བསམ་གླིང་ཚེ་རིང་ལྷ་མོ།
ཤང་ཤང་ཆུ་མོའི་སྒྲ་དབྱངས་ལ་ཆགས་དབྱངས་ཅན་མགྲིན་སྙན་མཛའ་བཤེས་ཀྱེ།།
ལྡེམ་པའི་ཕྱག་སོར་ལྕུག་ཕྲན་གསར་པས་བྲོ་གར་ལྷ་ཡི་སྤྱན་ཡང་འཁྲུལ།།
འཛུམ་པའི་ཞལ་དཀྱིལ་བརྩེ་དགའི་དཔལ་གྱིས་ས་གསུམ་སྐྱེ་དགུར་བདེ་སྟེར་མ།།
བདག་སོགས་བླུན་རྨོངས་མགྲིན་པའི་རྒྱན་དུ་འདི་ཕྱི་ཀུན་ཏུ་རོལ་བར་མཛོད།།
སྟོན་ཟླ་འཆར་བའི་མཁའ་དབྱིངས་དྭངས་གསལ་ཨིནྜ་ནི་ལའི་མདངས་ལ་འགྲན།།
རྟ་བདུན་དབང་པོའི་དྲོད་འཇམ་འོད་ཀྱིས་རི་ལྗོངས་གྲང་བའི་གཤིས་ཀ་འཇོམས།།
བློ་རྒྱུད་རིང་བའི་མེ་ཏོག་ཚོམ་བུས་དགོད་འཛུམ་རབ་ཏུ་གྲོལ་ཞིང་བཞད།།
མཐའ་ཡས་མཛེས་ལྗོངས་ཉི་འོད་འོག་ཏུ་མེ་ལོང་ཇི་བཞིན་གསལ་ལེར་འཆར།།
འུར་འུར་རླུང་བུ་གཤོག་ཟུང་སྐྱེས་ལྟར་རྣ་རྩའི་འགྲམ་ནས་བྲེལ་བས་འཕུར།།
ལྗོན་པའི་གོས་ལྗང་ཤུགས་ཀྱིས་ཕུད་ཀྱིན་ཕྱི་བལྟས་མེད་པར་མདུན་དུ་བསྐྱོད།།
ལོ་མ་སེར་པོ་སྡོང་པོ་བྲལ་ནས་ས་སྟོང་གང་ཐོབ་ཉུལ་ནས་གཉིད།།
སྤང་རྩ་ལྗང་ཁུར་གསེར་ཞུན་བྱུག་གིན་སྟོན་རླུང་ཁྱེད་ནི་བྲེལ་འཚུབ་ཆེ།།
འབྲས་ལྡན་དུས་དེ་སྐྱེ་བོ་དུ་མའི་ཡིད་ལ་འཆར་སྣང་མང་དུས་རེད།།
རི་བོའི་སྙིང་སྡུག་སྨུག་སྤྲིན་ཡལ་བས་ཆུ་གཏེར་གང་དེར་རྒྱང་ལྟར་བརྩོན།།
མཐོ་བའི་རི་བོའི་རྩེ་ནས་བལྟས་ཚེ་མཛེས་པའི་རྒྱན་ཆ་དང་བྲལ་ཞིང་།།
ལྷིང་འཇགས་ཡུལ་ལྗོངས་ཁ་ཁུ་སིམ་མེར་འཛིན་མའི་ལྟོ་བར་ངལ་གསོར་གནས།།
ཆུ་ཕྲན་ཟེགས་མ་མཁའ་ལ་འཕྱོ་རྣམས་ད་ཆ་གླུ་ཆུང་ལེན་གྱིན་བཞུད།།
ཕྱེ་ལེབ་འགའ་རེས་རྩ་འབྲུ་སེར་པོའི་རྩེ་ལ་ལྡེམ་ལྡེམ་འཁྱུག་འགྲོས་བྱེད།།
བྱ་བྱིའུ་འགའ་ཡིས་རྩ་སྐམ་བསྒྲུགས་ཏེ་དགུན་གྲོལ་ཚང་མལ་བཟོ་བར་བྲེལ།།
ཟླ་བ་ཕྱེད་ཀས་ལྷ་ལམ་ངོགས་སུ་རྒྱུ་སྐར་ལྷན་དུ་འོད་མདངས་འཚེར།།
བརླན་དང་བྲལ་བའི་རི་ལྗོངས་འདི་རུ་སྟོན་མཐའི་མེ་ཏོག་རེ་ཟུང་བཀྲ།།
བུང་བའི་ངག་ནི་བསིལ་རླུང་ལྷན་དུ་དགའ་སྐྱོའི་མདངས་དབྱངས་ཟིར་ཟིར་སྒྲོག།
སྣུམ་པའི་གོས་ལྗང་རླུང་བུས་འཁྱེར་བས་ལྗོན་པའི་གཟུགས་རིས་ཕྱི་རུ་མངོན།།
དགུན་གྱི་གྲང་ངར་ཡིད་ལ་དྲན་པས་ཧྲ་ཧྲ་ཧྲ་ཞེས་འདར་སིལ་བྱེད།།
བསམ་གླིང་མྱི་སྐད་གོ་ནི་མ་དགོས།།
ཀློག་ན་ཚིག་བར་གཅོད་ཡང་མ་ཤེས།།
གོ་རྒས་མ་འདིས་བཀོད་པའི་རྩོམ་ལ།།
ཚིག་རེ་འོག་ན་དོན་རེ་ལོས་ཡོད།
རི་བོའི་སྙིང་སྡུག་སྨུག་སྤྲིན་ཡལ་བས་སྐྱོ། །
ཟླ་བ་ཕྱེད་ཀས་ལྷ་ལམ་ངོགས་ལ་ངུས། །
དགུན་གྱི་གྲང་ངར་འདར་སིལ་བྱེད་དུས་འདིར། །
རང་རིགས་མེར་སྲེག་མེད་པའི་སྨོན་ལམ་ཡོད། །
སྤྲིན་བྲལ་ལྷ་ལམ་ཡངས་མོའི་ངོས་སུ་རྟ་བདུན་དབང་པོའི་འཛུམ་ཞལ་ངོམ།།
ཕྱོགས་དང་ཕྱོགས་མཚམས་ཆུ་འཛིན་ཕོན་བུ་སྒེག་མོའི་ཚུལ་དུ་མཛེས་པར་རྒྱུ།།
སྟོན་རླུང་བསིལ་མོ་དལ་གྱིས་ལྡང་བས་ཁེར་རྐྱང་སེམས་ལ་སིམ་པ་སྟེར།།
མཛེས་དགུས་ཕྱུགས་པའི་སྟོན་གྱི་དུས་འདིས་གསུམ་རྩེན་ཡུལ་ལ་འགྲན་པར་བྱེད།།
ཡང་ཨ་ཇོ་འདི་ན་སླེབས་འདུག་ག
ཡིན་ད་ཡིན།
སྤྱིར་ང་བུ་མོ་ལ་དགའ་ཞིང་ལྷག་པར་བུད་མེད་རྩོམ་པ་པོ་ལ་དེ་བས་ཀྱང་དགའ་བའི་ཕྱིར་རོ།།
ཧ་ཧ་ཧ་ཧ་ཧ
ཁྱོད་ཀྱི་ལན་དེ་ངའི་སེམས་ལ་ཤར་བའི་རྗེས་སུ་གོང་གི་དེ་བྲིས་སོ།། ཧ་ཧཧ་
བསམ་གླིང་བུ་མོའི་ངག་སྙན་པའི་དབྱངས་རྟ་རིང་མོ་དེས་འཛུམ་ཁ་བཞད་པའི་ཞལ་རས་ལ་མཚོན་
ཐུབ་ན་ཡིད་ཤོར་དགོས་པ་རང་རེད།
སྐྱེས་ནས་ན་རྒ་འཆི་བའི་རྐྱེན་ལས་ཐར་བའི་དུས་ཤིག་སུར་ཡང་མེད།།
ལ་ལ་རྒས་ཀྱང་སྤོབས་པའི་འཛུམ་རིས་ཕྱི་རྗེས་རི་མོའི་འོད་མདངས་འཚེར།།
ལ་ལ་རུས་པ་ལྤགས་པ་ཚུན་ཆད་རིན་ཆེན་ནོར་བུའི་རི་ལས་ལྷག།
ལ་ལ་ཉིན་མཚན་གང་སར་ཉུལ་ཏེ་སྐྱུར་གོང་ཤོད་ས་ཨེ་རག་བལྟ།།
དྲ་གྲོགས་རྣམས་པ་ལྷན་རྒྱས་ཕེབས་པར་འཚམས་འདྲི་ཞུ།
མ་ལོའི་པང་ལས་འཇོ་སྒེག་ལང་ཚོའི་འཕྱོར་མདངས་བཀྲ།
ལ་ལ་མིག་འཛུམ་ཟུར་ཙམ་འཕེན་པའི་འདོད་ཆུ་འབྲུག
ལ་ལ་ཟ་འདོད་ཁ་མཆུ་ས་རུ་འཐོར་ན་ཡང།
མིག་ཟུང་ཕྱིར་སློག་མེད་པའི་བུ་མོ་ཁྱོད་འདྲ་འདྲ།
རང་ལུས་མེར་སྲེག་གི་དུས་སྐབས་དུས་འདིར་གོང་གི་སྙན་ངག་འདི་དང་ཆ་འདྲ་བ་ཚང་མ་གད་སྙིགས་ནང་ལ་གཡུགས་བཞག་ཡོད།
རི་བོའི་སྙིང་སྡུག་སྨུག་སྤྲིན་ཕྲད་པས་དགའ། །
ཟླ་བ་ཉ་རྒྱས་ལྷ་ལམ་ངོགས་ལ་ངོམས། །
དགུན་གྱི་གྲང་ངར་འདར་སིལ་ཡལ་ཟིན་པས། །
རང་རིགས་མེར་སྲེག་ལས་འགུལ་མཚམས་འཇོག་ཟིན། །
གཡུ་ཡི་མདང་འཛིན་ཀུན་གསལ་བུ་མོའི་བཞིན་རིས་ལ་།
དཀར་གསལ་དྲི་བྲལ་རི་འོང་འཛིན་མའི་འཇོར་སྒེགས་ངོམ་།
ཀུནྡའི་མེ་ཏོག་དགྱེས་འཛུམ་སྟོང་གི་འདབས་བརྒྱ་བཞད་།
བསམ་གླིང་ལྷ་མོ་དགྱེས་པའི་མཆོད་སྤྲིན་ཉིད་དུ་ཕུལ་།
སྐྱ་སྐྱེད་མ་བསམ་གླིང་ལགས།
ཚིག་སྙིང་རྗེ་མོ་འདུག་ལ། བཀོལ་སྤྱོད་བདེ་མོ་རེད་འདུག ཚོར་བ་ཟབ་མོ་ཞིག་སླེབ་ཐུབ་ཀྱི་མིན་འདུག། དཔྱད་པ་བྱས་པ་ན། རྒྱུ་མཚན་གཅིག་ནི་ང་ཚོའི་རྒྱུན་སྤྱོད་ཀྱི་སེམས་ལ་རྣམ་རྟོག་ཚོན་པོ་སྦྱིན་པའི་ཚིག་རྣམས་མིན་པར་རྒྱ་གར་གྱི་མངོན་བརྗོད་འཚོ་བ་དང་འབྲེལ་བ་རྩ་བ་ནས་མེད་པ་རྣམས་བཀོད་སྟབས། ཚོར་བ་མིན་འདུག།
སྙན་ངག་གི་ཡོན་ཏན་གཅིག་ཀློག་པ་པོར་ཚོར་བ་སྦྱིན་པ་དེ་ཡིན་ན། མངོན་བརྗོད་སྤོངས་དགོས། རང་གི་ཚོར་ཤུགས་གང་ཆེ་བ་སྦྱིན་པའི་ཚིག་རྣམས་བཀོལ་ཚེ་ལེགས་པ་མེད་འགྲོ། དཔེར་ན། མི་ཞིག་ལ་ཁྱེད་ཀྱི་སྟོད་གོས་འདི་སྙིང་རྗེ་པོ་མིན་འདུག་ལྟ་བུར། གང་གི་ལུས་དཀྱིལ་དབུ་ལ་བཀོལ་བའི་ལྷ་གོས་གདངས་ནི་ཤིན་དུ་ཞན་ལྟ་བུ་དྲིས་ན་ཚོར་བ་མེད་ཀྱི། དེ་ལས། ཁྱོད་ཀྱི་ཤ་མདོག་ནག་པོ་དེ་ཚོ་འགེབ་ཆེད་ཀྱི་སྟོད་ཐུང་དམར་པོ་འདིས་ཁྲག་ལྟ་བུའི་མདོག་ཤར་བས། ང་མགོ་ཡུར་འཁོར་གྱི་འདུགཟེར་ན་ཚོར་བ་ཆེ་བ་མིན་འདུག་གམ།
སྙན་ངག་ནི་ཚིག་ལ་རྩེད་མོ་བརྩེ་བ་གཅིག་པུ་མིན་པར། ཚོར་བ་བསླེབ་ཐུབ་པ་དགོས་ཟེར། དེ་ལྟར་ཡིན་ན། རྟ་བདུན་དབང་པོ་དང་། ཨིན་ཌ་ནི་ལ་ལྟ་བུ་སྤོང་དགོས། དཔེར་ན། ང་ཚོས་བོད་ཡིག་གི་ནང་ལ་དབྱིན་སྐད། ཁོང་གི་བཞིན་ནི་རོ་སི་བཞིན་དུ་དམར་ལ་བཀྲག་ཅེས་བྲིས་ན། རོ་སི་ཟེར་ན་ག་རེ་རེད་དམ་ཟེར། དེ་བཞིན་ཁོང་གི་གདུབ་ནི་ཨིན་ཌ་ནི་ལ་ལྟ་བུའི་ཡིད་དབང་འཕྲོག་ལྟ་བུ་བྲིས་ན་དེ་དེ་བཞིན་མ་རེད་དམ།
ལྷག་པར་དུ་ལེགས་སྦྱར་གྱི་སྐད་འདི་ཤི་འཚར་བ་རེད། གསོན་པོར་སྡོད་མཁན་གྱི་མི་དུང་ཕྱུར་ཁ་ཤས་ནང་ལ་ལེགས་སྦྱར་སྐད་བེད་སྤྱོད་མཁན་མེད། ཞིབ་འཇུག་པ་དང་ཆོས་པ་ཚོ་ཐ་དད་རེད། ད་དེ་སྙན་ངག་ནང་ལ་ཁྱེར་ཡོང་ན་སྙན་ངག་དེ་ཡང་གསོད་པར་མི་བྱེད་དམ། རྒྱུ་མཚན་ནི་གཞན་གྱིས་མི་གོ་བའི་ཕྱིར། མི་གོ་ན་ཚོར་བ་མེད་པའི་ཕྱིར། ཚོར་བ་མེད་ན་ཤི་བ་དང་གཅིག་པ་མ་རེད་དམ་ཟེར་ན་ཇི་འདྲ་རས།
རྒྱལ་བ་རིན་པོ་ཆེས་གནད་འགག་དེ་མཁྱེན་ནས་རྣམ་ཐར་སྙིང་རྗེའི་རོལ་མཚོ་དང་གསུང་བཤད་ནང་ལ་མངོན་བརྗོད་མེད་པ་ལྟ་བུ་རེད།
གཙོ་བོ་ནི། མཛེས་མ་ཁྱེད་ལ་ཡོན་ཏན་འདུ་མ་ཡོད་པ་དང་དེ་བས་མཁས་བཙུན་བཟང་གསུམ་གྱི་སྐྱེས་ཆེན་རྣམས་ཀྱི་ཡོན་ཏན་ཡང་མང་བ་མངའ་བས། ལེགས་ཉེས་ཀྱི་རྣམ་དཔྱོད་ཤིན་དུ་གསལ་སྟབས། བསམ་འཆར་ལ་འབུལ་བ་ཡིན། དཔྱད་པ་ཞིག་ནོངས་བར་མཛོད།
” རྒྱུ་མཚན་ནི་གཞན་གྱིས་མི་གོ་བའི་ཕྱིར།”་
འདི་ནི་ ཤིན་ཏུ་ནས་མ་ངེས་པའི་རྟགས་ཏེ། ཀུན་གྱིས་གོ་བ་ཞིག་གང་ནའང་མེད་ལ་ཀུན་གྱིས་མ་གོ་བ་ཞིག་ཀྱང་གང་ནའང་མེད་པས་སོ།། ཚོར་བ་སྦྱིན་གིི་མིན་འདུག་ཟེར་བའང་དེ་དེ་བཞིན་ནོ།། མངོན་བརྗོད་མ་འབྲི་ལོ། འོ་ན། མངོན་བརྗོད་ཟློས་གར་སྐར་རྩིས་དང་། །སྡེབ་སྦྱོར་སྙན་ངག་གནས་ཆུང་ལྔ། །ཞེས་པའི་ཡ་གྱལ་མངོན་བརྗོད་ཆུ་ལ་གཡུག་གམ་མེ་ལ་སྲེག
རང་གིས་མ་ཤེས་པས་མེད་དང་མུག་མ་ཟེར་རོགས། དེ་འདྲ་ཡིན་ན་གུར། སྦྲ གཡག་ འབྲི ལྕི་བ་ཟེར་བ་འདི་ཚོ་ཡི་གེ་ནང་མ་བྲིས་ན་ལེགས་ཏེ་དེ་ཚོ་ཧ་མ་གོ་བའི་བོད་ཀྱི་གཞོན་སྐྱེས་ཤིན་ཏུ་མང་བས་སོ།། གཉའ་ཁྲི། ཡུམ་བུ་བླ་སྒང་སོགས་ཀྱང་དེ་དེ་བཞིན་ནོ་སྟེ་ཤི་ཟིན་པའི་ཕྱིར་རོ།།
སིངྒ་པུར་འདྲ་པོའི་ས་གནས་འགའ་ཤས་སུ་དབྱར་དགུན་རྩིས་རྒྱུ་མེད་སྡད་ས་ལ་སྟོན་ལོ་སེར་པོ་ཟེར་བ་འདི་ཚོ་ལའང་གོ་རྒྱུ་ཅང་མེད།
བསམ་གླིང་བུ་མོའི།
བསམ་གླིང་བུ་མོའི་ལང་འཚོ་ལྟ་འདོད་མཆིས། །
བསམ་གླིང་བུ་མོའི་སྙན་དངགས་སྙན་ཞིང་འཇེབས། །
བསམ་གླིང་བུ་མོའི་བརྩེ་དུང་གང་དང་འདྲ། །
བསམ་གླིང་བུ་མོའི་རང་རྣམ་སྙན་དངགས་ཅི། །
ལ་ལས་རྟ་བདུན་དབང་པོ་ཨིན་ཌ་ནི་ལ་སྤོངས། །
ལ་ལས་སྦྲ་གཡག་འབྲི་ཡི་ལྕི་བ་ཤི་ཟིན་ཟེར། །
ལ་ལས་སྲོལ་རྒྱུན་སྙན་དངགས་མཐར་སྤྲོད་གཏོང་འདོད་དམ། །
ལ་ལས་སྲོལ་རྒྱུན་སྲོལ་རྒྱུན་ཚིག་རྙིང་འཆི་ལམ་སྟོན་འདོད་དམ། །
སྲོལ་རྒྱུན་སྙན་དངགས་བྱང་ཆུབ་ནས། །
གསར་གཏོད་སྙན་དངགས་འབྲི་ལ་བརྩོནད། །
ལྗོན་ཤིང་དག་གི་ལོ་མ་དག་ལ་སེར་ཐིགས་ཉིན་རེར་ལྷུང་ནས་འགྲོ། །
དྭངས་བསིལ་ཆུ་མོའི་བཞུར་སྒྲ་སྙན་མོ་དར་བུ་དར་བུར་འཇགས་ལ་ཉེ། །
དམར་ནག་རླིག་པའི་མགོ་བོ་འདི་ལ་འདོད་པའི་འཕར་རྩལ་ཇེ་དར་རེད། །
འདི་དག་ཚང་མ་ཡག་རྟགས་རེད་དམ་རྒས་པའི་བརྡ་རུ་ཡིན་ནམ་ཅི། །
བསམ་གླིང་བུ་མོ་སེམས་པས་གསེབ་ན་སྟོན་ཀྱི་སྡོང་ལོ་འཐོར་གི་གདའ།།
བསམ་གླིང་བུ་མོ་སྙིང་ཁོངས་དཀྱིད་ན་ཆུ་ཕྲན་ཤག་ཤག་བཞུར་ནས་གདའ།།
བསམ་གླིང་བུ་མོ་སྙན་ངག་གཞུང་ན་མངོན་བརྗོད་ཚིག་གི་འཚང་ནས་གདའ།།
བསམ་གླིང་བུ་མོའི་ཚིག་སྦྱོར་བདེ་ཡང་རྒས་ཉམས་ཞིག་གི་བྲིས་ནས་གདའ།།
མོ་སྒོ་གླིང་གི་འབྲུག་མོ་མིན་ཡང་སྙན་ངག་བྲིས་པ་ཧ་ཅང་མཛེས།།
ལང་ཚོ་རྒས་པའི་རྒན་མོ་ཡིན་ཡང་ཁྱོད་ཀྱི་སེམས་པ་རྒས་མི་འདུག།།
ཨ་ལ་ཨ་མ་ཁོང་ཁྲོ་སློང་སོང་ཨ་མདོ་བུ་ངའི་ཁ་ལ་བལྟས།།
ཨ་མའི་བྲིས་སྙན་ངག་ཀློག་དུས་བསམ་གླིང་ཨ་ཅག་མིག་ལ་འཆར།།
ལྷ་མོ་འདྲ་བའི་ལང་ཚོ་རྒས་ཀྱང་སེམས་དང་བསམ་པ་མ་རྒས་པས།།
གདོང་ལ་གཉེར་རུས་སྟུག་པོ་བཟུང་ཡང་ཁྱོད་ཀྱིས་སྙན་ངག་གཞོན་ཤ་ལྡན།།
ཚེ་རིང་ནད་མེད་འབྱུང་བའི་དུས་འདུར་སྨྱུག་གུ་ལག་པ་མ་ལྷོད་དང་།།
ཕོ་གསར་ང་ཡང་ཁོམ་པའི་དུས་སུ་ནམ་ཡང་ཁྱོད་ཀྱིས་ཀློག་པོ་ཡིན།།
ས་ཆེན་རི་ལུང་གསེར་གྱི་ལོ་མ་གྱོན་པ།།
དགུན་དུས་རྒྱ་སྟག་འདྲ་བོ་འབོད་པའི་གཡབ་མོ།།
ཞིང་བདག་རྒད་པོ་དགའ་ནས་དབྱངས་སྙན་ལེན་ཆོག།
ཞིང་ཁའི་སྲོག་ཆགས་མང་པོ་སྲོག་རྩ་འགག་འགྲོ།
དུས་ཀྱི་འགྱུར་བ་ཟེར་བ་ནམ་མཁའི་ཐོག་རེད།།
སེམས་ཀྱི་སྙིང་རྗེ་ཚོར་འདུ་རྩ་ནས་བྲལ་བས།།
ས་ལ་གནས་པའི་སྐྱེ་དངོས་ཡོད་ཚད་བཅོམ་འགྲོ།
སྲོག་ཆགས་ཕྲ་མོའི་སྐྱོ་གླུ་དབྱངས་སྙན་འེ་ཡིན།།
བསམ་གླིང་ཚེ་རིང་ལྷ་མོའི་དབྱངས་སྙན་ལེན་པ།།
འགལ་བའི་རྒྱན་ལས་དུས་ཀྱི་འགལ་བ་མིན་འགྲོ།
ཡང་ན་སྙན་ངག་བྲིས་པའི་ཁ་བྱང་དེ་ནི།།
ཁ་ལ་དཔག་པའི་ཁ་སྤུ་འདྲ་བོ་མི་འདུག།
ཁ་ལ་དཔག་པའི་ཁ་སྤུ་ཁྱོད་ཀྱིས་བྲིས་དང་། །
མཇེ་ལ་དཔག་པའི་ཤུབས་ཤིག་ཁྱོད་ཀྱིས་བཙེམ་དང་། །
རང་གིས་འཇོན་ཐང་སོར་གསུམ་སྟོན་རྒྱུ་མེད་པར། །
ང་ཡི་ཨ་ཅེར་འདོམ་གསུམ་སྐྱོན་བརྗོད་ཅི་རེད། ། ཧ་ཧ་་ཀུ་རེ་ཡིན་ད
འབྲུག་པ་མེ་དཀར་དེ་ལ་བོད་མོ་གནའ་མ་གཉིས་པ་ཞིག་དགོས་པ་འདྲ།
ཚེ་རིང་ལྷ་མོའི་སྙན་ངག་དག་ལ་སྙན་ཚིག་དྲི་ངད་འཐུལ་ནས་ཡོད།།
ཚེ་རིང་ལྷ་མོའི་སུག་བྲིས་དག་ལ་སིམ་པའི་ཚོར་བས་ཁྱབ་ནས་ཡོད།།
ཚེ་རིང་ལྷ་མོའི་མཛེས་པའི་བཞིན་ལ་རྒས་པའི་གཉེར་རིས་མངོན་ནས་ཡོད།།
ཚེ་རིང་ལྷ་མོའི་མཛེས་པའི་ལང་ཚོ་དུས་ཀྱི་ཕོ་ཉས་འཕྲོག་ནས་ཡོད།།
ཚེ་རིང་ལྷ་མོའི་འདྲ་པར་ཞིག་མཐོང་རྗེས་བྲིས།
ལ་ལས་མངོན་བརྗོད་མང་པོ་བཀོལ་འདུག་སྐད་བརྗོད་མོད། ལྷ་ལམ འཛིན་མ རྒྱུ་སྐར་ལྟ་བུ་ཡོངས་སུ་གྲགས་པའི་མངོན་བརྗོད་གོ་བདེ་འགའ་ལས་ཅང་མཐོང་མ་སོང་། ཚོར་བ་མི་སྟེར་ནའང་མངོན་བརྗོད་མང་བའི་སྐྱོན་ཅང་ཡིན་ས་མ་རེད།
ཟུར་གནས་ལགས། གཟུ་བོར་རང་གནས་ཨ་ཡོད་ལགས། སྐུ་ཉིད་ཀྱིས་མངོན་བརྗོད་སློབ་སྦྱོང་ལ་ཐཱུགས་སྣང་དེ་ཙམ་གནང་གི་མེད་པ་འདྲ། མ་གཞི་མེ་ཏོག་དཀར་པོ་ལགས་ཀྱིས་ལམ་སྟོན་གཟབ་མོ་གནང་འདུག་པས་བཀའ་དྲིན་ཆེ། གུས་མོར་ཡང་དེ་ལྷག་ཅིག་ཞུ་རྒྱུ་མེད་མོད། ཡང་སྒོས་སྐུ་ཉིད་ཀྱིས་མངོན་བརྗོད་ལ་ཐུགས་སྣང་མ་གནང་ཚེ་བོད་ཀྱི་སྔོན་བྱོན་དམ་པ་རྣམས་དང་། ཉེ་རབས་ཀྱི་མཁས་པའི་དབང་པོ་ཚོས་བརྩམས་གནང་བའི་བརྩམས་ཆོས་ཇེ་སྙེད་ཅིག་གི་གོ་དོན་རྟོགས་དཀའ་ཙམ་གནང་གི་རེད་དོ།
བཀུར་འོས་དྲ་གྲོགས་གཞན་ཚང་མར་ཡང་ཐུགས་རྗེ་ཆེ་ཞུ།
ད་ཡིན་ན་བྲིས་བྲིས་བཤད་བཤད་ཚང་མ་མ་ཚང་བ་རྐྱང་རྐྱང་རེད།
སྐུ་སྐྱེད་མ་བསམ་གླིང་ལྷ་མོ་མཆོག་ལ།
ཁྱེད་ཀྱི་གསུངས་པའི་མངོན་བརྗོད་ལ་དོ་སྣང་བྱེད་དགོས་ཀྱི་བཀའ་སློབ་དེ་ཡང་དྭངས་ལེན་ཞུ་རྒྱུ་ཡིན། མངོན་བརྗོེད་ལ་དོ་སྣང་བྱེད་དགོས་པ་བདེན་པ་རེད། རྗེས་མ་ཞར་དང་ཞོར་ལ་མངོན་བརྗོད་ཀྱི་ཚིག་རྣམས་བློ་ལ་ངེས་པ་བྱེད་དོ། ཐུགས་རྗེ་ཆེ།
ཡིན་ནའང་། ངའི་རྒྱུ་མཚན་ནི་འདི་ལྟར། ང་ཚོས་སྙན་ངག་འབྲི་བའི་སྐབས་སུ། དགོས་པ་དམིགས་ཡུལ་དུ་མ་ཡོད་སྲིད། གལ་ཏེ་རྩོམ་པ་པོའི་དགོས་པ་གཅིག་ནི། གཞན་གྱི་བློ་ལ་ཚོར་བ་དང་བསམ་བློའི་ལྐོག་འགྱུར་དག་སྤྲོད་དགོས་ན། ཚོར་བ་བསླེབས་པའི་ཕལ་ཚིག་རྣམས་གལ་ཆེན་པོ་རེད་ཟེར། དཔེར་ན། དབྱིན་ཇིའི་སྙན་ངག་པ་T.H. Eliot དང་དེ་བཞིན་དེང་དུས་ཀྱི་སྙན་ངག་མཁན་དག་གིས་ཀྱང་དེ་ལྟར་ངོས་འཛིན་བྱེད།
དགེ་འདུན་ཆོས་འཕེལ་ལགས་ཀྱིས་ཀྱང་དེའི་སྐོར་ལ་ཏོག་ཙམ་གསུང་པ་ཐོས་མྱོང་། དཔེར་ན། དགེ་འདུན་ཆོས་འཕེལ་ལགས་ཀྱིས་བོད་པའི་མཁས་པ་ཚོས་རང་གི་མཐོང་མྱོང་བ་དང་བོད་པ་གཞན་གྱིས་གོམས་དྲིས་ཆེ་བའི་ཁོར་ཡུག་གི་བཀོད་པ་རྣམས་དོར་ནས། ཆུ་བོ་གང་ག་དང་རི་བོ་འབིགས་བྱེད། དེ་བཞིན་མངོན་བརྗོད་ཀྱི་ཚིག་མང་པོ་ཞིག་བཀོད་ནས་དོན་ངོ་མ་དཔེར་དེ་དག་གི་གནས་ཚུལ་ཇི་བཞིན་ཤེས་ཀྱི་མེད་གསུངས་པ་དེ་ཡང་གོང་གི་རྒྱུ་མཚན་དང་འབྲེལ་བ་ཡོད་སྙམས།
ད་འདི་གར་བཞག་འཐུས། གུས་མོའི་གྲོགས་མོ་ཁ་པར་ཐོག་བལྟས་ནས་ཉོབ་འགྲོ་བཞིན་འདུག་གོ
བོད་ཀྱི་རྒད་མོས་སྙན་ཚིག་ཉན་འཁྲིད་འཆད་གསུམ་ཉུང་ཉུང་རེད། །
བོད་ཀྱི་བུད་མེད་སྙན་དངགས་འཆད་རྩོད་རྩོམ་པ་ཉུང་ཉུང་རེད། །
ད་ལོ་ཁ་བརྡར་བོད་མོས་སྙན་དངགས་བྲིས་པ་ཉུང་ཉུང་མིན། །
ད་ལོ་ཀརྡོས་བོད་མོར་བསྟོད་བསྔགས་ཤོར་པའང་ཉུང་ཉུང་མིན།