གྲགས་པ་རྒྱ་མཚོས།
————————
དེ་ཡང་ཕྱི་ལོ་༢༠༡༡ལོའི་སྐབས་གསུམ་པའི་བཀའ་བློན་ཁྲི་བ་དང་། སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ཀྱི་འོས་གཞིར་དམིགས་ནས་ཚོགས་པ་སྤྱི་སྡུག་ཁག་དང་། གསར་འགྱུར་བརྒྱུད་ལམ་སོགས་གང་སར་བགྲོ་གླེང་དང་། འོས་གཞི་འདོན་པ། བསམ་ཚུལ་བརྗེས་རེས་སོགས་བྱུང་དང་འབྱུང་བཞིན་པ་དེ་ཚོ་མང་ཚོགས་ཀྱི་གོ་རྟོགས་འཐོར་འདེགས་ཡོང་ཆེད་དང་བསམ་བློའི་བློ་སྒོ་འགྱེད་བྱེད་ལྟ་བུར་ངེས་པར་དུ་ཕན་ཐོག་ཡོད་པར་སྣང་ཡང་། ཞོར་ལ་སྐྱོན་གྱི་རིགས་མང་པོ་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་འབྱུང་བཞིན་པ་འདི་ཚོ་ནི་འབུར་འཇོམས་མ་བྱས་ན་ཧ་ཅང་གི་ཉེན་ཁའི་རང་བཞིན་ཅན་དུ་མཐོང་ནས་བསམ་ཚུལ་ཕྲན་བུ་ཞིིིིག་བརྗོད་པ་ལ།
དང་པོ་བཀའ་བློན་དང་སྤྱི་འཐུས་ཀྱི་འོས་གཞི་འདོན་ཕྱོགས་ཀྱི་ཐོག་ལྟ་སྟངས་དང་། གཉིས་པ་འོས་གཞིར་ཕེབས་སྟངས་ཀྱི་རིམ་པ། གསུམ་པ་བཀའ་བློན་ཞིག་ལ་ངེས་པར་དུ་ཚང་དགོས་པའི་འོས་ཆོས། བཞི་པ་བོད་མི་སྤྱི་འཐུས་ཤིག་ལ་ཚང་དགོས་པའི་འོས་ཆོས་བཅས་ལས། དང་པོ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྤྱི་སྡུག་ཁག་གིས་བཀའ་བློན་དང་སྤྱི་འཐུས་ཀྱི་འོས་གཞི་མང་པོ་ཞིག་མང་ཚོགས་ནང་ཁྱབ་བསྒྲགས་བྱས་དང་བྱེད་བཞིན་པ་རེད།་དེའི་ཐོག་ཁོ་བོས་ཞིབ་འཇུག་གི་རང་བཞིན་ཅན་གྱི་བསམ་ཚུལ་གཉིས་བརྗོད་རྒྱུ་ལ། ཚོགས་པ་སྤྱི་སྡུག་ཁག་གིས་ཐུགས་འགན་བཞེས་ཏེ་འོས་གཞི་བཏོན་པ་ལ་དགེ་མཚན་དང་སྐྱོན་གཉིས་ཀ་མཐོང་ཞིང་། དེ་ཡང་མང་ཚོགས་ནང་འོས་མི་བཏོན་པ་དེའི་དགེ་མཚན་གྱི་ཕྱོགས་ནས་བརྗོད་ན། འོས་མི་ངོ་མི་ཤེས་མཁན་དེ་ཚོར་ཕྲན་བུ་ཕན་པའི་རང་བཞིན་དུ་འགྱུར་སྲིད་ནའང་། སྤྱིའི་ཆ་ནས་མང་ཚོགས་ལ་ཞིབ་འཇུག་བྱེད་རྒྱུའི་སྒོ་འཁག་འགྲོ་བ་དེ་འདྲའི་རྣམ་པ་ཞིག་མཐོང་སོང་། ལྷག་པར་དུ་ཆོལ་ཁའམ་ཚོགས་པ་གེ་མོ་ཞིག་གིས་འོས་གཞི་ཞིག་བཏོན་ན་དེ་ལ་མང་ཚོགས་ཕལ་མོ་ཆེས། རང་བཞིན་གྱིས་ཡིན་ཤག་ཤག་བྱས་ནས་འོས་བླུག་ཡོང་གི་ཡོད་པ་རེད། དེ་ལྟར་བྱས་པ་ཡིན་ན་མང་གཙོའི་ལམ་ནས་འདེམས་པ་རེད་ཟེར་པ་དེ་མང་གཙོ་ཚད་ལྡན་ཞིག་ཆགས་མི་འདུག ཚུལ་དེ་ལ་དགོངས་ནས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས། ཕྱོ་ལོ་༢༠༠༢སྤྱི་ཟླ༩ཚེས༨ཉིན། བཙན་བྱོལ་གཞུང་གི་ཆབ་སྲིད་ཀྱི་ལྟ་བ་དང་། སྲིད་བྱུས་ཀྱི་ལས་རིམ་བཅས་ཀྱི་ཡང་དག་པའི་རིག་པའི་གཞུང་ལུགས་ཀྱི་རྒྱས་བཤད་ཅེས་པའི་ནང་། གང་ཟག་སོ་སོའི་རང་དབང་གིས་བསམ་བློ་བཏང་སྟེ་བླང་དོར་ཐག་གཅོད་བྱེད་རྒྱུའི་ཚབ་ཏུ་ཆབ་སྲིད་ཚོགས་པ་ཁག་ནས་ཐག་བཅད་པའི་བསམ་ཚུལ་རྣམས་མང་ཚོགས་ལ་བཙན་བཀོལ་བྱས་པ་དེ་ཡང་དག་པའི་མང་གཙོའི་རིང་ལུགས་མ་ཡིན། ཅེས་གསུངས་ཡོད་པ་རེད། དེར་བརྟེན་མང་ཚོགས་རང་ངོས་ནས་གྲུང་ཤ་དོད་པོའི་ཐོག་ནས་རང་ཉིད་ཀྱིས་ཞིབ་འཇུག་དང་རྩད་གཅོད་བྱས་ནས་སྒེར་སོ་སོའི་འདོད་མོས་ཡོད་པའི་མི་ཞིག་ངེས་པར་དུ་བརྙེད་ཐབས་བྱས་ན་དེ་འགྲུབ་མི་ཐུབ་པ་ཞིག་གཏན་ནས་མ་རེད། བསྲེག་བཅད་བརྡར་བའི་གསེར་ནང་བཞིན་བྱེད་མ་ཐུབ་རུང་། རྒྱ་ཚེད་དང་། སྲང་ཚེད་བྱེད་མི་ཐུབ་ཞིག་ག་ལ་ཡོད། དེས་ན་ང་ཚོས་ཁུར་བླངས་ནས་མ་འོངས་པའི་བོད་དོན་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་འི་དགོངས་བབ་སོགས་ཕྱོགས་མང་པོར་བལྟས་ནས་སྤྱི་ལ་ཕན་པའི་མི་ཞིག་ངེས་པར་དུ་འདེམས་ཐབས་བྱེད་དགོས་པ་རེད་མ་གཏོགས་ཟེར་སྒྲོས་དང་གྲགས་པའི་རྗེས་སུ་འགྲང་ནས་སོང་པ་ཡིན་ན། བླུན་པོ་དོན་ལ་མི་ལྟ་བར།།གཞན་གྱིས་བྲིད་པའི་དབང་དུ་གཏོང་།།སྲིན་མོའི་ངག་བཞིན་ཉན་པ་ཡིས།།ཚོང་མགྲོན་མཐའ་དག་ཕམ་ལ་ལྟོས།། ཟེར་པའི་དཔེར་འགྱུར་མི་སྲིད་པ་མིན།
གཉིས་པ་འོས་མི་རྣམས་འོས་གཞིར་ཕེབས་སྟངས། འདས་པའི་བྱུང་རབས་ལ་ཕྱི་མིག་ཅིག་བལྟས་པ་ཡིན་ན། མང་ཚོགས་ཀྱིས་འདེམས་བཞག་པའི་འོས་མི་དེ་ཚོ་ལ་འདོད་པ་ཡོད་མིན་དང་། མང་ཚོགས་ཀྱི་བསམ་ཚུལ་མཚོན་པའི་ཕྱག་ལས་གནང་བློ་ཡོད་མེད་སོགས་ལ་ཞིབ་འཇུག་མ་བྱས་པར། ཚོགས་པའམ་སྒེར་པ་ཁག་ཅིག་གིས་མིང་བཏོན་བཞག་པ་དེ་ཚོ་རྐུབ་སྟེགས་ཐོག་བསླེབས་ཡོང་དུས། ཕྱི་ལོ་༢༠༠༩ལོའི་སྐབས་༡༤གྲོས་ཚོགས་ཚོགས་དུས་བརྒྱད་པ་མཇུག་བསྒྲིལ་མ་ཐུབ་པའི་གནས་ཚུལ་དང་། དབུ་མའི་ལམ་གྱི་སྲིད་བྱུས་ལ་ཡིད་མེད་གསུང་མཁན་དེ་ཚོའི་རིགས་བྱུང་པ་རེད།
གནས་ཚུལ་དེ་ཚོའི་རིགས་འབྱུང་ཉེན་ལ་བརྟེན། དེ་སྔོན་ཕྱི་ལོ་༡༩༩༤ལོའི་སྤྱི་ཟླ་༡ཚེས་༡༢ཉིན། གྲོས་ཚོགས་ཚོགས་དུས་དྲུག་པའི་ཐོག་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས། མང་གཙོའི་འཕེལ་རིམ་དང་། འགལ་རྐྱེན། ཕྱི་གསལ་ནང་གསལ་དགོས་ཚུལ་གྱི་བཀའ་སློབ་ནང་། སྤྱིར་བཏང་མང་གཙོའི་རིང་ལུགས་ལ་འགལ་རྐྱེན་མང་པོ་ཡོད་ཀྱང་། དེང་སང་འགལ་རྐྱེན་ཆེ་ཤོས་གཉིས་ཡོད་པ་ནི། དངུལ་གྱི་སྟོབས་ཤུགས་དང་དཔུང་གི་སྟོབས་ཤུགས་གཉིས་རེད། མི་མང་ལ་ཤེས་ཡོན་མེད་ན་དངུལ་གྱིས་འོས་ཤོག་ཉོ་ཚོང་དང་། དཔུང་ཤེད་ཀྱིས་བཙན་དབང་བྱས་ནས་འོས་ཐོབ་ལེན་རྒྱུ་སོགས་རེད། ཐག་ཉེ་ས་ནས་རྒྱ་གར་ནང་ང་ཚོས་མཐོང་བཞིན་པ་རེད། དེ་འདྲའི་འགལ་རྐྱེན་ང་ཚོའི་སྤྱི་ཚོགས་ནང་མི་ཡོང་པའི་ངེས་པ་མེད། ཕྱི་ནང་གཉིས་ཀ་ནས་འགལ་རྐྱེན་ཡོད་པ་མ་ཟད། ལྷག་པར་ཕྱི་ནས་ཐབས་ཤེས་བྱེད་མཁན་ཡོད་སྟབས། ཐུགས་སྣང་དང་དྭོགས་ཟོན་དགོས་གལ་ཆེ། ཞེས་གསུངས་ཡོད་པ་འདི་ཚོ་ནི་དོན་ལ་གནས་པའི་རྒྱུན་མཚན་ཡང་དག་རེད། བཀའ་བློན་དང་སྤྱི་འཐུས་སུ་འདྲ་ཞིག་ཡིན་ནའང་འོས་གཞིའི་ནང་ཞུགས་དང་མི་ཞུགས་དེ་རང་དབང་རེད། གལ་ཏེ་ཞུགས་བློ་ཡོད་ན་ང་ལ་ཞུགས་བློ་ཡོད་གསུངས་ནས་ཞལ་སངས་ན་ཧ་ཅང་དགེ་མཚན་ཆེ། དཔེར་ན་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་ཀྱིས་གནང་སྟངས་ལྟར་བྱས་ན་ཤིན་ཏུ་ལེགས། ལྷག་པར་དུ་འོས་མི་འཚོལ་བསྡུ་དང་ཁྱབ་བསྒྲགས་བྱེད་མཁན་གྱི་ཚོགས་པ་སྤྱི་སྒེར་ཁག་གིས་བཀའ་བློན་དང་སྤྱི་འཐུས་སུ་འདྲ་ཞིག་གི་འོས་མིར་བཏོན་ཡོད་ན། འོས་མི་སོ་སོར་བཀའ་འདྲི་ཞུས་ཏེ། ཆ་རྐྱེན་དང་པོ་དེ་ལ་ཞུགས་བློ་ཡོད་མེད། གཉིས་པ་ཞུགས་བློ་ཡོད་ན་འོས་ཐོབ་སོང་ན་མ་འོངས་པར་བོད་སྤྱི་ལ་ཕན་པ་དང་། ༧གོང་ས་༧སྐྱབས་མགོན་ཡིན་བཞིན་ནོར་བུའི་དབུ་འོག་དཔུང་འདེགས་ཞུ་རྒྱུའི་ཐོག་འཆར་གཞི་དང་། ཆོད་སེམས་ག་འདྲ་ཡོད་མེད་སོགས་ཀྱི་ཐོག་འདྲི་རྩད་ནན་མོ་བྱས་ནས་འོས་མི་སོ་སོའི་བསམ་འདུན་ཡང་མང་ཚོགས་ནང་འདོན་ཐུབ་ན་མ་འོངས་པར་སྤྱི་འཐུས་དང་བཀའ་བློན་སུ་འདྲ་ཞིག་གིས་ལས་ཁུར་ཡག་པོ་མ་ཁུར་ན་ཐད་ཀར་མང་ཚོགས་ཀྱིས་དེ་སྔོན་ཁྱེད་ཀྱིས་འོས་གཞིར་ཞུགས་སྐབས་ཀྱི་སྐད་ཆ་དང་འགལ་འཛོལ་བྱུང་འདུག་ལབ་ནས་ལག་པ་འཇུ་ས་ཡོད་པ་ཞིག་རེད། དེ་ལྟར་མ་བྱུང་ན་མ་འོངས་པར་ལས་དོན་བྱེད་ཕྱོགས་ཀྱི་ཆ་ནས་མང་ཚོགས་ཀྱི་འདོད་བློར་མི་འགྲོ་བ་དེ་འདྲའི་རིགས་ཀྱི་ལབ་གླེང་བྱུང་ན། སྐབས་དེ་དུས་ང་ལ་ཤེས་འཇོན་གང་ཡང་མེད་ཀྱང་ང་མང་ཚོགས་ཀྱིས་འདེམས་བཞག་པ་རེད་ལབ་ན་དེ་དུས་མཛུབ་མོ་ཁ་ནང་ལ་བཅུག་འདུག་རྒྱུ་ལས་གཞན་པའི་ཐབས་གང་ཡང་མེད། དེ་ལྟ་བུའི་གནས་ཚུལ་བྱུང་ན་གྱོང་རགས་ས་དེ་བོད་སྤྱི་བའི་ཐོག་རེད། གོང་དུ་བརྗོད་པའི་གནས་ཚུལ་དེ་དག་ལ་བརྟེན་ནས་མ་འོངས་པའི་སྤྱི་འཐུས་དང་བཀའ་བློན་འདེམས་ཕྱོགས་ལ་ཚང་མས་དགོངས་པ་ཆེར་བཞེས་ཀྱིས་ཡང་དག་པའི་མང་གཙོའི་རིང་ལུགས་ཀྱི་གོ་སྐབས་བཟང་པོ་དེ་ལོངས་སུ་སྤྱད་ནས་བོད་སྤྱི་ལ་ཕན་པའི་མི་ཞིག་འདེམས་ཐུབ་པ་གནང་རྒྱུ་དེ་ཤིན་ཏུ་ནས་གལ་འགངས་ཆེ། འུ་ཚོ་བོད་པ་ཚང་གི་ལུགས་སྲོལ་ལ་ངས་མི་ཤེས། ངས་མི་འགྱོན་ཟེར་པ་དེ་ཀུན་གྱི་ངག་ཏུ་རང་དབང་མེད་པར་བརྗོད་སྲོལ་ཡོད་པ་རེད། དེ་ལ་མིང་སྙན་ས་ནས་བཏགས་ཏེ། ཁེངས་སྐྱུངས་ཞེས་བརྗོད་པ་རེད། དེ་ནི་སྐབས་རེ་གནས་ཚུལ་འདི་འདྲའི་ཐོགས་ལ་ཐུག་ཡོང་དུས་སོ་སོ་རང་ཉིད་ཀྱིས་འགན་མ་ཁུར་པའི་བཟོ་འདྲ་བོ་ཞིག་མཐོང་ཡོང་གི་ཡོད་ཅིང་། ཚུལ་དེ་དག་ལ་དགོངས་པ་བཞེས་ཏེ་གནང་འདོད་ཡོད་མཁན་ཞིག་ཡིན་ན་ངེས་པར་དུ་ཞལ་སངས་ཏེ། ཕོད་པ་རྣམ་གསུམ་གྱི་ཐོག་ནས་བོད་སྤྱིོ་པའི་ལས་དོན་བསྒྲུབ་འདོད་དང་། ཆོད་སེམས་འདི་འདྲ་ཡོད་ལབ་སྟེ། བྱུང་ན་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་འོས་ཤོག་གི་འདྲན་རྩོད་ལ་ཞུགས་སྟངས་ཀྱི་དཔེ་བཟང་དེ་ཚོ་ལྷུར་བླངས་ན་བོད་པའི་སྤྱི་ཚོགས་འདི་ལ་ཡར་རྒྱས་ཀྱི་མདུན་བསྐྱོད་ཆེན་པོ་ཞིག་ཡོང་རྒྱུར་ཐེ་ཚོམ་གཏན་ནས་མེད། སྙིང་སྟོབས་ཅན་གྱི་སྐྱེས་བུ་ཡིས།།སྒྲུབ་ན་མི་འགྲུབ་གང་ཡང་མེད།།གསུངས་པ་ལྟར་རོ།།
གསུམ་པ་བཀའ་བློན་ཁྲི་བ་ཞིག་ལ་ཚང་དགོས་པའི་འོས་ཆོས་བརྗོད་པ་ལ།
༡༽བཀའ་བློན་བྱེད་རྒྱུའི་འདུན་པ་ཤུགས་དྲག་ཡོད་པ། ༢༽སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོའི་དགོངས་གཞི་རྟོགས་པ་དང་། དགོངས་གཞི་དེ་ལྟར་འགྲུབ་ཆེད་འབད་བརྩོན་ལྷོད་མེད་གནང་བློ་ཡོད་པ་དང་གནང་ཐུབ་མཁན་ཞིག་དགོས། ༣༽ནམ་རྒྱུན་སྤྱི་ཚོགས་ནང་ལམ་དབུ་མའི་ལྟ་བ་ལ་ཡིད་ཆེས་བྱེད་མཁན་ཞིག་དང་། དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་དགོངས་དོན་ཡང་རྟོགས་པ་ཞིག་དགོས་པ་མ་ཟད། ལྟ་བ་དེ་ཁྱེར་ནས་སྤྱི་ཚོགས་ནང་ཕྱག་ལས་གནང་མཁན་ཞིག་ཡིན་དགོས་པ་དེ་གཙོ་གནད་ཆེ། ༤༽བོད་ཀྱི་ཆོས་དང་རིགས་གཞུང་ལ་མཁྱེན་རྒྱ་ཆེན་པོ་དགོས་པ་དང་། ལྷག་པར་དུ་སྲོལ་རྒྱུན་རིག་གཞུང་ལ་རྒྱུས་མངའ་ཆེན་པོ་ཡོད་པ་ཞིག་ངེས་པར་དུ་དགོས་པ་རེད། ༥༽དུས་རྒྱུན་དུ་བཀའ་མོལ་གསུང་དུས་བོད་པའི་སྤྱི་ཚོགས་ནང་བོད་སྐད་གཙང་མ་གསུང་མཁན་ཞིག་དང་གསུང་ཐུབ་མཁན་ཞིག་ཀྱང་ངེས་པར་དུ་དགོས།
༦༽ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེན་ཁོག་མེད་ཅིང་། ས་གནས་ཁག་གི་གཞི་རིམ་ཚོགས་ཀྱི་སྤྱི་སྡུག་དང་མང་ཚོགས་ལ་དུས་རྒྱུན་དུ་འབྲེལ་བ་གནང་མཁན་ཞིག་དང་། གཞུང་དྲང་ཞིག་དགོས། ༧༽དེ་སྔོན་བཀའ་བློན་གནང་མ་མྱོང་མཁན་ཞིག་ཡིན་ནའང་དགེ་མཚན་ཆེ། དེའི་རྒྱུ་མཚན་འོག་ཏུ་བརྗོད་པར་བྱ།
བཞི་པ་བོད་མི་མང་སྤྱི་འཐུས་ཤིག་ཡིན་ན། ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་ཁག་བརྗོད་ན། ༡༽བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་སོ་བརྒྱད་པའི་ནང་གསེས་ཁག་ལྟར་ཁྲིམས་ལུགས་གཞི་བཟུང་གི་འོས་ཆོས་ཚང་དགོས་པ་གཞིར་བཅས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོའི་བཀའ་རྩི་དང་ལེན་བྱེད་མཁན་དང་། ༢༽སྤྱི་འཐུས་རྣམ་པ་ཚང་མ་མང་ཚོགས་ཀྱིས་འོས་འདེམས་བྱས་པ་ཤ་སྟག་ཡིན་ཙང་སྤྱི་འཐུས་མི་རེ་ངོ་རེས་ཐུགས་འགན་ཆེར་བཞེས་ཀྱིས་ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེན་ཁོག་མེད་པར་བོད་སྤྱི་བའི་ཐོག་དགོངས་པ་ཟབ་མོ་བཞེས་མཁན་ཞིག་ངེས་པར་དུ་དགོས་པ། ༣༽གང་ཟག་སྒེར་གྱི་འཁོན་འཛིན་གྱི་རིགས་ཁོག་ཏུ་བཅུག་ནས་སྤྱི་དོན་ལ་ཁ་གཡར་ཏེ་གཞན་ལ་གནོད་ཤུགས་སྤྲོད་རྒྱུའི་འདུན་པ་ཡོད་མཁན་ལྟ་བུའི་སྤྱི་ཚོགས་ནང་གླེང་གཞི་ཅན་གྱི་མི་དེ་འདྲ་མ་ཡིན་པ། ༤༽བཙན་བྱོལ་གཞུང་འདི་རྒྱ་ནག་དམར་ཕྱོགས་ཀྱི་ཁ་གཏད་དུ་ལངས་དགོས་པ་ཡིན་ཙང་། ཤེས་ཡོན་གྱི་ཚད་གཞིའང་རྒྱ་ཡིག་དང་བོད་ཡིག་གི་ཤེས་ཚད་གཉིས་ལྡན་ནམ་ཡང་ན་བོད་དབྱིན་གཉིས་ལྡན་ཞིག་ཀྱང་དགོས། ༥༽ས་གནས་ཁག་གི་གཞི་རིམ་མང་ཚོགས་ལ་འབྲེལ་བ་དམ་ཟབ་ཡོད་ཐོག་མང་ཚོགས་ཀྱི་སྤྱི་སྡུག་ལ་ལྟ་ཤེས་མཁན་ཞིག་ཀྱང་དགོས། ༦༽བོད་རྒྱའི་དཀའ་རྙོག་སེལ་བའི་ཐབ་ལམ་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ལྟ་བ་ཁྱེར་མཁམ་ཞིག་ཀྱང་ངེས་པར་དུ་དགོས།
གོང་དུ་བརྗོད་པའི་བཀའ་ཁྲིའི་འོས་མིའི་ཁྱད་ཆོས་ཁག་གི་ནང་དེ་སྔོན་བཀའ་ཁྲི་གནང་མ་མྱོང་མཁན་ཞིག་དགོས་ཚུལ་བརྗོད་དོན། སྐབས་གསུམ་པའི་བཀའ་ཁྲི་འདི་ལ་མི་གསར་པ་ཞིག་ཕེབས་ཐུབ་ན་བསམ་བློ་གསར་པ་དང་། ཐབས་བྱུས་གསར་པ་དེ་འདྲ་ཡང་རང་བཞིན་གྱིས་སླེབ་ཡོང་གི་རེད། གལ་ཏེ་སྐབས་རེ་ནོར་འཁྲུལ་གྱི་རིགས་ཕྲན་བུ་བྱུང་ནའང་། ད་ལྟའི་ཆར་རང་ཅག་ལ་བླ་ན་མེད་པའི་དབུ་ཁྲིད་བཟང་པོ་འདི་འདྲ་ཡོད་ཙང་། ནོར་ནའང་ནོར་བཅོས་གནང་མཁན་ཡོད་པ་རེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་བཀའ་ཁྲིའི་འོས་ཆོས་འདི་དག་བརྗོད་པ་ཡིན།
དེ་ནས་དེང་སང་ཁག་གཅིག་གིས་མ་འོངས་པའི་བཀའ་ཁྲི་ལ་མི་སྐྱ་ཞིག་ལས་བླ་མ་དང་གེ་འདུན་པ་ཞིག་མ་ཕེབས་ན་ལེགས་ཚུལ་གསུངས་པ་དེ་ལ་རྒྱུ་མཚན་ཡང་དག་མི་འདུག་སྙམ། བཙན་བྱོལ་བོད་མིས་འོས་འདེམས་བྱས་བཞག་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱིས་གཏན་ལ་ཕབས་ནས་༧གོང་ས་དོན་གྱི་བདག་པོས་བཀའ་ཁྲོལ་ཟབ་མོ་ཐོབ་པའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་ལག་བསྟར་གནང་མཁན་ཞིག་ཡིན་ན་སྐྱ་སེར་ཕོ་མོ་དབྱེར་མེད་ཡིན་ན་ཆོག་པར་སེམས། རྒྱུ་མཚན་ནི་བཅའ་ཁྲིམ་དོན་ཚན་གསུམ་པའི་ནང་། མ་འོངས་བོད་ཀྱི་ཆབ་སྲིད་ནི་འཚེ་མེད་ཞི་བའི་ལྟ་བར་གཞི་བཅོལ་བའི་ཐོག་རང་དབང་དང་། སྤྱི་ཚོགས་བདེ་དོན། ཆོས་སྲིད་ཟུང་འབྲེལ། མང་གཙོ་མཉམ་འབྲེལ། ཡུལ་མིའི་རྒྱལ་ཁབ་ཅིག་ཏུ་བྱ་རྒྱུུ་ཡིན་གཤིས། བཙོན་བྱོལ་བོད་མིའི་ཆབ་སྲིད་ཀྱང་དེ་དང་ཕྱོགས་མཐུན་བྱ་རྒྱུ། ཅེས་དང་། དེའི་མཇུག་དེར་སྒྱུར་བཀོད་གཏོང་རྒྱུ་མིན་གསུངས་ནས་གཏན་འབེབ་མཛད་ཡོད་ཚུལ་ལ་བལྟས་ན་བཙན་བྱོལ་བོད་མིའི་ཆབ་སྲིད་འདི་ཆོས་བཞིན་བསྐྱང་རྒྱུ་དང་། ཆོས་སྲིད་ཟུང་འབྲེལ་གནང་རྒྱུ་ཡིན་པ་ལས་ཆབ་སྲིད་རྐྱང་པའི་སྒྲིག་འཛུགས་ཤིག་མིན་པ་གསལ་པོ་རེད། དེས་ན་བླ་སྤྲུལ་དང་། དགེ་འདུན་པ། སྔགས་པ་སོགས་སུ་འདྲ་ཞིག་ཕེབས་ཀྱང་མ་འགྲིག་པ་མེད་དམ་སྙམ།
མཇུག་གི་གཏམ། བཙན་བྱོལ་གཞུང་གི་སྒྲིག་འཛུགས་འདི་སྲ་བརྟན་དང་། མཉམ་འབྲེལ་ནུས་ལྡན་ཤིག་ཡོང་པ་ལ་གཞུང་གི་སྒྲིག་འཛུག་ནང་རང་བཙན་གྱི་ལྟ་བ་དང་། རང་ཐག་རང་གཅོད་ཀྱི་ལྟ་བ་ཁྱེར་མཁན་དེ་འདྲའི་སྤྱི་འཐུས་དང་བཀའ་བློན་མང་ཚོགས་ཀྱིས་མ་འདེམས་ན་ལེགས་སྙམ། གང་ལ་ཟེར་ན། ད་ལྟའི་གཞུང་འདིས་དབུ་མའི་ལམ་གྱི་ཐབས་ལམ་ཁོ་ན་བེད་སྤྱད་ནས་བོད་རྒྱའི་དཀའ་སྙོག་སེལ་བའི་འབད་བརྩོན་གནང་མུས་ལ་བརྟེན། གཞུང་གི་སྒྲིག་འཛུགས་ནང་ལྟ་བ་འདྲ་མིན་ཁྱེར་མཁན་མང་པོ་ཞིག་ཡོད་ན་ཆིག་སྒྲིལ་གྱི་གོང་བུའི་ནུས་པ་ལ་རང་བཞིན་གྱིས་གནོད་པ་ཡོང་ཉེན་ལ་བརྟེན། མང་ཚོགས་སོ་སོས་འོས་ཤོག་བླུག་པའི་སྐབས་ཐུགས་འགན་ཟབ་མོ་བཞེས་རྒྱུ་བཅས་གལ་གནད་ཆེན་པོ་ཡིན་པ་བཅས་ཀྱིས་བསམ་ཚུལ་འདི་སྤེལ་བ་ཡིན།
2010/8/10