རྫ་ཚེ་རིང་བཀྲ་ཤིས།
འབྲི་གུང་༧སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་ཐའེ་ཝན་ཧྲི་ཀང་རི་བོའི་ཤེར་འོད་སྒོམ་གླིང་དུ་ཕེབས་ཏེ་རབ་གནས་དང་བཀའ་ཆོས་གནང་བ།
དེ་ཡང་ཁ་རྩང་གུས་པ་ཤེར་འོད་གླིང་གསར་བཞེངས་ཀྱི་རབ་གནས་མཛད་སྒོར་བཅར་རྒྱུའི་གོ་སྐབས་བྱུང་ཞིང་། འདི་ནི་མཉམ་མེད་རྒྱལ་བ་འབྲི་གུང་བའི་རིང་ལུགས་འཛིན་པ། ཐའེ་ཝན་གནས་བཞུགས་བླ་མ་ཡེ་ཤེས་རབ་རྒྱས་ཀྱིས་ཕྱག་བཏབ་གནང་བའི་སྒོམ་སྒྲུབ་ལྟེ་གནས་ཤིག་རེད། འདིར་རྩ་བའི་ཚོགས་ཁང་དང་། མཚམས་ཁང་། སྤྱིའི་རུང་ཁང་བཅས་མ་ལག་ཁག་གསུམ་གྱིས་གྲུབ་ཡོད། ཁོང་གིས་ལོ་མང་རིང་དཀའ་ཚེགས་དང་འབད་་བརྩོན་མང་པོ་བརྒྱུད་ས་ཆ་ཉོ་སྒྲུབ་སོགས་དགོས་ངེས་ཀྱི་ལས་དོན་ཁག་བསྒྲུབས་རྗེས་འཛུགས་སྐྲུན་གྱི་མགོ་འཛུགས་གནང་བ་ཞིང་། ད་ལྟ་རྩ་བའི་ཆ་ནས་གང་འཚམས་་ལེགས་གྲུབ་ཟིན་པ་དང་། སའི་རྒྱ་ཁྱོན་ཧ་ཅང་ཆེན་པོ་ཡོད་པ་སོགས་མིང་དང་དོན་དུ་མཚུངས་པའི་སྒོམ་སྒྲུབ་ཀྱི་སྟི་གནས་བཟང་པོ་ཞིག་ཏུ་འདུག
ཆགས་ཡུལ་ཐའེ་ཝན་གྱི་དཀྱིལ་རྒྱུད་ཐའེ་ཀྲུང་ས་ཁུལ་དུ་གཏོགས་ཤིང་ཧྲི་ཀང་ཞེས་པའི་རི་སུལ་ཞིག་ན་ཆགས། མདུན་ངོས་ནས་ཕར་ལྟས་ན་རྒྱང་རིང་ཙམ་གྱི་ས་ནས་ཁད་ཀྱིས་དམའ་བའི་ལུང་གཤོངས་དང་། ཞི་བདེ་རྒྱ་མཚོ་ལ་རིམ་གྱིས་གཞོལ་བའི་རི་སུལ་དག་མཐོང་ཐུབ་ཅིང་། རྒྱབ་མཐོ་ལ་མདུན་དམའ་བ། གཡེལ་ཆེ་ལ་མཐོངས་ཡངས་པ་སོགས་བསམ་གཏན་གྱི་གནས་ལ་དགོས་པའི་སའི་དཔྱད་ལེགས་པར་ཚང་ཤིང་། གཡས་གཡོན་གྱི་ཁོ་ར་དང་ཁོར་ཡུག་ཚང་མ་ཚ་ལུ་མའི་ལྡོང་བོ་དང་སེའུའི་སྡོང་པོ་སོགས་བཟའ་ཤིང་གི་ར་བ་དང་། མེ་ཏོག་ཅན་གྱི་ལྗོན་ཤིང་བཟང་པོས་མཛེས་པར་ཁེངས་ཤིང་། འཇམ་ཞིང་གསལ་བའི་ཉི་འོད་དང་། གཙང་ཞིང་བསིལ་བའི་རླུང་བུ། དབེན་ཞིང་འཇགས་པའི་ཁོར་ཡུག་གི་མཛེས་བཀོད་དག་ནི་སྤྱིར་བཏང་གི་ཐའེ་ཝན་གྱི་ས་ཆ་ཞིག་ནས་ཧ་ཅང་རྙེད་པར་དཀའ་བ་དང་། མི་རྣམས་ལ་ནང་གི་དགའ་བ་རང་ཤུགས་ཀྱིས་འདྲེན་པའི་བསམ་གཏན་གྱི་གནས་བཟང་པོ་ཞིག་ཏུ་གྲུབ་འདུག
དེ་ཡང་། ཇི་ལྟར་གསོལ་བ་བཏབ་པ་བཞིན། རབ་བྱུང་༡༧ པའི་བོད་རྒྱལ་ལོ་༢༡༤༡ རབ་གནས་ཤིང་རྟ་ལོའི་དགུན་ཟླ་ཐ་མའི་ཚེས་དགུ སྤྱི་ལོ་༢༠༡༥ཟླ་༡་ཚེས་༢༨བཟང་པོར། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་དཔལ་ལྡན་འབྲི་གུང་བཀའ་བརྒྱུད་ཀྱི་བསྟན་པའི་བདག་པོ ༧སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་འཕྲིན་ལས་ལྷུན་གྲུབ་མཆོག་ཉིད་རི་ངོགས་འདིར་དངོས་སུ་ཞབས་སོར་འཁོད་གནང་ཞིང་། དེ་ཡང་ཀཿཐོག་རིག་འཛིན་ཆེན་པོ་དང་། བོད་ནས་ཆེད་ཕེབས་གནང་བའི་འཕྲེང་དྷཱིཿརིན་པོ་ཆེ། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ། སྒྲུབ་དཔོན་བསྟན་འཛིན། སྨོན་ལམ་ཚིག་མཛོད་ཆེན་མོའི་སྤྱི་ཁྱབ་རྩོམ་སྒྲིག་པ་འཇུ་བསྟན་སྐྱོང་དང་། ནང་བསྟན་སྲི་ཞུ་ཁང་གི་འགན་འཛིན་ངག་དབང་ཕྲིན་ལས་སོགས་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐུ་མགྲོན་དང་དད་ལྡན་བརྒྱད་ཅུ་ལྷག་གིས་ཕེབས་གསུ་དང་བཅས་སྔ་དྲོ་ཆུ་ཚོད་བཅུ་གཅིག་ཙམ་ལ་སྒྲུབ་ཁང་དུ་དངོས་སུ་ཞབས་སོར་འཁོད་པ་དང་། སྣོད་བཅུད་རྟེན་དང་བརྟེན་པ་ཡོངས་ལ་ཁྲུས་གསོལ་དང་རབ་ཏུ་གནས་པའི་ཆོ་ག་ལེགས་པར་གྲུབ་རྗེས་༧སྐྱབས་མགོན་མཆོག་གིས་འདུས་མང་ཡོངས་ལ་རྗེ་བཙུན་ཏེ་ལོ་པས་ཆུ་བོ་གངྒའི་འགྲམ་དུ་དཔལ་ན་རོ་པ་ལ་གདམས་པའི་ཕྱག་ཆེན་གངྒ་མའི་ཁྲིད་ལུང་བསྩལ།
དེ་ནས་བླ་མ་ཡེ་ཤེས་རབ་རྒྱས་མཆོག་གིས་༧སྐྱབས་མགོན་རིན་པོ་ཆེ་མཆོག་དང་དགེ་འདུན་པར་རྟེན་འབྲེལ་གྱི་འབུལ་མཚོན་ཕུལ་ཞིང་། ༧སྐྱབས་མགོན་མཆོག་གིས་དེར་འདུས་མི་མང་ཡོངས་ལ་ཕྱག་དབང་དང་བྱིན་རླབས་བསྩལ་རྗེས་སྐུ་དངོས་སུ་འདུས་ཚོགས་ཡོངས་དང་མཉམ་དུ་ཁོར་ཡུག་ཧྲིལ་པོར་ཞབས་ཀྱིས་བཅགས་ཤིང་ཞིབ་གཟིགས་མཛད་གྲུབ་རྗེས། ༧སྐྱབས་མགོན་མཆོག་ཉིད་ཉིན་གུང་གསོལ་ཚིགས་གནང་ཡུལ་དང་ཕེབས་ཏེ་སྐུ་མགྲོན་རྣམ་པ་དང་ལྷན་ལུགས་གཉིས་བླངས་དོར་དང་འབྲེལ་བའི་བསླབ་བྱ་དང་། ཁྱད་པར་བོད་ཕྱི་ནང་གི་ཤེས་ཡོན་སློབ་གསོའི་གནས་བབ་དང་། གནའ་དེང་ལོ་རྒྱུས་ཀྱི་བྱུང་བ་སོགས་དང་འབྲེལ་བའི་བཀའ་མོལ་མང་པོ་གནང་ཞིང་། སྐུ་མགྲོན་དག་དང་ལྷན་དུ་ཐུགས་བག་ལྷོད་པོས་ཉིན་གུང་གསོལ་ཚིགས་གྲུབ་པ་དང་། སླར་ཡང་། བཀྲ་ཤིས་སྨོན་ལམ་གྱི་མཚམས་སྦྱོར་དང་བཅས་ཏེ་སྒྲུབ་ཁང་གི་ཟུར་ངོས་སུ་འཕགས་པའི་ཡུལ་མཆོག་རྒྱ་གར་རྡོ་རྗེ་གདན་ནས་གདན་འདྲེན་ཞུས་གནང་བའི་བྱང་ཆུབ་ཤིང་གི་ས་བོན་ཉིད་སྐུ་ངོ་མས་ཕྱག་གིས་བཞེས་ཏེ་འདེབས་འཛུགས་མཛད་མཐར་ཉིན་དེའི་སྒྲུབ་ཁང་བྱིན་རླབས་དང་འབྲེལ་བའི་གནང་སྒོ་ཁག་ཕུན་སུམ་ཚོགས་པའི་ངང་ནས་ལེགས་པར་གྲུབ།
གུས་པའང་བོང་བ་གསེར་གཟིགས་ཀྱི་བདག་རྐྱེན་གྱིས་མགྲོན་འབོད་གནང་བར་མ་ཟད། ༧སྐྱབས་མགོན་རིན་པོ་ཆེའི་མདུན་ནས་བཀའ་སློབ་དང་བཀའ་ཆོས་ཞུ་རྒྱུའི་གོ་སྐབས་ཐོབ་པ་སོགས་ཉིན་དེར་ཕྲན་རང་ལ་མཚོན་ན་ཡང་ཧ་ཅང་དོན་སྙིང་ལྡན་པའི་ཉིན་མོ་ཞིག་ཏུ་གྱུར།
མཐར་སྒོམ་སྒྲུབ་ཁང་འདིའི་འབྱུང་འགྱུར་དང་འབྲེལ་བའི་ཐད་ལ་ཤེར་འོད་སྒོམ་གླིང་བཞེངས་སྐྲུན་གནང་མཁན་བླ་མ་ཡེ་ཤེས་རབ་རྒྱས་ཀྱིས་ཕྲན་ལ་གསུང་དོན། ང་རང་སྒེར་ངོས་ནས་ཞི་བྱེད་གཅོད་ཀྱི་ཆོས་བཀའ་དང་ཉམས་ལེན་ལ་དམིགས་བསལ་འདུན་པ་ཡོད་མཁན་ཞིག་ཡིན་པའི་ཆ་ནས་གཅོད་ཀྱི་ཉམས་ལེན་རེ་བྱེད་ཐུབ་ན་བསམ་པ་ཙམ་ཡོད་པ་ལས་གཞན། རྩ་བའི་ཆ་ནས་སྟེ་གནས་འདིར་ཉམས་ལེན་གནང་མཁན་དང་མཚམས་ལ་བཞུགས་མཁན་ཡིན་ན་ཆོས་ལུགས་བྱེ་བྲག་པ་ཞིག་གི་གདམས་ཁྲིད་དང་ཕྱག་བཞེས་ཁོ་ན་ཉམས་ལེན་བྱེད་དགོས་པར་མིན་པར། ཆོས་ཚད་ལྡན་སྒྲུབ་མཁན་གྱི་གང་ཟག་སུ་འདྲ་ཞིག་གིས་རང་གིས་ཆོས་གང་ཞིག་ཉམས་སུ་ལེན་བསམ་ནའང་རང་དབང་གི་སྒོ་ནས་ཉམས་ལེན་གནང་ཡུལ་གྱི་རིས་མེད་ཀྱི་ལྟེ་གནས་ཤིག་ཆགས་རྒྱུའི་ཕྱོགས་ལ་བསམ་བློ་བཏང་ཡོད་ལ། མཚམས་ཁང་དག་ཀྱང་མུ་མཐུད་ས་ཆའི་གནས་བབ་དང་བསྟུན་ནས་རྒྱ་བསྐྱེད་གནང་བཞིན་ཡོད། ཅེས་གསུངས།
གནས་འདིར་ལོ་འདི་དག་གི་རིང་༧སྐྱབས་རྗེ་མགར་ཆེན་རིན་པོ་ཆེ་དང་། མཁན་ཆེན་དཀོན་མཆོག་རྒྱལ་མཚན། ནུབ་པ་རིན་པོ་ཆེ་དང་ལམ་མཁྱེན་རྒྱལ་པོ་རིན་པོ་ཆེ་སོགས་དཔལ་ལྡན་འབྲི་གུང་བཀའ་བརྒྱུད་ཀྱི་བསྟན་པའི་བདག་པོ་དང་མཁས་གྲུབ་དམ་པ་མང་པོ་ཆེད་དུ་གདན་ཞུས་གྱིས་ས་གཞི་བྱིན་རླབས་སོགས་དང་འབྲེལ་བཀའ་ཆོས་དང་དབང་ལུང་མན་ངག་གི་བཀའ་ཁྲིད་བསྩལ་གནང་མྱོང་ཡོད་པ་རེད་འདུག
མདོར་ན། ཐའེ་ཝན་འདིར་མཚོན་ན་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཁག་ཀྱང་བརྟན་ལ་མི་བརྟན་པ་དང་གནས་སྐབས་ཀྱི་ཞབས་རིམ་ལྟེ་གནས་ལྟ་བུར་གྱུར་པ་མི་ཉུང་ཞིང་། དགོན་པ་དང་བཤད་སྒྲུབ་ཀྱི་ལྟེ་གནས་ཡུན་རིང་རྒྱུན་ཆགས་ཀྱི་འཆར་འགོད་དང་དམིགས་ཡུལ་བཅང་ནས་བཞེང་སྐྲུན་བྱས་པ་ཧ་ཅང་ཉུང་བའི་ཆ་ནས་ལྟེ་གནས་འདི་འདྲ་ཞིག་ས་ཆ་འདི་ཀ་རང་དུ་འཛུགས་གནང་ཐུབ་པ་ནི། བོད་བརྒྱུད་ནང་བསྟན་སྤྱི་དང་ཁྱད་པར་ཐའེ་ཝན་བོད་བརྒྱུད་ནང་བསྟན་དར་འཕེལ་གྱི་ད་ཡོད་གནས་བབ་ཀྱི་ཆ་ནས་བཤད་ན་ཡང་དོན་སྙིང་ཆེན་པོ་ལྡན་པ་ཞིག་ཏུ་ངོས་འཛིན་བྱེད་ཆོག
སྤྱི་ལོ་2015 ཟླ་1 ཚེས་28 ལ། རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཡུལ་དངོས་ཀྱི་མཐོང་ཐོས་དང་ཚོར་སྣང་བཅོས་ལྷད་མེད་པར་ཟིན་བྲིས་སུ་བྱས།
མདང་ལ་་ཁ་རྩང་ཟེར།
་་་་་་་ སྣོད་བཅུད་རྟེན་དང་བརྟེན་པ་ཡོངས་ལ་ཁྲུས་གསོལ་དང་རབ་ཏུ་གནས་པའི་ཆོ་ག་ལེགས་པར་གྲུབ་རྗེས་༧སྐྱབས་མགོན་མཆོག་གིས་འདུས་མང་ཡོངས་ལ་རྗེ་བཙུན་ཏེ་ལོ་པས་ཆུ་བོ་གངྒའི་འགྲམ་དུ་དཔལ་ན་རོ་པ་ལ་གདམས་པའི་༼ཕྱག་ཆེན་གངྒ་མའི་ཁྲིད་ལུང་༽བསྩལ། ་་་་་་་་
་་་་་་་་༧སྐྱབས་རྗེ་མགར་ཆེན་རིན་པོ་ཆེ་དང་། མཁན་ཆེན་དཀོན་མཆོག་རྒྱལ་མཚན། ནུབ་པ་རིན་པོ་ཆེ་དང་ལམ་མཁྱེན་རྒྱལ་པོ་རིན་པོ་ཆེ་སོགས་་་་་་་་
དག་ཆ་འགའ་ཤས་ལ་ང་གཉིས་རྩོད་དགོས་འདུག་པ་ལས། རྫ་ཚེ་རིང་བཀྲ་ཤིས་ལགས་ཀྱི་བོད་ཡིག་འབྲི་རྩལ་བཟང་།
ཀ་གཉེར་ལགས། དགོས་མེད་ཀྱི་མཆན་ཉོག་ཉུང་ཙམ་སྤེལ་ན་མི་ཆོག་གམ། གལ་སྲིད་ཉོག་བཤད་བྱེད་འདོད་ནའང་མཆན་གཅིག་གི་ནང་བསྡུས་ནས་སྤེལ་ན་མ་འགྲིག་པ་ག་རེ་འདུག ངས་འདི་ལྟར་བཤད་དོན་ དྲ་བའི་མཆན་གསར་ལ་ལྟ་སའི་ས་མིག་ཚང་མ་སྐབས་རེ་ཁྱོད་གཅིག་པུས་བཀག་ནས་མཆན་པ་སུ་སུས་ཆ་ཤས་བླངས་ཡོད་མེད་མི་ཤེས་པ་ཆགས་ཀྱིན་འདུག ཁྱོད་ལ་དུས་ཚོད་འབེལ་ཐག་ཆོད་ཡོད་ཐག་ཆོད་ཡོད་ས་རེད་དེ་མང་དྲགས་ནས་སྐབས་རེ་ཀ་རྡོ་གཉེར་པ་ཟེར་བའི་མིང་འདིས་སུན་སྣང་སྟེར་བཞིན་འདུག ཁྱེད་ལ་བཤད་རྒྱུ་ལྷག་པོ་རེ་ཡོད་ན་མ་གཏོགས་ཏོག་ཙམ་བསམ་ཤེས་གནང་རོགས་ཞུ། གང་བསམ་ཐད་ཀར་ཞུས་པར་ཐུགས་ལ་མི་གནོད་པར་མཁྱེན།
ཨ་ར་དཀར་པོས་གསུང་བ་རང་རེད་་་ཀ་རྡོ་བ་ལ་གོང་བཀོད་ངོ་བཤུས་ཤིག་རྒྱག་རྒྱུ་ལས་ཅང་མི་འདུག་་་་ངོ་བཤུས་གཅིག་བརྒྱབས་ན་འོ་ཟིག་རེད་་་་མང་ཐག་ཆོད་ཅིག་བརྒྱབས་ནས་བསྡད་འདུག་་་ནམ་རྒྱུན་ཟེར་དང་ཟེར་བྲིས་ནས་འདུག་པ་ལས་རང་ཉིད་ཀྱིས་བསམ་ཚུལ་ཞིག་བཤད་པ་ཉུང་ཉུང་རེད་་་་དེར་བརྟེན་རྗེས་ཕྱོགས་དགོས་མེད་ཀྱི་ཉོག་བཤད་དང་ངོ་བཤུས་བསྐྱར་བཀོད་མ་གནང་རོགས་གནང་ཞུས་པ་ལགས་་
རྫ་ཚེ་ཟེར་བ་འདི་་་སྐབས་འཚོལ་རང་ལུགས་པ་ཞིག་ཡིན་་་་་འདིས་གོ་སྐབས་ཏག་ཏག་འཚོལ་ནས་སྐད་གྲགས་ལ་འབད་ཀྱིན་ཡོད་་་རང་ཚུགས་གང་ཡང་མེད་པའི་མི་བུ་འདི་ཚོ་་་་་ཤ་ཚ་སྙམ་་་་་་་ཉེ་ཆར་་་་་
ཁ་བཤད་དོན་འཁྱོལ་གྱི་སྒྲུབ་གནས་ཤིག་བཙུགས་ཡོད་ན། བསྔགས་པར་འོས། ལྷག་དོན་ཆོས་བརྒྱུད་ངེས་མེད་ཀྱི་སྒོམ་སྒྲུབ་བསྟི་གནས་ཤིག་ཏུ་དམིགས་ཡོད་ཟེར་བའང་དངོས་ཡོད་དང་བདེན་པ་ཡིན་ཚེ་ཡི་རང་དང་བསྔགས་བརྗོད་ཡོད། འོན་ཏེ། ད་དུང་མ་འཐུད་དུ་བལྟ་ཡ་རེད། ཐེ་ཝན་སོགས་སུ་གང་ཟག་ཆེ་གེ་མོས། བོད་བརྒྱུད་རིག་གནས་དང་བསྟན་པ་སྤྱིའི་མཚན་ཤས་དང་ཞབས་འདེགས་ལ་ཅི་ཡང་མི་སེམས་པར། རང་ཉིད་ཀྱི་ཆོས་བརྒྱུད་ཁོ་ན་དང་རང་ཉིད་ཀྱི་རྙེད་བཀུར་ཁོ་ནའི་ཆགས་སྡང་གིས་བསླངས་ཏེ་ཞབས་འདྲེན་ཞུ་མཁན་ཉིན་རེ་ནས་ཉིན་རེར་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་འཕེལ་གྱིན་ཡོད་པས། འདི་རིགས་བོད་བརྒྱུད་དང་ནང་བསྟན་མ་ཟད་འགྲོ་བ་ཡོད་དོའི་སྤྱི་དགྲ་རེད་ཅེས་ལབ་ན་ཐལ་མེད།
འབྲི་གུང་སྐྱབས་མགོན་མཆོག་ནི་ངེས་པ་དོན་གྱི་བླ་ཆེན་ཞིག་དང་མཁས་དབང་ཞིག་ཡིན། ཁོང་གི་མཛད་འཕྲིན་མཐའ་མེད་དུ་རྒྱས་པར་སྨོན།
རྣལ་འབྱོར་པ་རྫ་ཚེ་རིང་བཀྲ་ཤིས་མཆོག་གིས་དཔལ་འབྲི་གུང་༧སྐྱབས་མགོན་རིམ་པོ་ཆེ་སོགས་འབྲི་གུང་པའི་ཆོས་བརྒྱུད་འཛིན་པ་རྣམས་ཏེ་ཝན་གྱི་གླིང་ཕྲན་དུ་བྱོན་པའི་གནས་ཚུལ་བཟང་པོ་བྲིས་སྤེལ་མཛད་པར་དགའ་བསུ་ཞུ།
འབྲི་གུང་༧སྐྱབས་མགོན་རིན་པོ་ཆེ་༡༩༧༠དཀྱིལ་ལྷག་ཙམ་ལ་བོད་ནས་ཕེབས་པ་ནེཝ་ཇེར་སིར་སོག་པོ་དགེ་བཤེས་དབང་རྒྱལ་མཆོག་གི་དགོན་པར་ཕེབས་པར་མཇལ། དེ་དུས་ན་བཟའ་སྐྱ་ཆས་བཞེས། ཚ་རོང་ཆེན་པོའི་སྲས་ཡིན་པས་ཨ་རིར་སྐྱིད་ཉམས་མཛད་ནས་བཞུགས་འགྱུར་གྱི་སྣང་བ་ཁོ་བོར་ཤར་ཀྱང་། དེ་ལྟར་མ་མཛད་པར་རྒྱ་གར་དུ་ཕེབས་ནས། དཔལ་འབྲི་གུང་པའི་རིང་ལུགས་སྐྱོང་བའི་མཛད་བཟང་བདག་གིར་བཞེས་ཏེ། ལ་དྭགས་སུ་ཡང་བྱོན་ནས། འབྲི་གུང་ཆོས་ལུགས་འཛིན་པའི་དགོན་པ་ཕྱི་དབང་གྱི་ཉེ་འདབས་སུ་འཕོ་བའི་བྱིན་རླབས་ལ་དྭགས་མི་མངས་ལ་སྩོལ་སྐབས་སུ་ཁོ་བོ་ཡང་བྱིན་རླབས་ཞུ་བར་མཇལ་བའི་སྐལ་བ་བཟང་པོ་བྱུང་ངོ་།
་
ཁ་བརྡར་བརྩོན་འགྲུས་ཀྱི་དཔལ་དང་ལྡན་པ་ཀརྡོ་གཉེར་ཕྱག་པས།
“དག་ཆ་འགའ་ཤས་ལ་ང་གཉིས་རྩོད་དགོས་འདུག་པ་ལས། རྫ་ཚེ་རིང་བཀྲ་ཤིས་ལགས་ཀྱི་བོད་ཡིག་འབྲི་རྩལ་བཟང་།” ཞེས་པ་ལྟར་མཁས་པའི་དག་ཆ་དང་མི་མཐུན་པ་འགའ་རེ་ཡོད་འདུག ལ་དྭགས་པའི་ཁ་རྒྱུན་བཤད་སྲོལ་དུ། མར་གྱི་ནང་ན་སྤུ། ཞེས་བཤད་པ་ལྟར། “བྱིན་རླབས་བསྩལ།” “བཀའ་ཁྲིད་བསྩལ།” ཅེས་སྩོལ་བའི་འདས་ཚིག་ལ་བཀའ་བསྟན་བཀའ་བརྟེན་བོད་ཀྱི་གསུང་འབུམ་རྣམས་དང་མི་མཐུན་པར་མ་ཟད་དེ་དག་གི་དག་ཡིག་བསྡུས་པ་ཟ་མ་ཏོག་དང་ངག་སྒྲོན་དང་འགལ། དེ་དག་ན་འདི་ལྟར་བཀོད་དེ།
་
བཀའ་སྩལ་པ་དང་དངོས་གྲུབ་སྩལ།
དངོས་གྲུབ་སྩོལ་དང་སྩལ་དུ་གསོལ།
སྦྱིན་པ་ཚུལ་བཞིན་བགྱི་སོགས།
ས་མགོ་ལྡན་པའི་ཙ་ཡིག་གོ །་
ཞེས་དང་།
བཀའ་སྩལ་དངོས་གྲུབ་སྩལ་དང་སྩོལ།
སྦྱིན་པ་སྩལ་བགྱི་བགྱིད་དུ་སྩལ།
སྩལ་དུ་གསོལ་སོགས་སར་བཏགས་ཙའོ།།
་
ཞེས་སོགས་ལ་རྩིས་སྟངས་མེད་པ་ནི། མར་གྱི་ནང་ན་སྤུ། ཞེས་པ་ལྟར་ནོར་ཡོད་པའི་ཚིག་མཛོད་གསར་པ་ཀུན་མཐའ་གཅིག་ཏུ་ཚད་མར་འཛིན་པ་ལས་བྱུང་། ད་ཡིས་སྔོན་གྱི་མཁས་པའི་ཡི་གེའི་དག་ཆ་རྣམས་རིམ་པས་ངོས་འཛིན་དཀའ་བར་འགྱུར་རོ།
་
ཡི་གེ་ནོར་པ་དག་ལ་ཞུས་དག་མཛད་ན། བོད་རིག་གཞུང་འཛིན་པའི་ཞབས་ཏོག་གོ།
ཧ་ཧ་འཁོར་བའི་འདུ་འཛི་ཡིས་འཁྲུགས་ཆ་དོད་པའི་གྲོང་ཁྱེར་པ་ལ་་་་རྣལ་འབྱོར་བ་་་་་་དག་སྣང་ཆེ་དྲགས་པ་རེད་བསྟོད་སྟངས་ལའང་རབ་འབྲིང་ཐ་གསུམ་མང་པོ་ཡོད་འདུག
# 5 ཨ་ར་དཀར་པོ་ལགས་
དང་།
# 6 ཆུ་ཐིགས་སྔོན་མོ་ལགས་གཉིས་ཀར་ལགས་སུངས་ཁྱེད་གཉིས་ཀྱི་ཚིག་དེ་གཉིས་བརྗེད་མི་འོངས།
ཅོ་རི་ལགས་སོགས་སུ།
ང་སེམས་ཤུགས་ཆགས་མེད་ཀྱང་། རེ་ཞིག་ཟུར་བཀོལ་ཅམ་འཇོག་བྱེད་ཆོག དགའ་བར་གྱིས་ཤོགུ
སྐྱོབ་པ་འཇིག་རྟེན་མགོན་པོར་གུས་ཕྱག་འཚལ། །
འབྲི་གུང་བཀའ་བརྒྱུད་བླ་མར་གསོལ་བ་འདེབས། །
འབྲི་གུང་སྐྱབས་མགོན་ཆེ་ཚང་གིས་བྱིན་རློབས། །
ཨ་ཕྱི་ཆོས་སྒྲོན་མ་ཡིས་འཕྲིན་ལས་མཛོད། །
མི་རྗེ་དམག་སྤྱི་ཚ་རོང་རིགས་ལས་འཁྲུངས།།
ཞི་དུལ་བརྟན་མཁས་རྒྱལ་སྲས་སྤྱོད་པ་ལྡན།།
བཤད་སྒྲུབ་ལས་ཀྱི་འཁོར་ལོར་མངའ་བརྙེས་པ།།
མཚུངས་མེད་བླ་མ་མཆོག་ལ་ལན་བརྒྱར་འདུད།།
བཀའ་བརྒྱུད་བསྟན་པའི་མངའ་བདག་༧སྐྱབས་མགོན་དཀོན་མཆོག་བསྟན་འཛིན་ཀུན་བཟང་འཕྲིན་ལས་ལྷུན་གྲུབ་མཆོག་གི་གསང་གསུམ་གྱི་མཛད་འཕྲིན་མཐའ་ལས་འདས་པ་ཞིག་ལས། ཐེ་ཝན་དུ་ཕྱག་ཕེབས་བསྩལ་བའི་མཛད་རིམ་ལས་ཆ་ཤེས་ཤིག། དྲྭ་ལམ་འདིར་རྫ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་བཀོད་པ་ཞིག་མཇལ་རྒྱུ་བྱུང་བས་དགའ་བོ་བྱུང་ཐུགས་རྗེ་ཆེ་ལགས།
དྲ་གྲོགས་རྒན་པ་ལ་དྭགས་པ་མཁས་དབང་བློ་བཟང་འཇམ་དཔལ་སོགས་ཀྱིས་ང་ལ་འཛུབས་སྟོན་དང་བཀའ་མོལ་གནང་བར་བཀའ་དྲིན་ཆེ་ཞུ། ངས་ནི་སུམ་རྟགས་དག་གསུམ་ཡག་པོ་ཞིག་ཀྱང་སྦྱོང་མ་མྱོང་བས། ལག་ལ་གར་བབ་ཙམ་ལས་བརྡ་སྤྲོད་གཞུང་ལུགས་ཀྱི་གོ་བ་དང་འཛིན་མཚམས་ཡག་པོ་མེད་ལགས།
འབྲི་གུང་༧སྨྱབས་མགོན་ལ་ངོ་མ་བླ་ཆེན་གཞན་དང་མི་འདྲ་བའི་ཁྱད་ཆོས་ཡང་དག་པ་དུ་མ་ཞིག་ཡོད་ཅེས་གོ་མྱོང་ཡོད།། དེ་རིང་དངོས་སུ་སྐུ་དཔར་མཇལ་བར་དགའ་བ་དཔག་མེད་བྱུང་།། སྐུ་དཔར་མཁོ་སྒྲུབ་དང་གནས་ཚུལ་གཏོང་མཁན་ཚང་མ་ལ་ཐུགས་རྗེ་ཆེ་ཞེས་ཞུ་བའོ།། །།
ཐུགས་རྗེ་ཆེ་གསར་འགྱུར་སྙན་བྱུང་།།
པད་མ་སྨྱོན་པ། ཁྱོད་བཀའ་བརྒྱུད་པ་ལ་ངོ་མ་སྡང་བ་འདིར་བལྟས་ན་བཀའ་བརྒྱུད་པའི་ཕོ་གསར་མཇེ་ཆེན་ཞིག་གིས་ཁྱོད་ཀྱི་ཆུང་མ་འཕྲོག་ཡོད་མདོག་འདུག རྙིང་མ་རྗེ། ཁག་མེད། ཆུང་མ་གཞན་ལ་ཤོར་བའི་སྡུག་བསྔལ་འདི་ལྕི།
ཀློང་ཆུང་ལགས་ནམ་རྒྱུན་པདྨ་ཁྱེད་ཚོའི་ལྟ་བ་གཅིག་པ་རེད་གདའ།
@ཁྱུང་སེ།
ང་དང་པད་མ་ལྟ་བ་མཐུན་ཟེར་ན། ཆོས་དང་འཇིག་རྟེན་དབར་ལ་ནོར་ཉེན་ཡོད།
ང་དང་ཁྱེད་ཀྱི་ལྟ་བ་མཐུན་ཟེར་ན། བན་བོན་གྲུབ་མཐའ་གཅིག་ལ་ནོར་ཉེན་ཡོད།
ང་དང་ཀརྡོ་ལྟ་བ་མཐུན་ཟེར་ན། ཕྱག་རྒྱ་ཆེ་དང་་རྫོགས་ཆེན་ནོར་་ཉེན་ཡོད།
ང་དང་ལུ་ཏོག་ལྟ་བ་མཐུན་ཟེར་ན། སྡེ་པ་གཞུང་དང་དམངས་གཙོ་ནོར་ཉེན་ཡོད།
ང་དང་ཅོ་རི་ལྟ་བ་མཐུན་ཟེར་ན། དམར་པོའི་ཤོག་དང་ཚན་རིག་ནོར་ཉེན་ཡོད།
ང་དང་དོལ་ཚོགས་ལྟ་བ་མཐུན་ཟེར་ན། འདྲེགས་པ་ཡི་དམ་དབར་ལ་ནོར་ཉེན་ཡོད།
ང་དང་ཀླུ་སྨྱོན་ལྟ་བ་མཐུན་ཟེར་ན། ཚེ་རིང་སྐྱིད་དང་ཚེ་སྐྱིད་ནོར་ཉེན་ཡོད།
ང་དང་རྫ་ཚེ་ལྟ་བ་མཐུན་ཟེར་ན། རང་སྟོང་གཞན་སྟོང་དབར་ལ་ནོར་ཉེན་ཡོད།
ང་དང་ལ་དྭགས་ལྟ་བ་མཐུན་ཟེར་ན། རྣལ་འབྱོར་བ་དང་ལྡོམ་པོ་ནོར་ཉེན་ཡོད།
ཀློང་ཆུང་ལགས།
ཀློང་ཆུང་ཀློང་ཆེན་རྫོགས་ཆེན་དང་། །
ཀརྡོའི་ཕྱག་ཆེན་གཅིག་ཏུ་བབས། །
རྫོགས་ཆེན་ཕྱག་ཆེན་དབྱེར་མེད་དུ། །
ཉམས་མྱོང་རྣལ་འབྱོར་པ་ཡིས་མཐོང་། །
བསྐྱེད་རྫོགས་ལས་ལྷག་རྫོགས་ཆེན་དང་། །
བསྐྱེད་རྫོགས་མ་བསྡུས་ཕྱག་ཆེན་ཞིག །
ཡོད་དོ་སྙམ་ན་ཕྱོགས་ལྷུང་དང་། །
གསང་སྔགས་ལམ་ནོར་དེ་ལ་ཟེར། །
གང་ལྟར་གོང་དུ་མཆན་འགའ་ཞིག་ལ་ལོ་རྒྱུས་བདེན་པ་སྨྲས་པ་རེད། གོང་དུ་ཨ་མཚེས་བཤད་པ་བཞིན་མི་ལ་རས་པའི་རྣམ་ཐར་གྱིས་བཀའ་བརྒྱུད་པ་མཚན་སྨད་ག་ལ་འགྲོ། གཞན་སོ་སོའི་རྐང་རྗེས་རང་གིས་བསུབས་པ་རེད། གལ་ཏེ་ངོས་ཀྱིས་སྐྱེ་བོ་སྒེར་པ་ལ་དམོད་ཚིག་དང་འཐབ་འཛིང་བྱེད་པ་སོང་ཡོད་ན་ཁ་བརྡ་དྲ་བར་དགོངས་དག་ཞུ།
བཀའ་བརྒྱུད་ཀྱི་བསྟན་པའི་བདག་པོ་འབྲི་གུང་༧སྐྱབས་མགོན་རིན་པོ་ཆེས་མཇད་པའི་བོད་བཙན་པོའི་རྒྱལ་རབས་ཞེས་པ་ཞིག་ཡོད་པ་གོ་ཐོས་ཡོད། ཟེར་སྲོལ་ལ་རྒྱལ་རབས་དེ་ལྟ་བུའི་ཁུངས་བཙན་པོ་ཞིག་བོད་ཀྱི་རྒྱལ་རབས་འགའ་ཡང་མེད་ཅེས་གོ་ཐོས་ཡོད། བོད་བཙན་པོའི་རྒྱལ་རབས་དེར་དམིགས་གསལ་གྱི་ཁྱད་ཆོས་ཅི་ཞིག་ཡོད་རེད་མཁྱེན་མཁན་འདྲ་ཡོད་ཚེ་དེའི་སྐོར་ཅུང་གསུངས་རོགས་གནང་། ཐུགས་རྗེ་ཆེ།། །།
ཇི་སྐད་དུ། ས་སྐྱ་ས་པཎ་གྱིས།
་
ཡོན་ཏན་ཀུན་ལྡན་དཀོན་པ་ལྟར།
ཡོན་ཏན་ཅི་ཡང་མེད་པ་དཀོན།
སྐྱོན་དང་ཡོན་ཏན་འབྲེས་པ་ལས།
ཡོན་ཏན་གཙོ་ཆེ་མཁས་པས་བསྟེན།། ༢༠ །། རབ་བྱེད་༦་པ།
# 25 སེང་ཕྲུག་ངར་མ་ལགས།
བཙན་པོའི་རྒྱལ་རབས་དེའི་ནང་ཏུན་ཧོང་གི་ཡིག་ཆ་མང་དག་ཅིག་འདྲ་བཤུས་ཇི་མ་ཇི་བཞིན་ཡོད་པར་བརྟེན་དཔེ་མཛོད་མང་པོ་གྲིམ་མི་དགོས་པ་བཟོས་པ་ལྟ་བུར་མཐོང་ལགས
སྐྱོན་དང་ཡོན་ཏན་འདྲེས་པ་ལས། ཞེས་བཅོས་སོ།
ཏུན་ཧོང་བོད་ཀྱི་ཡིག་རྙིང་ལས་བྱུང་བ། བོད་བཙན་པོའི་རྒྱལ་རབས། ཞེས་གསུངས་པ་ལྟར་དང་། བོད་ཀྱི་རྡོ་ཆས་ལོ་རྒྱུས་ཆ་
འདྲ་བ་བོད་སྐད་ནང་དུ་ཡོད་པ་དག་ཀྱང་འཁོད་པ་དང་།
དཀར་ཆག་ཏུ།
མངའ་མཚད་བཅུ། ༢༣
ཞང་ཞུང་སྲིད་པའི་རྒྱལ་པོ་བཅོ་བརྒྱད། ༢༥
མཁར་ཆུང་རྒྱལ་ཕྲན་བསིལ་མ། ༣༣ ་་་་་་ ༤༠
༄། བོད་བཙན་པོའི་རྒྱལ་རབས་རྒྱ་ཆེར་འགྲེལ་བ་དྭངས་ཤེལ་མཐོན་མཐིང་རྒྱལ་མོ་ཞེས་བྱ་བ་བཞུགས་སོ།།
༄། བོད་ཀྱི་བཙན་པོ་ཐོག་མ་གཉའ་ཁྲི་བཙན་པོ།
( སྤྱི་ལོ་གོང་ ༤༡༧ – ༣༤༥ EBC.)
༄། དང་པོ། མཚན་བཤད་པ།
བོད་ཀྱི་རྒྱལ་པོའི་མཚན་ལ་བཙན་པོ་ཞེས་འབོད་པའི་རྒྱུ་མཚན་གང་ཡིན་ཟེར་ན། དེ་བཀའ་བཙན་པོའི་དོན་ཙམ་མ་ཡིན་པར། དེ་ནི་གཉའ་ཁྲི་བཙན་པོས་རང་ཡུལ་བོད་ཁམས་ཁ་བ་ཅན་ཡོངས་ལ་བཙན་ཤུགས་ཀྱིས་གཅིག་གྱུར་གྱི་སྲིད་དབང་གསར་འཛུགས་བྱས་ནས་དབང་བསྒྱུར་བ་མ་ཟད། མཐའ་འཁོར་རྒྱལ་ཁབ་ཁག་ལའང་དངོས་ཤུགས་བརྒྱུད་གསུམ་གྱི་སྒོ་ནས་སྲིད་འབྱོར་རིག་གསུམ་གྱིས་དབང་སྒྱུར་དང་ཤུགས་རྐྱེན་སྤྲད་ནུས་པའི་དོན་ལ་གོ་ཞིང་། དེ་ནི་དབྱིན་སྐད་ནང་དུ་ (emperor) ཞེས་པའི་དོན་ཡིན།
དེ་ཡང་ལྷ་ས་གཙུག་ལག་ཁང་མདུན་རྒྱ་བོད་འཆིང་ཡིག་གི་རྡོ་རིང་ཡིག་ཕྲེང་ ༡༡ པ་ནས་ ” དགྲ་ཐབས་མཁས་ནས། ཕྱིའི་དགྲ་བཏུལ་ཏེ། ཆབ་སྲྀད་ནྀ་ཕྱིར་ཞེང་ཆེ། དབུ་རྨོག་ནྀ་སྲ་ཞིང་བརྩན་པ་ནམ་ཞར་མྱི་འགྱུར། བྱིན་མྱི་ཉམས་པའྀ་གཡུང་དྲུང་གི་རྒྱལ་པོ་ཆེན་པོ་ནྀ་ཆེ། དེའྀ་ཕྱིར་ལྷོ་ཕྱོགས་ཀྱྀ་མོན་རྒྱ་གར་དང་། ནུབ་ཕྱོགས་ཀྱྀ་ཏ་ཟིག་དང་། བྱ་ཕྱོགས་ཀྱྀ་དྲུ་གུ་ནེ་སྨེལ་ལ་སྩོགས་པ། གཡུག་་་(གཅིག)། རྒྱལ་པོ་སྡོམ་ན་(མ་ཞ) ར་བྱ་བ་ཀུན་གྱི་འཕྲུལ་གྱྀ་ལྷ་བཙན་པོའི་དབུ་རྨོག་བརྩན་(བཙན) པོ་དང་་་་(ཡ) ང་བོར་༼གསུངས་པ་༽ནྀ་ཕྱོགས་མྱྀ་གུས་པ་མྱེད་དེ། ཕན་ཚུན་དགྱེས་ཤིང་བཀའ་སྩལད་དོ་མཆོག་(ཅོག) ཉན་པ་ཡིན། ” ཞེས་བྱུང་བ་ལྟར་ཡིན།
སྤུ་རྒྱལ་ཞེས་པ་ནི། གཉའ་ཁྲི་བཙན་པོ་དེ་ཉིད་འཁྲུངས་ཡུལ་རྐོང་པོ་སྤུ་ཡུལ་དུ་སྤུ་མི་མོ་བཙུན་གྱི་རུམ་ནས་བྱུང་ཞེས་ལྡེའུ་ཇོ་སྲས་ཀྱི་ཆོས་འབྱུང་ནས་གསུངས་ཤིང་། ཏུན་ཧོང་ཡིག་རྙིང་དུའང་། P1038,0018 ནང་” གདུང་ནི་སྤུ་བོད་དང་། རྒྱལ་པོ་ནི་སྤུ་རྒྱལ་དུ་གསོལ་ཏོ། ” ཞེས་བྱུང་བ་ལྟར་ལགས་སོ། དེ་ལྟར་རྒྱལ་པོ་འཁྲུངས་ས་རྐོང་པོ་སྤུ་ཡུལ་དུ་འཁྲུངས་པ་སོང་ཙང་མཚན་ལ་སྤུ་རྒྱལ་དུ་བྱུང་བ་ཁ་གསལ་ཡང་། འོ་ན་དེང་སང་སྤུ་ཡུལ་ཞེས་མ་ཟེར་བར་སྤོ་ཡུལ་ཞེས་བ་དེ་ཡུལ་ལུང་ཐ་དད་པ་ཞིག་མིན་ནམ་སྙམས་ན། དེ་ནི་མ་ཡིན་ཏེ། གནའ་སྔ་མོའི་སྒྲ་ཀློག་ཐབས་འགའ་ཡུལ་སྐད་སོ་སོའི་དབང་དུ་ཤོར་ནས་ཞབས་ཀྱུ་ལ་རྣ་རོ་ཀློག་པ་མང་ཞིང་། དཔེར་ན། སྤུ་ཕུ་ལ་སྤོ་པོ་དང་། གཞུ་རོང་གཙང་པོ་ལ་གཞོ་རོང་གཙང་པོ། མལ་གྲོ་གཟུ་ཕུག་ལ་གཟི་ཕུག་ཟེར་བ་སོགས་སྒྲ་དམ་པོ་ཀློག་སྟངས་ལྷུག་པའི་དབང་དུ་ཤོར་བའང་ཡིན་ལ། ཡིག་གེའི་དག་ཆར་དོ་སྣང་མ་བྱས་པས་ཀྱང་ལན་པ་ཡིན།
གཉའ་ཁྲི་ཞེས་པ་ནི། ཡོངས་གྲགས་ཀྱི་དབང་དུ་བྱས་ན་བོན་ཤེས་པ་ཅན་དག་གིས་རྐོང་པོ་ལྷ་རི་གྱང་ཐོར་ལྷ་གསོལ་པའི་དུས་སུ་མི་གཞན་དང་མི་འདྲ་བ་གཟི་བརྗིད་ཅན་གྱི་གཉའ་ཁྲི་བཙན་པོ་དེར་འཕྲད་པ་དང་རྒྱལ་པོར་བཀུར་ཞེས་གཉའ་ལ་བྱམས་ཁྲིའི་སྟེང་དུ་བཞག་ནས་འཁུར་ཡོང་བར་གཉའ་ཁྲི་བཙན་པོ་ཞེས་མཚན་དེ་ལྟར་གྲགས་པ་སྣང་ཡང་། བོན་གྱི་སྒྲག་བརྟེན་ལྡེབས་མ་ ༡༧ ན ༤ ནང་ ” བདག་ནི་ལྷ་རབ་གཉེན་རུམ་སྲས། བདག་ནི་གཉའ་ཁྲི་བཙན་པོ་ལགས། དེ་ཅི་ཕྱིར་ཞེ་ན། གཉའ་ཁྲི་བཙན་པོ་ནི། མ་ཡི་གཉའ་བར་ཟླ་དགུ་ངོ་བཅུ་བསྡད་པས་གཉའ་ཁྲི་ལགས། སྣང་སྲིད་ཀུན་ལ་བཀའ་བཙན་པས་ན་བཙན་པོའོ། ” ཞེས་གཉའ་ཁྲི་བཙན་པོས་རང་གི་མ་ལ་དེ་ལྟར་གསུངས་པར་སྣང་།
འོ་དེ་སྤུ་རྒྱལ་ནི། དེ་ཡང་ལྷ་ས་གཙུག་ལག་ཁང་མདུན་རྒྱ་བོད་འཆིང་ཡིག་གི་རྡོ་རིང་ཡིག་ཕྲེང་ ༥ པ་ནས་ ” འཕྲུལ་གྱྀ་ལྷ་བཙན་པོ་འོ་ལྡེ་སྤུ་རྒྱལ། (༩༩) ཡུལ་བྱུང་ས་དོད་ཚུན་ཅད། འུང་ནས་མྱིའི་རྗེར། བོད་ཀྱྀ་རྒྱལ་པོ་ཆེན་པོ་མཛད་པ་ཡང་། གངས་རི་མཐོན་པོའི་ནི་དབུས། ཆུ་བོ་ཆེན་པོའི་ནི་འགོ ཡུལ་མཐོ་ས་གཙང་བ་ལ་གནམ་གྱྀ་ལྷ་ལས། མྱྀའི་རྒྱལ་པོར་གཤེགས་ཏེ། གཙུགས་ལག་ཆེན་པོས་ནྀ་ཡུན་གྱི་སྲིད་བཙུགས། ཆོས་ཁྲིམས་བཟང་པོས་ནི་ཚུལ་གནང་། བྱམས་པའི་བཀའ་དྲིན་གྱྀས་ནྀ་ནང་གྀ་ཚིས་སྦྱརད། ” ཞེས་བྱུང་བ་ལྟར་བོད་ཀྱི་ལོ་རྒྱུས་ཅན་ལྔའི་ནང་ཚན། ཡོ་ག་ལྷ་དགྱེས་ཅན་ གྱི་ཁུངས་ལྟར་བྱས་ན་འོ་དེ་གུང་རྒྱལ་ཞེས་པའི་ལྷ་དེ་ནི་བོད་ཀྱི་སྲིད་པ་ཆགས་པའི་ལྷ་དགུ་ཞེས་རླུང་ལྟར་གྲགས་པ་དེ་ཚོའི་ཡབ་ཡིན་པར་བཤད། གཉའ་ཁྲི་བཙན་པོའི་དུས་སུ་བཙན་པོའི་བླ་རིའམ། ལྷ་རི་ཞེས་པ་ཞིག་བྱུང་འདུག་པ་དེའི་མིང་ལ་འོ་དེ་གུང་རྒྱལ་ཟེར། རི་དེ་དེང་ལྷོ་ཁ་ཟངས་རི་རྫོང་ཁུངས་ཀྱི་ཡར་ཀླུང་གཙང་པོའི་འགྲམ་དུ་གནས་ཤིང་། རི་དེའི་ནུབ་ཕྱོགས་སུ་ལྷོ་ཁ་དང་། ཤར་ཕྱོགས་སུ་དྭགས་པོའི་ས་ཁུལ་ཡིན་འདུག
འོ་ན་གཉའ་ཁྲི་བཙན་པོ་ལ་ལྷ་འོ་དེ་གུང་རྒྱལ་གྱི་མཚན་ནས་དྲས་ཏེ། འོ་དེ་སྤུ་རྒྱལ་ཞེས་མཚན་འབོད་དགོས་པའི་རྒྱུ་མཚན་གང་ཡིན་ཟེར་ན། གཅིག་ནས་ཡོ་ག་ལྷ་དགྱེས་ཅན་གྱི་ནང་དུ་གཉའ་ཁྲི་བཙན་པོའི་གདུང་བརྒྱུད་ལྷར་གཏུགས་ཤིང་། ལྷ་འོ་དེ་གུང་རྒྱལ་དེ་གཉའ་ཁྲི་བཙན་པོའི་ཡང་མེས་སུ་གྱུར་པ་དང་། གཉིས་ནས་འོ་དེ་གུང་རྒྱལ་ནི་སྲིད་པའི་ལྷ་རབས་ཚང་མའི་ཡབ་མ་གྱུར་པ་མེད་པ་ལྟར་སྣང་བས། སྣང་སྲིད་ཀུན་ལ་དབང་སྒྱུར་བ་ལྟར་ཆེ་བསྟོད་གྱི་ཚུལ་དུ་མཚན་འོ་དེ་སྤུ་རྒྱལ་ཞེས་འབོད་པར་སྣང་། དེར་བརྟེན་རྒྱལ་པོ་ནི་ལྷ་དང་འདྲ་བས་མཚན་ལ་ལྷ་ཞེས་འབོད་པར་སྣང་ལ། རྒྱལ་པོའི་ལྟེ་གནས་ཀྱི་རྒྱལ་ས་ལ་ལྷ་ས་ཞེས་ཡོངས་སུ་གྲགས་པའང་བྱུང་འདུག །།
_____ སྐར་ཆེན་དང་ཟླ་ཆེན་གྱིས་བྲིས།
བཙན་པོའི་རྒྱལ་རབས་བསྒྲིག་འཁན་ངོ་མ་འབྲི་གུང་སྐྱུ་རའི་འབྲུག་ཚེ་རིང་ཟེར་བ་དེ་རེད་འདུག་ག དེ་བཞིན་དུ་འབྲི་གུང་བསྟན་རྒྱས་སྨོན་ཡང་རྩོམ་འཁན་ནང་ཆེན་རྒྱལ་པོ་རེད་འདུག སྲོང་བཙན་དཔེ་མཛོད་ཀྱང་གཙོ་བོ་བཞེངས་འཁན་ཨ་དབྱིང་རིན་པོ་ཆེ་རེད་བཞག དེས་ན་ཚང་མ་ཆེ་ཚང་གིས་བཟོས་པ་རེད་ཟེར་དགོས་དོན་གང་ཡིན་ནམ།
འབྲི་གུང་ཆེ་ཚང་རིན་པོ་ཆེས་བརྩམས་པ་དང་བཞེངས་པར་དེ་འདྲ་འཕྲག་དོག་བྱེད་དགོས་པ་གང་ཡིན་ནམ། དེབ་ཀྱི་འཇུག་ཏུ་ཁོང་གིས་བྲིས་ཡིན་གསུངས་འདུག དེ་མིན་དྲ་རྒྱའི་ནང་དུའང་ཁོང་གིས་དཔེ་མཛོད་བཞེངས་པ་རེད་ཅེས་ཟེར་འདུག དེ་མིན་ན་ཁུངས་བསྐྱེལ་ར་སྤྲོད་ཅིག་བགྱིས་དང།
བོད་ཀྱི་རྒྱལ་སའི་ལྷ་ས་ནི། ར་སའི་རྗེས་སུ་ལྷ་ས་ཞེས་མིང་ཆགས་པ་མིན་ནམ། གཉའ་ཁྲིའི་སྐབས་ནས་ཡོད་པའི་ཁུངས་མེད།
ཡང་གཉའ་ཁྲི་བཙན་པོ་ལྷ་ཡི་སྲས་པོ་ཡིན་མདོག་དང་། མའི་གཉའ་བར་ནས་འཁྲུངས་པར་ཤོད་ཚུལ་ཡང་། ལྷ་སྒྲུང་ཙམ་ལས། མི་སྒྲུང་མ་ཡིན་པས་འདིར་རྒྱལ་རབས་སམ། བྱུང་རབས་ཤོད་པའི་སྐབས་སུ་ཐད་པར་མི་འཛིན།
ཐད་དང་འཐད་ལ་ཁྱད་པར་ཨེ་ཡོད།
ཐད་ཅེས་པ་ནི་ཐད་ཀར་དྲང་པོ། ཁོ་མི་འདི་སྐད་ཆ་ཐད་ཀར་ཤོད་མཁན་ཅིག་རེད་ལྟ་བུ་རེད། འཐད་ཅེས་པ་ནི་ཡིད་ལ་འཐད་དམ་མི་འཐད་སེམས་ལ་འཐད་དམ་མི་འཐད་་་དོན་ལ་དགའ་བ་དང་མོས་མཐུན་བྱེད་དང་མི་བྱེད་ཅེས་པ་ལྟ་བུ་རེད།
ཐད་དང་འཐད་ལ་མིང་གི་རྣམ་གྲངས་རེ་ཡོད་དམ།
ཐད་ཀར་གནས་པ་སོ་ན་གནས། །
ཡི་ལ་འཐད་པ་འ་འཐད་ལགས། །
ཐད་དང་ཁ་ཐུག་དོན་གཅིག་མིང་གི་རྣམ་གྲངས་ཡིན་ཁ་ཐུག་ཡིན་ན་ཐད་དང་ཐད་ཁར་ཡིན་པས་ཁྱབ།
འཐད་དང་མོས་མཐུན་ཡིད་མཐུན་དགའ་བ་དོན་གཅིག་མིང་གི་རྣམ་གྲངས་་་ཕན་ཚུན་ཁྱབ་པ་ཡོད།
དེ་དག་གི་་སྒང་ལ་ཚད་མ་ཡང་སྣོན་མར་བརྒྱབ་ན། འཐད་ལྡན་དང་། ཚད་ལྡན་གྱི་མཁས་པ་མང་དུ་འཕེལ་བར་འགྱུར་རོ།
ཡ་སྙིང་རྗེ་ཡང་བོད་པ་ནང་ཕན་ཚུན། ཆོས་ལུགས་ནང་ཕན་ཚུན། མི་རིགས་ནང་ཕན་ཚུན་འགྲན་རྩོད་དང་དམའ་འབེབས་བྱེད་རེས་བྱེད་ཅིང་འདུག
ཚད་ལྡན་དང་འཐད་ལྡན།
མི་ཚད་ལྡན་གྱིས། གཏམ་འཐད་ལྡན་ཅིག་བཤད་སོང་ལྟ་བུའོ།།
སྐྱོབ་པ་འཇིག་རྟེན་མགོན་པོར་གུས་ཕྱག་འཚལ། །
འབྲི་གུང་བཀའ་བརྒྱུད་བླ་མར་གསོལ་བ་འདེབས། །
འབྲི་གུང་སྐྱབས་མགོན་ཆེ་ཚང་གིས་བྱིན་རློབས། །
ཨ་ཕྱི་ཆོས་སྒྲོན་མ་ཡིས་འཕྲིན་ལས་མཛོད། །