སྐྲན་ལ་འགྲེལ་བཤད་མ་བརྒྱབ་པའི་སྔོན་འདིར། ངས་ཁྱེད་ཚོར་སྐྱེ་དངོས་རིག་པའི་དྲི་བ་ཐུང་ཐུང་ཞིག་འདྲི། དེ་ནི་ང་ཚོའམ་སྐྱེ་ལྡན་རྣམས་ཅིའི་ཕྱིར་དང་ཇི་ལྟར་འཚར་ལོངས་འབྱུང་བ་ཡིན་ནམ་ཟེར་བ་དེ་ཡིན།
ཕྱོགས་གཅིག་ནས་བཤད་ན་དེ་ནི་ཧ་ཅང་གི་ལས་སླ་བའི་དྲི་བ་ཞིག་རེད། དེ་རིང་ངས་ལས་སླ་ཤོས་ཀྱི་དྲིས་ལན་དེས་གསལ་བཤད་བྱེད་རྒྱུ་ཡིན་ལ། དེ་ཡང་གོ་བདེ་བའི་ཆེད་དུ་ང་ཚོ་འགྲོ་བ་མི་གཙོ་བོར་བཟུང་ནས་བཤད་རྒྱུ་ཡིན། ཡིད་ལ་ངེས་དགོས་པ་ཞིག་ལ། གནས་ལུགས་འདི་སྐྱེ་ལྡན་ཐུན་མོང་ལ་འཇུག་པ་ཞིག་ཡིན།
ང་ཚོ་མ་ཡི་མངལ་དུ་ཆགས་པ་ནས་བཟུང་ངམ། ང་ཚོའི་ལུས་པོ་འདི་གྲུབ་ཙམ་ནས་བཟུང་། སྐྱེ་བ་དང་། རྒ་བ། འཆི་བ་གསུམ་དུས་མཉམ་དུ་གྲུབ་ཡོད་པ་རེད། དེ་ནི་འཚོ་གནས་ཀྱི་དགོས་མཁོ་ཞིག་རེད།
དེ་ཡང་། ང་ཚོའི་ལུས་ཀྱི་གཞི་རྩའི་གྲུབ་ཆ་སྟེ། ཕྲ་ཕུང་(cell=细胞) རྣམས་ནི་གཅིག་ནས་གཉིས་སུ་གྱེས་ཤིང་། གཉིས་ནས་བཞི། བཞི་ནས་བཅུ་དྲུག་སོགས་སུ་བསྐྱེད་འཕེལ་འགྲོ་བ་རེད།(འདི་ལ་ཕྲ་ཕུང་རང་གྱེས་ཟེར།) ལུས་ཕུང་རྒྱུན་ལྡན་ཡིན་པའི་མི་ཞིག་གི་ལུས་ཀྱི་ཕྲ་ཕུང་རྣམས་ཚར་བཞི་བཅུ་ནས་དྲུག་ཅུ་བར་དུ་བསྐྱེད་འཕེལ་འགྲོ་བ་རེད། ལུས་ཀྱི་ཡན་ལག་དང་དབང་པོ། མ་ལག་(འདིར་ལུས་ཀྱི་ལྤགས་པ་དང་རུས་པ་སོགས་ཀྱང་ཚུད་ཡོད། ) སོ་སོའི་ཕྲ་ཕུང་དག་གི་རང་གྱེས་ཀྱི་མགྱོགས་ཚད་མི་འདྲ། དེ་ལྟར་ཕྲ་ཕུང་དག་རང་གྱེས་སུ་སོང་ཞིང་བསྐྱེད་སྤེལ་འགྲོ་བ་འདི་དག་ལོ་ངོ་བཅུ་ཙམ་(འདི་ངས་གསལ་ཐག་ཆོད་པོ་ཅིག་ཤེས་མ་སོང་། ) རིང་ང་ཚོའི་ལུས་པོར་གནས་པ་དང་། དེ་ནས་ཕྲ་ཕུང་དག་འཆི་བཞིན་ཡོད།(འདི་ལ་ཕྲ་ཕུང་རང་དམེ་ཟེར།) གལ་སྲིད་ཁྱེད་རང་ལ་ལོ་ན་ཉི་ཤུ་ཡིན་ན། ལོ་ངོ་བཅུའི་སྔོན་གྱི་ཁྱོད་ཀྱི་ལུས་པོ་དེའི་བརྒྱ་ཆ་༩༨ གྱི་ཤུལ་ཙམ་ཡང་ལྷག་མེད་པ་རེད། བརྒྱ་ཆ་༩༨ ཟེར་དོན་ནི་ཀླད་པའི་ཆ་ཤས་ཤིག་གམ་གང་ལྟར་མིའི་ལུས་སྟེང་གི་ཕྲ་ཕུང་རེ་ཟུང་སྐྱེ་བ་ནས་འཆི་བའི་བར་དུ་གནས་པ་རེད།
དེ་ཡང་། ཕྲ་ཕུང་གཅིག་དེ་(ཕྲ་ཕུང་ཨ་མ་) གཉིས་སུ་གྱེས་པ་(ཕྲ་ཕུང་བུ་མོ་) དང་། གཉིས་དེ་བཞིར་གྱེས་པ་སོགས་ཀྱི་བརྒྱུད་རིམ་ནང་། གྱེས་འཕེལ་དུ་སོང་བའི་ཕྲ་ཕུང་དག་ལས་གཅིག་ལ་སྐྱོན་ཆག་ཤོར་བ་ཡིན་ན་ཅི་ཞིག་འབྱུང་ངམ།
དེ་ལ་གྲུབ་འབྲས་གཉིས་འབྱུང་བ་རེད། གཅིག་ནི་སྐྱོན་ཆག་ཤོར་བའི་ཕྲ་ཕུང་དེས་རང་དམེ་བྱེད་པ་དང་། དེའི་ཚབ་ཏུ་ཕྲ་ཕུང་གཞན་བསྐྱེད་འཕེལ་བྱུང་བ་རེད། དེ་ནི་རྒྱུན་དུ་ང་ཚོར་འབྱུང་བཞིན་པ་ཞིག་ཡིན་ལ། སྐྱོན་ཆག་ཤོར་བའི་ཕྲ་ཕུང་དེ་དག་རང་འགུལ་གྱིས་རང་དམེ་བྱས་པས་སྐྱོན་ཆག་བྱུང་མེད་པའི་ཕྲ་ཕུང་གཞན་དག་ལ་གནོད་སྐྱོན་འབྱུང་གི་མེད།
གྲུབ་འབྲས་གཞན་དེ་ནི་ང་ཚོའི་སྐབས་དོན་གྱི་བརྗོད་གཞི་སྟེ། སྐྲན་ཟེར་བ་དེར་འགྱུར་བ་རེད། སྐབས་འདིར་སྐྱོན་ཆག་ཤོར་བའི་ཕྲ་ཕུང་དེས་རང་ཉིད་བེད་མེད་དུ་གྱུར་བ་མ་ཤེས་པའམ་གང་ལྟར་མུ་མཐུད་ནས་རང་གྱེས་སུ་འགྲོ་བ་རེད། དེ་ནི་རླངས་འཁོར་གྱི་འགོག་ཆས་མ་ལག་ལ་སྐྱོན་ཤོར་བ་མ་ཤེས་ནས་ཐུར་དུ་རྒྱུག་པ་ལྟ་བུ་ཡིན་པས། གནས་གང་ཞིག་ལ་དྲག་ཏུ་བརྡབ་ནས་མ་གཏོགས་འགོག་མི་ཐུབ་པ་ལྟ་བུ་རེད།
དེ་ལྟ་བུའི་ཕྲ་ཕུང་ཞིག་ཚོད་མེད་དུ་འཕེལ་བ་ལ་བརྟེན་ནས་ལུས་ཀྱི་ཕྲ་ཕུང་དང་ཕྲ་ཕུང་གིས་གྲུབ་པའི་ཕུང་གྲུབ་བདེ་ཐང་ཅན་གཞན་དག་ལ་བཙན་འཛུལ་བྱས་པ་ལས་ན་ཟུག་དང་བསྐྱེད་པ་དང་། མཐར་ཚེ་སྲོག་ལ་ཉེན་ཁ་འཕྲད་པ་རེད། སྐྲན་ནད་ལ་རིགས་བརྒྱ་ལས་མང་བ་ཡོད་ཅིང་། དེ་དག་སྐྲན་ནད་འབྱུང་སའི་དབང་པོ་དང་མ་ལག་སོ་སོར་ལྟོས་ནས་མིང་བཏགས་པ་རེད།
སྐྲན་ནད་རིགས་རེ་ཟུང་ནི་དབང་པོའི་མཐར་གནས་པའམ་དེ་ཉིད་གཡོག་ནས་ཡོད་པའི་ལྤགས་པ་དང་། ཕུང་གྲུབ་དག་ལས་འགོ་འཛུགས་པ་དང་། ལ་ལ་ནི་རུས་པ་དང་། ཕྲུམ་རུས། ཤ་ཚིལ། ཤ་རྒྱུས། ཁྲག་རྩ་སོགས་ལུས་ཀྱི་ལྷུ་ལག་ཁག་ནས་འགོ་འཛུགས་པ་རེད། ཡང་ཁག་ཅིག་ནི་ཁྲག་གྲུབ་བྱེད་ཀྱི་ཕྲ་ཕུང་དག་ལས་འགོ་འཛུགས་པ་རེད། ད་དུང་མིའི་ཡམ་འགོག་མ་ལག་ནས་འགོ་འཛུགས་པའི་སྐྲན་དང་། ཀླད་པའི་ཕུང་གྲུབ་དང་ཀླད་རྒྱུངས་ནས་འགོ་འཛུགས་པའི་སྐྲན་སོགས། འཕེལ་རིམ་གྱི་རྣམ་པའི་སྟེང་ནས་དབྱེ་བའི་རིགས་མང་དུ་ཡོད་པ་རེད།