རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་མངའ་རིས་ཁམས་ཚན་གྱི་རིག་གཞུང་གཅེས་འཛིན་ཚོགས་པའི་གོ་སྒྲིག་འོག་ “༸འཇམ་མགོན་བླ་མ་རྗེ་ཙོང་ཁ་པ་ཆེན་པོ་མཆོག་དགོངས་པ་གཞན་དོན་དུ་གཤེགས་ནས་མི་ལོ་༦༠༠་འཁོར་བའི་རྗེས་དྲན་སྲུང་བརྩིའི་སླད་འབྲས་སྒོ་མང་མངའ་རིས་ཁང་ཚན་དུ་མདོ་སྔགས་གཉིས་ཀྱི་བགྲོ་གླེང་ཆེན་མོ།” ཞེས་པ་དེ་རིང་ནས་ཉིན་གསུམ་རིང་འཚོག་འཆར་ཡོད་པ་དང་། དེ་རིང་སྔ་དྲོར་མཛད་སྒོའི་སྐུ་མགྲོ་གཙོ་བོ་དགའ་ལྡན་ཁྲི་ཟུར་རི་རྫོང་སྲས་སྤྲུལ་རིན་པོ་ཆེ་མཆོག་དང་། གཞན་འབྲས་སྤུངས་ཁྲི་པ་རིན་པོ་ཆེ་མཆོག གྲྭ་ཚང་སྒོ་བློ་གཉིས་དང་ཤར་རྩེ་གྲྭ་ཚང་བཅས་ཀྱི་མཁན་རིན་པོ་ཆེ་རྣམ་པ། ཀུན་བདེ་གླིང་རིན་པོ་ཆེ་མཆོག པ་ཀི་ལ་རིན་པོ་ཆེ་མཆོག རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ངེས་སྟོན་པ་ཤར་རྩེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་མཆོག སྒོ་མང་མཁན་ཟུར་དགེ་བཤེས་བློ་བཟང་བསམ་གཏན་མཆོག རྒྱུད་སྨད་མཁན་ཟུར་དང་བཀྲ་ཤིས་འཁྱིལ་གྱི་མཁན་པོ་ཨ་ལགས་ཡོངས་འཛིན་མཆོག དགེ་བའི་བཤེས་གཉེན་ཆེན་མོ་རྒན་ཡོན་ཏན་མཆོག འབྲས་སྤུངས་ཚོགས་ཆེན་དང་གྲྭ་ཚང་གི་དབུ་ཆོས་དང་ཕྱག་མཛོད་རྣམ་པ། དཔེ་ཁྲིད་རྒན་རྣམ་པ་དང་ཁམས་ཚན་རྒན་རྣམ་པ། གྲྭ་ཚང་གི་གནས་བརྟན་བགྲེས་སོང་རྣམ་པ། གཞན་ཡང་ས་གནས་གཞིས་འགོ་དང་མོན་གྷོ་ཉེན་རྟོག་ཁང་གི་འགོ་བ་སོགས་གལ་ཆེའི་སྐུ་མགྲོན་མང་པོ་གདན་འདྲེན་ཞུས་འདུག
ད་ལན་གྱི་བགྲོ་གླེང་འདི་བཞིན་མཁས་དབང་ཁག་དབུ་བཞུགས་ཐོག ཁམས་ཚན་རང་གི་དགེ་བཤེས་དང་སློབ་གཉེར་བ་མི་ཉུང་བ་ཞིག་གིས་སྔ་ས་ནས་མདོ་སྔགས་ཀྱི་ཆོས་ཚན་ཁག་དང་། ༸རྒྱལ་བའི་ཐུགས་བསྐྱེད་དམ་བཅའ། གཞན་ཡང་ཚན་རིག་སོགས་བརྗོད་གཞི་འདྲ་མིན་ཐད་རྩོམ་ཡིག་སྔོན་སྤེལ་གྱི་ལམ་ནས་བགྲོ་གླེང་གི་རྐང་འགན་བཞེས་ཀྱི་ཡོད་པ་རེད།
མཛད་སྒོའི་ཐོག་མར་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་འདྲེན་གྱིས་མཎྜལ་རྟེན་གསུམ་འདེགས་འབུལ་སོགས་ཞུས་རྗེས། མངའ་རིས་ཁམས་ཚན་གྱི་རིག་གཞུང་གཅེས་འཛིན་ཚོགས་པའི་ཚོགས་གཙོ་རྒན་ཆོས་འཕེལ་བཟོད་པ་མཆོག་གིས། རང་ཅག་རྣམས་ལ་བརྒྱུད་པ་བར་མ་ཆད་པར་གཞུང་ཆེན་ལ་སློབ་གཉེར་བྱེད་རྒྱུའི་སྐལ་བ་ལྡན་པ་འདི་བཞིན་རྗེ་བླ་མ་ཙོང་བ་ཆེན་པོའི་བཀའ་དྲིན་ཡིན་ཚུལ་དང་སློབ་གཉེར་ལ་གཅེས་འཛིན་གནང་ཕྱོགས་སྐོར། ༸རྒྱལ་བའི་བཀའ་དགོངས་བཞིན་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ནས་ལས་དོན་ཁག་གང་ལེགས་བསྒྲུབ་དགོས་པའི་སྐོར་སོགས་དང་། གཞན་ཡང་ཁོང་གིས་གལ་ཆེའི་གསལ་བསྒྲགས་གཅིག་ནི། རྗེ་རིན་པོ་ཆེ་དགོངས་པ་གཞན་དོན་དུ་གཤེགས་ནས་ལོ་༦༠༠་འཁོར་བ་ནས་ལོ་གཅིག་རིང་སྟེ། ད་ལོའི་དགའ་ལྡན་ལྔ་མཆོད་ནས་སང་ལོའི་དགའ་ལྡན་ལྔ་མཆོད་བར་ཧི་མ་ལ་ཡའི་ནང་པ་ཡོངས་ནས་རྗེ་ཙོང་ཁ་པ་ཆེན་པོའི་བཀའ་དྲིན་རྗེས་དྲན་སྲུང་བརྩི་གནང་རྒྱུ་ཡིན་པའི་གསལ་བཤད་ཀྱང་གནང་སོང་།
ས་གནས་གཞིས་འགོ་ལྷག་པ་ཚེ་རིང་ལགས་ནས་བཀའ་ཤག་དང་གཞིས་ལས་ཁང་གི་ཚབ་བྱས་ནས་མཚམས་འདྲི་གནང་བ་དང་སྦྲགས། ད་ལན་ཧི་མ་ལ་ཡའི་ཁོངས་ནས་དགེ་འདུན་འདུས་ཚོགས་ཆེན་པོ་ཡོད་པའི་ཁམས་ཚན་ཞིག་ནས་དམིགས་བསལ་རྗེ་རིན་པོ་ཆེའི་རྗེས་དྲན་བགྲོ་གླེང་ཆེན་མོ་འདི་འདྲ་གོ་སྒྲིག་གནང་ཐུབ་པ་ནི་གཟི་བརྗིད་ཅིག་ཡིན་ཚུལ་སོགས་ཀྱང་གསུངས་གནང་བྱུང་། དེ་བཞིན་སྐུ་མགྲོན་གཞན་ཁག་གཅིག་གིས་ཀྱང་གསུང་བཤད་གནང་བ་དང་། མཇུག་ཏུ་སྐུ་མགྲོན་གཙོ་བོ་དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་མཆོག་ནས་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་དེ་བཞིན་ཁོང་ཁྲི་ལས་ཐོག་པ་ཡིན་པའི་སྐབས་སུ་ཚུགས་པའི་བརྒྱུད་རིམ་ཁག་ངོ་སྤྲོད་དང་། གཞུང་ལུགས་ལ་སློབ་གཉེར་བྱེད་པར་ཐོས་པ་གལ་ཆེ་ཚུལ་སོགས་ཀྱི་ལམ་སྟོན་བཀའ་སློབ་བཀའ་དྲིན་བསྐྱངས་སོང་བ་བཅས།
ས་གནས་ནས་གནས་ཚུལ་མདོར་བསྡུས་ཙམ་ཞིག་ཕྲན་འཇམ་དབྱངས་སྦྱིན་པས་ངོ་སྦྱོར་བྱས། ཕྱི་ལོ༢༠༡༩།༡༡།༡༡། ཉིན།
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །
དྲི་མེད་མཁྱེན་པའི་དབང་བོ་འཇམ་པའི་དབྱངས། །
བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག །
གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་བ། །
བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །