དང་གོང་འཁོད་ཁྲིམས་ཞིབ་པ་རྣམས་ལ་དགོངས་སེལ་ཞུ་དགོས་པའི་འབོད་བསྐུལ་དུ།
ཁྲིམས་ལུགས་རིག་པ་བའི་མིང་འཛིན།
རིག་འཛིན་དབང་མོས།
ཕྱི་ལོ་ ༢༠༢༡ ཟླ་ ༠༤ ཚེས་ ༠༢ ཉིན།