དོལ་སྨྱོན། (ཧྥ་རན་སི།)
1 ༽ པཱ་ལགས་དྲན་པ།
ང་རང་ལས་ཀ་མེད་དུས་ཡར་མར་ལ་འཁྱམས་བསམ་བློ་བཏང་།།
རྒྱང་རིང་ལ་བལྟས་མི་ཚོགས་ལ་བལྟས་དེ་ནས་རང་ལ་བལྟས།།
ངས་མཐོང་བའི་རང་ཉིད་དེ་ང་རང་ཡིན་ནམ་དོགས་པ་བཟས།།
ཐེ་ཚོམ་དེས་ང་རང་ཉོབ་ཏུ་བཅུག་ད་དུང་བསུན་པར་བྱས།།
དེ་རིང་སྐད་འཕྲིན་ནས་ངས་པཱ་ལགས་ཀྱི་འདྲ་པར་མཇལ།།
ལ་མོ་བརྒྱ་ཕྲག་དང་གཙང་ཆབ་སྟོང་ཕྲག་ད་དུང་ཡང་།།
གངས་རི་དང་རྫ་རི་གྲངས་མེད་ཞབས་ཀྱིས་བརྫིས་པའི་ཁོང་།།
ད་ལྟའང་བཞིན་ལ་འཛུམ་གྱིས་ཁེངས་ཤིང་ཉམས་ཀྱིས་བཞུགས་འདུག།
ངེད་གཉིས་རོང་ལམ་བརྒྱུད་པའི་གཏམ་རྒྱུད་དེ་དེ་རིང་མི་འབྲི།།
ངེད་གཉིས་ཤར་ལམ་བཅད་པའི་དངོས་སྒྲུང་ཡང་འདི་ནས་མི་ཤོད།།
ཁྱེད་ཀྱི་ཞལ་གྱི་འཛུམ་མདངས་དེས་ང་རང་སྐྱིད་ནས་ཡོད་ལ།།
ཁྱེད་རང་ཡོད་པ་ཙམ་གྱིས་ང་ཡི་ཡོད་ཚད་ཡོད་གཏན་དུ་བཞུགས།།
ཁྱེད་ཀྱིས་གནང་བའི་སྦྱང་ཤིང་དེ་ད་ལྟ་ཆག་ནས་མེད་རུང་།།
ངས་ཡི་གེ་འབྲི་བཞིན་པ་ཁྱེད་ཀྱི་བཀའ་དྲིན་ཁོ་ན་ཡིན།།
ཁྱེད་ཀྱིས་ཐལ་ལྕག་དང་འགྲམ་ལྕག་གཞུས་པའི་བཀའ་དྲིན་ལས།།
ངས་ད་ལྟ་ཁྱེད་ལ་སྙན་ངག་གི་མཆོད་པ་འབུལ་བཞིན་ཡོད།།
ང་རང་ཧྥ་རན་སིར་འབྱོར་རྗེས་ལྕགས་ཀྱི་ཀ་རིང་ལ་བལྟས།།
སྐབས་དེར་ངས་ཁྱེད་རང་དྲན་ཞིང་ལྷག་ཏུ་ཨ་མ་ལགས་དྲན།།
ང་ལ་བྱམས་ཤིང་བརྩེ་བའི་ཨ་མ་ད་ལྟ་ཡོད་ན་བསམས།།
མིག་ཆུའི་ཐིགས་པ་འགའ་ལྕགས་ཀྱི་ཀ་རིང་ལ་བརྩེ་བས་གཏོར།།
ལ་ལུང་གིས་བར་ཐག་བཅད་ནའང་བརྩེ་བ་ལ་བར་ཐག་མེད་པས།།
བརྩེ་བ་ཞེས་པའི་ཡིག་འབྲུ་དེས་ང་རང་གསོན་པར་བྱས་ཡོད།།
ཁྱེད་ཀྱི་བརྩེ་བ་དང་ཁྱེད་ཀྱི་སྨོན་འདུན་ད་དུང་ཁྱེད་ཀྱི་ཐུགས་རྗེས།།
ང་རང་རྐང་པ་གཉིས་ལ་རྟེན་ནས་མི་ཚོགས་ཁྲོད་འགྲོ་བཞིན་ཡོད།།
འགའ་ཞིག་གིས་ང་རང་གནམ་ལ་བཀྱགས་ནས་བསྐྱངས་ནའང་རུང་།།
འགའ་ཞིག་གིས་ང་རང་ས་ལ་བརྡབས་ནས་གཡུགས་ཀྱང་ཆོག།
ཁྱོད་རང་ཡོད་པས་ང་རང་ཡོད་གཞན་ཅི་ཡང་མི་དགོས།།
ཕ་མ་ཡིན་ལ་གྲོགས་པོའང་ཡིན་པ་ཁྱོད་ཁྲི་ལོར་ཤོག།
17-09-2016
2 ༽ ཨ་མ་དྲན་སྟངས་ཤིག
དེ་རིང་”ལ་དྷེ་ཕོན་”ལ་རོགས་པ་དག་འཁྱམས་འཁྱམས་ལ་འཁྲིད།།
ཁོང་ཚོའི་འཛུམ་དང་གོད་སྒྲས་ང་ལ་རང་ཁྱིམ་དྲན་དུ་བཅུག།
ཨ་མའི་འཛུམ་མདངས་དང་བྱིས་པའི་རྩེད་རྭ་དེ་དྲན་དུ་བཅུག།
སྐད་ཅིག་མ་འགའི་རིང་ང་རང་བྱིས་དུས་ལ་ལོག་ཏུ་བཅུག།
ནམ་མཁའ་སྤྲིན་གྱིས་བཏུམས་ཤིང་ཆར་པ་ཡང་ཟམ་ཟིམ་དུ་འབབ།།
བསིལ་རླུང་འུར་འུར་དེས་ཕ་ཡུལ་གྱི་དགུན་རླུང་དྲན་དུ་བཅུག།
ང་ཡིས་རླུང་བུ་ལ་བྲང་གཞུང་བཟེད་ནས་ཕ་ཡུལ་སེམས་ཀྱིས་དྲན།།
གངས་རི་དང་རྩྭ་ཐང་རྐང་ལམ་དང་ཞིང་རྣང་དག་དྲན་པར་བྱས།།
མ་ཡུམ་ཞིག་གི་འཛུམ་མདངས་མཐོང་དུས་རང་གི་ཨ་མ་དྲན་འོངས།།
ང་རང་བསོད་ཅན་ནང་གི་བསོད་མེད་སྐམ་པོ་སྐམ་པོ་ཞིག་སྟེ།།
ངས་ཨ་མ་དྲན་པ་ཙམ་ལས་ཨ་མའི་འཛུམ་མདངས་མཐོང་མི་ཐུབ།།
ཨ་མ་ཞེས་པའི་མིང་འདི་ང་ལ་མཚོན་ན་དྲན་རྟེན་ཙམ་ཞིག།
ང་རང་མེ་འཁོར་ནང་གཅིག་པུར་འགྲོ་དུས་ཨ་མ་དྲན་འོངས།།
དྲན་དྲན་ནས་མིག་ཟུང་མཆི་མས་ཁེངས་པ་ཡང་ལན་ཅིག་མིན།།
སྐབས་དེར་ཨ་མའི་མིང་ནས་སྐད་ཤུགས་ཡོད་ཚད་ཀྱིས་བོས་ཏེ།།
ང་རང་ཞེ་འདོད་དེ་མ་ཚིམས་ཀྱི་བར་དུ་ངུ་ན་འདོད་འོངས།།
ང་རང་ནམ་ཡང་མི་ཡ་རབས་ཤིག་བྱེད་པར་དམ་བཅའ་བཞག་ཡོད།།
ངས་རང་གི་ཨ་ཕ་ཡི་བཀའ་ལ་ཉན་པར་དམ་བཅའ་བཞག་ཡོད།།
འཇིག་རྟེན་ཁམས་ཀྱི་བུད་མེད་ཀུན་ལ་བརྩི་བའི་དམ་བཅའ་བཞག་ཡོད།།
དེ་ནི་ཨ་མ་ཁྱོད་ཀྱི་བཀའ་དྲིན་ཟུར་ཙམ་དྲན་པའི་ཁུལ་ཡིན།།
25-09-2016
3 ༽ ཕྱིར་དྲན་ཞིག
ང་རང་མེ་འཁོར་ནང་འགྲོ་དུས་བསམ་གཞིགས་ཀྱི་ཀློང་ན་འཐིམ།།
བསམ་བློ་གཏོང་གིན་གཏོང་གིན་ཁ་སྤུ་དག་རེ་རེ་བཞིན་བཀོག།
དཔེ་དེབ་ཀྱི་ཤོག་ངོས་སམ་ཡང་ན་ཁ་པར་གྱི་སྟེང་ན་བཙུགས།།
གོམས་ལོབས་སུ་གྱུར་པའི་སྤྱོད་པ་དེར་ང་རང་ཧ་ཅང་དགའ།།
ངས་སྒེའུ་ཁུང་ནས་རྒྱང་རིང་ལ་བལྟས་སུ་ཞིག་མཐོང་བར་བྲེལ།།
གནམ་ས་འདྲེས་མཚམས་དེ་སེམས་ལ་ཟུག་ད་དུང་དབུགས་རིང་ཤོར།།
དམར་སེར་མཚམས་སྤྲིན་དེ་ཅི་འདྲའི་མཛེས་ཤིང་སྡུག་ཞེ་ལ་ཆགས།།
སེམས་པ་ཁེར་རྐྱང་དེའི་སྐྱོ་རོགས་ཤིག་ཡང་ན་རྟེན་ས་ཞིག།
སེམས་པ་འདི་སུ་ལ་འཁྲེང་དུང་བ་དེ་གང་ལ་ཆགས།།
ཐོབ་པ་དེ་གང་ཞིག་ཡིན་ཤོར་བ་དེ་ཅི་ཞིག་ཡིན།།
ཐོབ་ཤོར་གྱི་བར་ན་ང་རང་ངལ་ཞིང་ཆད་པར་གྱུར།།
ངལ་བ་འདི་ནམ་ཞིག་སངས་ཆད་པ་འདི་ནམ་ཞིག་གསོས།།
ངས་ཁྱོད་རང་དྲན་དུས་དཔེ་དེབ་ལ་སེམས་པ་གཡེངས།།
ཤོག་ངོས་སྟེང་གི་ཡིག་འབྲུ་དག་ཅི་འདྲའི་མཛེས་པ་ལ།།
འཕྲེང་བར་བསྡེབས་པའི་སྐད་ཅ་དག་དེ་འདྲའི་སྙན་པ་ལ།།
དགའ་སྐྱོ་མོད་པའི་གཏམ་རྒྱུད་དག་དེ་འདྲའི་ཡག་ག་ལ།།
ཁྱོད་རང་མེད་པའི་ལོ་ཟླ་འདི་ནམ་ཡང་མུན་ནག་ཅིག།
ཁྱོད་ལ་དུང་བའི་སེམས་པ་འདི་ནམ་ཡང་ན་ཟུག་ཅིག།
ཁྱོད་ཀྱིས་བཞག་པའི་དྲན་རྟེན་དེ་སེམས་ཀྱི་རྟེན་ས་ཞིག།
ཁྱོད་དང་འབྲེལ་བའི་རྒྱུད་རིམས་དེ་ང་ཡི་ཕྱིར་དྲན་ཞིག།
གསེར་ལ་དོ་བའི་མི་གཞི་དེ་ངས་ནམ་ཡང་དྲན་གསོ་བྱེད།།
ཞི་ཞིང་དུལ་བའི་ཀུན་སྤྱོད་དེ་ངས་གཏན་དུ་དྲན་གསོ་བྱེད།།
ལྷུན་གྱིས་གྲུབ་པའི་འཛུམ་མདངས་དེ་ངས་རྟག་ཏུ་དྲན་གསོ་བྱེད།།
ཁྱོད་ཀྱི་ཡོད་ཚད་དག་སེམས་ཀྱི་ཟབ་ས་ནས་དྲན་གསོ་བྱེད།།
16-09-2016
པཱ་ལགས་ལས། ཕ་ལགས་འདི་དག་པ་འདུག