གནས་ཚུལ་མཁོ་གཏོང་བ་བསྟན་འཛིན་ཤེས་རབ།
༢༠༡༡་༤་༢༧ སྟེ་དེ་རིང་དགོང་དྲོའི་ཆུ་ཚོད་དྲུག་དང་ཕྱེད་ཀའི་ཐོག འབྲས་སྤུངས་སྒོ་མང་གྲྭ་ཚང་གི་གོ་སྒྲིག་འོག་འབྲས་སྤུངས་ཀྱི་དགེ་འདུན་པ་རྣམས་ཀྱིས་ཡ་ང་བའི་གདུག་རྩུབ་དང་དྲག་གནོན་མྱོང་བཞིན་པའི་རྔ་བ་ཀིརྟི་དགོན་པ་གཙོ་བྱས་པའི་རྔ་བའི་མི་དམངས་ལ་གདུང་སེམས་མཉམ་བསྐྱེད་དང་། ཁྲིམས་མེད་ལུགས་མེད་ཀྱིས་དམངས་ཚོགས་རྣམས་གསོད་རྡུང་མནར་གཅོད་དང་འཛིན་བཟུང་འཕྲོག་བཅོམ་བྱེད་བཞིན་པའི་རྒྱ་དམར་སྲིད་གཞུང་གི་བྱ་སྤྱོད་དེ་དག་འཕྲལ་མར་མཚམས་འཇོག་ཡོང་སླད་མར་མེ་ཁྲོམ་སྐོར་གཞི་རྒྱ་ཆེ་བ་ཞིག་གནང་ཡོད།
ཁྲོམ་སྐོར་དབུ་འཛུགས་སྐབས་སྒོ་མང་དགེ་བསྐོས་བློ་བཟང་དགེ་ལེགས་ལགས་ཀྱིས་གསུང་རྒྱུར། རྒྱ་ནག་དམར་བོའི་སྲིད་གཞུང་གིས་བོད་ནང་ལ་དྲག་གནོན་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཏུ་གཏོང་བའི་རྣམ་པ་ཚབས་ཇེ་ཆེ་ནས་ཇེ་ཆེར་གྱུར་ཡོད་ཅིང་། ལྷག་དོན་ཉེ་སྔོན་ནས་བཟུང་རྔ་བ་ཀིརྟི་དགོན་པའི་སྟེང་ཧ་ཅང་ཡ་ང་བའི་གདུག་རྩུབ་དང་དྲག་སྤྱོད་སྤེལ་ཡོད། ད་ལྟ་ཀིརྟི་དགོན་པ་ནི་བཙོན་ཁང་ཞིག་ལས་ཀྱང་སྡུག་པའི་ཚད་དུ་ལྷུང་ཡོད། དགོན་པ་ལྕུགས་དྲས་བསྐོར་ཞིང་དེའི་མཐའ་དྲག་དམག་གིས་བསྐོར་འདུག ནང་གི་མི་ཕྱི་ལ་མི་གཏོང་ཞིང་ཕྱི་ལོགས་ཀྱི་མི་ནང་ལ་མི་གཏོང་བའི་མི་ཚད། ཟ་མ་སྐྱེལ་འདྲེན་གྱི་ལམ་བཅད་དེ་དགེ་འདུན་པ་ཚོ་ལྟོགས་གྲིར་ཐེབས་སུ་འཇུག་གི་ཡོད། སྤྱིར་བཙོན་ཁང་ཞིག་ཡིན་ན་ཡང་ཐུན་གསུམ་གྱི་ཟས་དུས་ཚོད་ལྟར་རེག་གི་ཡོད། ཅེས་དང་། ད་ལྟ་ང་ཚོའི་ངོས་ནས་གཞུང་དང་ཚོགས་པ་ཞིག་ལ་བརྟེན་པ་ཙམ་མ་ཡིན་པར། མི་རང་རང་ངོས་ནས་འགན་རེ་བླངས་ཏེ་ཐབས་ཤེས་ཅི་ཡོད་དང་ནུས་ཤུགས་གང་ཡོད་འདོན་དགོས། ང་ཚོས་རྔ་བ་མི་དམངས་ལ་སྐྱིད་སྡུག་མཉམ་མྱོང་དང་གདུང་སེམས་མཉམ་བསྐྱེད་བྱེད་ཀྱི་ཡོད་ཅིང་། དེ་དང་ཆབས་གཅིག་རྒྱ་དམར་སྲིད་གཞུང་ལ་དྲག་སྤྱོད་གདུག་རྩུབ་ཀྱི་བྱ་སྤྱོད་དེ་དག་མྱུར་དུ་མཚམས་འཇོག་བྱེད་རྒྱུའི་འབོད་པ་བྱེད་རྒྱུ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་འཛམ་གླིང་གི་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་ཚོགས་པ་ཁག དེ་བཞིན་མི་དམངས་བཅས་ལ་རྒྱ་དམར་གཞུང་ལ་གནོན་ཤུགས་སོགས་སྤྲད་དེ་རྔ་བའི་སྟེང་བཀོལ་བཞིན་པའི་དྲག་སྤྱོད་པའི་བྱ་སྤྱོད་དེ་མྱུར་དུ་མཚམས་འཇོག་བྱེད་དུ་འཇུག་རྒྱུ་དང་། བདེན་པ་བདེན་དྲང་གི་ང་ཚོའི་ཆབ་སྲིད་ཀྱི་ལས་དོན་ལ་རྒྱབ་རོགས་དང་གནད་དོན་ལ་འགན་ལེན་གནང་རྒྱུའི་རེ་འབོད་ཞུ་བཞིན་ཡོད། ཁོང་གིས་མུ་མཐུད་ནས་གསུངས་དོན། ང་ཚོི་བོད་མི་རིགས་ཀྱི་འཐབ་རྩོད་ནི་བདེན་པ་གཞི་ལ་བཞག་པའི་འཐབ་རྩོད་ཅིག་ཡིན་ཞིང་། ཕན་ཚུན་གཉིས་སྨན་གྱི་ལམ་དུ་ཕྱོགས་པ་ཞིག་ཡིན། བདེན་པ་ནི་དུས་ནམ་ཡང་མེ་ལྕེ་བཞིན་མཆེད་ངེས་ཡིན།
དེ་རྗེས་མོན་གྷོ་ས་གནས་རང་བདེན་ཚོགས་གཙོ་མཆོག་གིས་གསུངས་དོན། ད་ལྔ་རྔ་བ་ཀིརྟི་དགོན་པ་ཆེས་ཡ་ང་བའི་གནས་སྟངས་འོག་ཡོད་ཅིང་། རང་དབང་ལུང་བར་ཡོད་པའི་ང་ཚོའི་ངོས་ནས་ལུས་ཀྱིས་མ་མྱོང་རུང་སེམས་ཀྱིས་ཁོང་ཚོ་དང་མཉམ་དུ་མྱོང་བཞིན་ཡོད། ད་ལྟ་ང་ཚོའི་ལས་འགུལ་འདི་ཙམ་གྱིས་ཆོག་པ་ཞིག་གཏན་ནས་མ་ཡིན་པར། གདན་ས་ཁག་གི་མཁན་པོ་རྣམ་པ་གཙོ་བྱས་པའི་རང་ཅག་ཡོངས་ཀྱིས་ས་གནས་གང་ས་དང་གྲོང་ཁྱེར་ཆེ་ཁག་རྣམས་སུ་ལས་འགུལ་རྒྱ་ཆེན་པོ་སྤེལ་དགོས་ཅེས་སོགས་གསུངས།
མཇུག་ཏུ་སྒོ་མང་ཕྱག་མཛོད་ཚེ་དབང་འཕྲིན་ལས་ལགས་ཀྱིས་མཇུག་མཐའི་གསུང་བཤད་གནང་སྟེ་མར་མེ་ཁྲོམ་སྐོར་དངོས་སུ་མགོ་འཛུགས་གནང་སོང་།
བསྟན་འཛིན་ཤེས་རབ་ལགས། འདི་གཟིགས་སོང་ངམ། དུས་བབ་དྲ་སྟེང་དུ་བཀོད་ཉིན་འགའ་ཕྱིན་སོང་།
དུས་བབ་ལས་བསླངས།
དགེ་འདུན་པའི་གོམ་བགྲོད།
འདོན་སྤེལ། ༢༠༡༡/༠༤/༢༧
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་གོ་སྒྲིག་འོག རྒྱ་གར་ལྷོ་ཕྱོགས་ཁར་ནཱ་ཊ་ཀ་མངའ་སྡེའི་མེའི་སོར་གྲོང་ཁྱེར་ནང་དགེ་འདུན་པ་ཁོ་ནས་གྲུབ་པའི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་འདུག་ཅིང་། དེ་ནི་ཉིན་འདི་འགར་རྒྱ་ནག་གཞུང་གིས་རྔ་པ་ཀིརྟི་དགོན་གྲོང་གཉིས་ལ་དམ་དྲག་ཤུགས་ཆེན་བྱེད་ཀྱིན་ཡོད་པ་དང་། ལྷག་པར་དུ་བོད་བརྒྱུད་ནང་བསྟན་ཆོས་ལུགས་རྩ་མེད་བཟོ་བའི་སྲིད་ཇུས་གཏིང་ནག་ཅིག་ལག་བསྟར་བྱེད་ཀྱིན་ཡོད་པ་དེར་ངོ་རྒོལ་བྱས་པ་ཞིག་ཡིན་འདུག
ལས་འགུལ་དེའི་ནང་སེ་ར་བྱེས་སྨད་གཉིས་དང་བཀྲ་ཤིས་ལྷུན་པོ། རྣམ་གྲོལ་གླིང་། ས་སྐྱ་དགོན་པ། རྒྱུད་སྨད་བཅས་དགེ་འདུན་པ་ཞལ་གྲངས་ ༤༠༠ ལྷག་མཉམ་ཞུགས་ཀྱིས་སྐུ་ལ་ཆོས་གོས་སེར་པོ་མནབས་ཤིང་། ཞལ་ནས་བྱང་ཆུབ་སེམས་མཆོག་སྐྱོར། ཕྱག་ཏུ་རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས་ཀྱི་སྐུ་པར་དང་། འཕྲེད་དར་སྣ་ཚོགས་འཕྱར་བཞིན་མེའི་སོར་མི་མང་སྤྱི་གླིང་ནས་རྫོང་དཔོན་ལས་ཁུངས་ཀྱི་སྒོ་མདུན་བར་ཞི་བའི་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད་པ་མ་ཟད། ཀིརྟི་དགོན་པ་དམག་གིས་བསྐོར་བ་འཕྲལ་དུ་མཚམས་འཇོག་དགོས་པ་དང་། ཀིརྟི་དགོན་དུ་ཆོས་ལུགས་ཀྱི་བྱེད་སྒོ་ཁག་འཕྲལ་དུ་སླར་གསོ་བྱ་དགོས་པ། དགེ་འདུན་པ་རྣམས་ལ་འགྲོ་སྡོད་རང་དབང་སྤྲོད་དགོས་པ། རྔ་བའི་སྐྱ་སེར་འཛིན་བཟུང་བྱས་པ་རྣམས་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པ་བཅས་ཀྱི་དགོས་འདུན་དོན་ཚན་བཞི་བཏོན་ཏེ། མེའི་སོར་རྫོང་དཔོན་བརྒྱུད་རྒྱ་གར་གྱི་སྲིད་བློན་མཆོག་གི་མཚན་ཐོག་ལ་ཕུལ་ཡོད་འདུག
ལས་འགུལ་མཇུག་སྡོམ་སྟེང་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་ཚོགས་གཙོ་རྭ་རྒྱ་བློ་བཟང་དཔལ་ལྡན་ལགས་ཀྱིས་ཐེངས་འདིའི་ལས་འགུལ་གྱི་དགོས་དམིགས་དང་འབྲེལ་ཏེ་གཏམ་བཤད་གནང་དོན། རྒྱ་ནག་གཞུང་གིས་སྡུག་སྦྱོང་མནར་གཅོད་ཇི་ལྟར་བཏང་ཡང་། བོད་གཞིས་བྱེས་གཉིས་ཀྱི་སེམས་པ་གཅིག་ཏུ་སྒྲིལ་ཡོད་པ་དང་། བོད་ཆོལ་ཁ་གསུམ་གྱི་སྟོབས་ཤུགས་གཅིག་ཏུ་སྤུངས་ཏེ། རྒྱ་ནག་སྲིད་དབང་སྒེར་འཛིན་ལ་ཁ་གཏད་གཅོག་གི་ཡོད་པས་ལས་སླ་མོ་ཞིག་མིན་པ་ཤེས་གསལ་རེད། ད་སྐབས་རྒྱ་ནག་ཐེ་པའི་སྲིད་དབང་སྒེར་སྤྱོད་པའི་གཞུང་དེ་དག་འཛམ་བུ་གླིང་འདི་ན་སྡོད་སའི་གནས་མེད་པ་ཆགས་བཞིན་ཡོད་སྟབས། བྱ་སྤྱོད་དེ་དག་ནི་ཁོ་ཚོའི་མཐའ་མཇུག་གི་འཕག་འཚག་བརྒྱབ་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད།
ཐེངས་འདིའི་རྔ་པ་ཀིརྟི་དགོན་པའི་གནས་སྟངས་ཚུད་པའི་བོད་ཀྱི་ཆབ་སྲིད་པ་དང་ཤེས་ཡོན་པ་ཁེ་ལས་པ་ཁོར་ཡུག་སྲུང་སྐྱོབ་པ་བཅས་མི་མང་པོ་ཞིག་རྒྱ་ནག་གི་བཙོན་ཁང་དུ་ཡོད། འདི་ཛ་དྲག་གི་གནས་སྟངས་ཤིག་ཆགས་ཡོད་པ་རེད། ཡིན་ན་ཡང་རྒྱ་ནག་སྲིད་དབང་སྒེར་འཛིན་གཞུང་གིས་ཡག་སྡུག་གང་བྱས་པ་རྣམས་རྐྱེན་ངན་གྲོགས་ཤར་ཟེར་བ་ལྟར། ང་ཚོས་སྟོབས་དང་ནུས་པ་གོང་འཕེལ་དུ་འགྲོ་པའི་ཐབས་ལམ་ཞིག་ཏུ་བསྒྱུར་དགོས། ཁོ་ཚོས་རྒྱུན་དུ་བོད་ནང་ཞི་འཇམ་ཡིན་ཚུལ་དང་ཁ་བྲལ་ཉུང་ཤས་ཡིན་ཚུལ་ཀྱི་སྐྱག་རྫུན་དེ་དག་ད་ཆར་རྐུབ་རྡོལ་བ་རེད། འཛམ་གླིང་ནང་གི་མི་རིགས་གཅིག་ལ་མི་རིགས་གཞན་ཞིག་གིས་གཉའ་གནོན་བྱས་ཏེ་རྫོགས་སོང་པ་ཞིག་མེད་ལ། ལོ་ངོ་སྟོང་ཕྲག་ལ་མི་རབས་ནས་མི་རབས་བརྒྱུད་འཐབ་རྩོད་བྱས་ནས་རང་བཙན་རག་པའི་ལོ་རྒྱུའི་འཛམ་གླིང་འདིར་ཡོད་བསྡད་པ་ཞིག་རེད། ང་ཚོ་གཞིས་བྱེས་གཉིས་སུ་གྱེས་ཡོན་ན་ཡང་ང་ཚོ་ལ་དགའ་བའི་འཛམ་གླིང་གི་རྒྱལ་ཁབ་དང་ཚོགས་སྡེ་མི་མང་བཅས་ཡོད་པར་མ་ཟད། ༸གོང་ས་མཆོག་ལྟ་བུའི་འཛམ་གླིང་ན་མཆོག་ཏུ་གྱུར་བའི་དབུ་ཁྲིད་ཡོད་པ་རེད། ད་སྐབས་ཀིརྟི་དགོན་པའི་ནང་རྒྱ་ནག་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་ཏེ། སོ་སོའི་རྒྱལ་ཁབ་ལ་དགའ་ཞེན་དང་བརྩི་བཀུར་ཞུ་དགོས་པ་དང་། རྒྱལ་ཁབ་ཀྱི་ཆེད་དུ་སོ་སོའི་དགེ་རྒན་དང་རྩ་བའི་བླ་མ། ༧གོང་ས་མཆོག་བཅས་ལ་སྐྱོན་བརྗོད་བྱ་དགོས་པ་དེ་རེད། དེ་འདྲ་མ་བྱུང་ན་གྲྭ་པ་ཚུལ་ལྡན་ཞིག་ཡོང་ཐབས་མེད་པ་སོགས་རྒྱལ་ཁབ་དང་དེའི་ཁྲིམས་ལ་གཙི་མཐོང་བྱ་དགོས་པའི་སློབ་གསོ་སྤྲོད་ཀྱི་ཡོད། ཅེས་དང་།
ཁོང་གིས་མུ་མཐུད་དུ་གསུངས་དོན། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་འདི་སྔོན་མ་བརྒྱད་ཅུ་གྱ་གྲངས་ནང་དབུས་ཀྱི་གདན་ས་ཁག་ཏུ་སྤེལ་ཡོད་ལ། རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་ལ་ངོས་ལེན་མི་བྱེད་མཁན་ཚོ་དགོན་པ་ནས་སྡོད་མི་ཆོག་པའི་གནས་སྟངས་ཆགས་སྟབས། གྲྭ་པ་མང་པོ་དགོན་པ་ནས་འཐོན་དགོས་པ་དང་རང་ཤི་རྒྱག་དགོས་པའི་གནས་སྟངས་ཀྱང་བྱུང་ཡོད། སྤྱིར་བཏང་བཤད་ན་འདི་གནས་ཚུལ་གསར་བ་གང་ཡང་མ་རེད། དུས་རབ་གོང་མའི་དུས་དཀྱིལ་ཙམ་ནས་རྒྱ་ནག་དམར་གཞུང་གིས་ང་ཚོའི་དགོན་པ་སྟོང་ཕྲག་དྲུག་རྩ་གཏོར་བཏང་ཞིང་། བོད་མི་ས་ཡ་གཅིག་ལྷག་དུས་མིན་རྐྱེན་ལམ་དུ་བཏང་ཡོད། འོན་ཀྱང་སྐབས་རེད་རྒྱ་གཞུང་གིས་གང་བཤད་ལས་ང་ཚོས་དཔང་རྟགས་གསལ་བོ་བསྟན་ཐུབ་མེད། ཡིན་ན་ཡང་ད་སྐབས་གནས་ཚུལ་འདི་འདྲ་འཕྲད་ཡོང་སྐབས་བོད་ནང་གི་བོད་མི་ཚོས་ཕྱི་ལོགས་ན་ཡོད་པའི་བོད་མི་ཚོར་རེ་བ་ཞིག་རྒྱག་གི་ཡོད་པ་ནི། བོད་ནང་གི་ཛ་དྲག་གནས་སྟངས་རྣམས་རྒྱལ་སྤྱིའི་ཁྱོན་ལ་གསལ་བཤད་དང་འབོད་སྐུལ་ཞུས་ཏེ། བོད་ནང་གི་གནས་སྟངས་ཡག་ཏུ་ཡོང་ཐབས་བྱ་རྒྱུ་དེ་རེད། དེར་བརྟེན་ང་ཚོས་ནུས་ཤུགས་གང་ཡོད་བཏོན་ཏེ། དཔང་རྟགས་དང་བཅས་འཛམ་གླིང་ལ་གསལ་བཤད་བྱ་རྒྱུ་ཧ་ཅང་གལ་ཆེན་ཆགས་ཡོད། ང་ཚོའི་ཚོགས་པའི་ངོས་ནས་ཀྱང་རྒྱ་གར་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས། རྒྱ་གཞུང་བཅས་ལ་སྙན་ཞུ་འབུལ་རྒྱུ་ཡིན། ཞེས་གསུངས་འདུག
xxxxxxxxxxxxxxxxxxxxxxx
xxxxxxxxxxxxxxxxxxxxx
xxxxxxxxxxxxxxxxxxxxx
འབྲས་སྤུངས་དགོན་པ་དང། སེ་ར་བྱེས་སྨད། བཀྲ་ཤིས་ལྷུན་པོ། རྣམ་གྲོལ་གླིང་། ས་སྐྱ་དགོན་པ། རྒྱུད་སྨད་གྲྭ་ཚང་བཅས་ནས་ལས་འགུལ་སྤེལ་བ་ལྟར་དགོན་པ་གཞན་དག་ཚོས་ཀྱང་མྱུར་དུ་སྤེལ་དགོས་ཀྱི་འདུག འདི་རྔ་པ་ཀིརྟི་དགོན་གྲོང་གཅིག་པུའི་དོན་དག་ཅིག་མིན་པར། བོད་བསྟན་སྲིད་ཀྱི་རྩ་དོན་ལ་ཐུག་པའི་སྤྱི་པའི་དོན་དག་ཅིག་ཡིན་པས་འདི་ལྟར་ཚང་མས་མཉམ་རུབ་གནང་དགོས་ངེས་རེད། ཀིརྟི་རིན་པོ་ཆེའི་གསུང་འཕྲིན་ནང་དུ་འཛམ་གླིང་གི་དགོན་སྡེ་གྲྭ་ཚང་དང་ཆོས་ཚོགས་་ཡོངས་ལ་འབོད་སྐུལ་གནང་འདུག་པ་ལྟར། སངས་རྒྱས་ཀྱི་བསྟན་པ་བསྟན་འཛིན་གྱི་ཆེད་དུ་རང་རང་སོ་སོའི་ས་ནས་ཆོས་དང་མཐུན་པའི་ལས་འགུལ་རྒྱ་གང་ཆེ་སྤེལ་དགོས་ངེས་རེད།