གཡུ་སྒང་དགེ་འདུན།
སྤྱིར་འབྲུག་རྒྱལ་ཁབ་ཆུང་ཆུང་ཞིག་ཡིན་ནའང་ཁོ་ཚོའི་གོམས་གཤིས་དང་ཡི་གེ་སོགས་བོད་པ་དང་བརྒྱ་ཆའི་དགུ་བཅུ་འདྲ་བོ་འདུག གང་ཡིན་ཟེར་ན། ཡི་གེ་ནི་དབུ་ཅན་ཤ་སྟག་རེད། ཡིན་ནའང་མི་འདྲ་བ་ཞིག་ནི་ཕྲད་ཀྱི་ཁྲོད་ནས་ཁ་ཤས་མི་འདྲ་བ་མ་གཏོགས་གཅིག་པ་རེད། མི་འདྲ་བ་དེའི་རིགས་ཨུ་ཚུགས་བརྒྱབ་སྟེ་བཅུག་གི་ཡོད་པའི་སྲོལ་འདྲ་བོ་ཞིག་ཏུ་མཐོང་། ཁོང་ཚོའི་བླ་མ་དང་མཁན་པོ་དེ་ཚོས་ཆོས་གསུང་དུས་ཕྲད་དང་རྣམ་དབྱེའི་ཐོབ་ཐང་བོད་ཀྱི་བརྡ་སྤྲོད་པའི་གཞུང་ལྟར་གསུང་གི་འདུག་ལ། ཆོས་དཔེ་བརྙན་ཕབ་བསྟན་པ་དེ་ཚོ་ནི་བོད་ཀྱི་ཆོས་དཔེ་ནང་བཞིན་བཀོད་ཡོད་པ་སོགས་བརྙན་འཕྲིན་དུ་སྟོན་གྱི་འདུག གསར་འགྱུར་བཤད་མཁན་དང་རྩེད་རིགས་མདོ་འཛིན་པ་སོགས་ཀྱི་སྐད་ཆ་བརྒྱ་ཆའི་བདུན་ཅུ་གོ་ཐུབ།
གཞན་འབྲུག་གི་གཞས་གཏོང་སྐབས་ཀྱི་ཚིག་དང་གདངས་སོགས་བོད་པ་དང་གཅིག་མཚུངས་ཆགས་ཡོད། འོན་ཀྱང་། འབྲུག་གི་མི་སེར་དང་བོད་པ་ཕྱོགས་གང་གི་ཐད་ནས་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་པ་ཤེས་བཞིན་དུ་འབྲུག་རྒྱལ་ཁབ་ཀྱིས་ང་ཚོ་བོད་པར་རྒྱ་ནག་གིས་དཀའ་ངལ་སྤྲོད་བཞིན་པའི་སྐབས་སུ་རོགས་པ་བྱེད་རྒྱུ་ཕར་བཞག་མ་ཉེས་ཁ་གཡོགས་ཀྱིས་བོད་མི་མང་པོར་སྡུག་ཡུས་བཏང་བ་དེ་བྱེད་མ་འོས་པ་ཞིག་རེད་སྙམ་པའི་ཚོར་སྣང་ཡང་ངང་ངམ་ཤུགས་ཀྱིས་ཡོང་བ་ཞིག་རེད། རྒྱ་གར་ཡུལ་སྲོལ་གོམས་གཤིས་མི་འདྲ་བ་སྐད་དང་ཡི་གེ་མི་འདྲ་བ་ཞིག་གིས་བོད་པ་རང་གི་སྐད་དང་ཡི་གེ་གཙོ་བོར་བཟུང་སྟེ་ཡུལ་སྲོལ་གོམས་གཤིས་འཛིན་སྐྱོང་སྤེལ་གསུམ་བྱེད་འཇུག་པ་ལ་འབྲུག་གིས་མ་བཅུག་པ་དེ་ཧ་ཅང་གི་ཐབས་སྐྱོ་བོ་ཞིག་ཏུ་མཐོང་།
༡༩༧༤ནས་མི་ལོ་བཞི་བཅུ་ཞེ་གྲངས་ཀྱི་རིང་འབྲུག་གིས་འབྲུག་ནང་ཡོད་པའི་བོད་པ་སྐྱབས་བཅོལ་བ་དེ་ཚོར་བོད་པ་རང་གི་ཆོས་དང་རིག་གཞུང་ངམ་འབྲུག་དང་འབྲེལ་ཡོད་ཀྱི་ཁྱད་ཆོས་དེ་དག་མི་ཉམས་རྒྱུན་འཛིན་བྱེད་མི་འཇུག་པ་དེ་ཁོ་ཚོ་ངོ་གནོང་དགོས་པ་ཞིག་རེད།
འབྲུག་པས་བོད་ཡིག་དང་བོད་སྐད། བོད་ཀྱི་རིག་གཞུང་གི་རྨང་གཞི་བྱས་ཡོད་བཞིན་དུ་རང་གིས་རྨང་གཞི་བྱས་ཡོད་པའི་རིག་གཞུང་དེར་བདག་པོ་རྒྱག་པའི་མི་རིགས་ཤིག་ལ་འབུར་འཇོམས་བྱེད་པ་དེས་འབྲུག་གི་སྐད་ཡིག་དར་སྤེལ་ལ་གནོད་སྐྱོན་ཐེབས་ཡོད་པ་རེད། ངས་འབྲུག་གི་མི་སེར་གྱིས་ཆོས་ལ་དད་མོས་བྱེད་སྟངས་དང་ཆོས་བསྒྲུབ་སྟངས་ལ་བལྟས་ཡོང་དུས་ཕལ་ཆེར་ཆོ་ག་འདྲ་བཏོན། གཏོར་མ་འདྲ་འཕངས་པ་དེ་འདྲ་བྱས་ན་ཆོས་ཡིན་པའི་སྲོལ་འདྲ་བོའི་ཤུགས་ཆེ་བར་མཐོང་ཞིང་། ཆོས་ཀྱི་གོ་དོན་ཐད་ལ་ཕལ་ཆེར་སྐྱབས་སུ་མཆི་ཟེར་བ་ཙམ་ལས། དཀོན་གསུམ་གང་དག་རེད་ཅེས་དྲི་བ་ཞིག་སླེབས་ན། དགོན་པ་དང་གྲྭ་བ་གཏོར་མ་གསུམ་རེད་ཟེར་རྒྱུའི་ཉེན་ཁ་འདུག
ཆོས་གསུང་མཁན་བླ་མ་དང་དགེ་བཤེས་སོགས་ཀྱིས་ཆོས་ཀྱི་གོ་དོན་ལེགས་པོ་ཞིག་གསུངས་ནའང་མི་སེར་གྱི་ངོས་ནས་མིག་བཙུམ་ལག་གཉིས་ཐལ་མོ་སྦྱར་བ་ཙམ་ལས་ཀླད་པའི་ནང་སྟོང་སེང་ངེ་བཞག་ཡོད་པའི་བྱེད་སྟངས་མང་པོ་ཞིག་མཐོང་གི་འདུག དེའི་རིགས་ང་ཚོ་བོད་པའི་སྤྱི་ཚོགས་ལ་འདྲ་མཚུངས་སྦྱོར་ཆོག་པ་ཞིག་ཡིན། ༡༩༧༤ ལོ་ནས་ད་ལྟ་བར་དུ་འབྲུག་གི་གཞུང་འཛིན་པ་ཚོས་འབྲུག་ནང་ཡོད་པའི་བོད་པ་སྐྱབས་བཅོལ་བ་ཚོར་བོད་དོན་ཆེད་མགོ་དགྱེ་མ་བཅུག་པར་མནན་བསྡད་པ་རེད།
འཛམ་བུ་གླིང་གི་ས་ཕྱོགས་ག་ས་གང་དུ་གུ་ཡངས་པོ་ཆགས་ཡོད་པའི་དུས་རབས་འདིར། འབྲུག་རང་བཙན་གྱི་རྒྱལ་ཁབ་ཅིག་གིས་བོད་པ་སྐྱབས་བཅོལ་བ་སྟོང་ཕྲག་ཁ་ཤས་ཀྱིས་བོད་པ་སྐྱབས་བཅོལ་བའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཅིག་འདེམས་པའི་ཐོབ་ཐང་ཡང་མ་སྤྲད་པར། སྐད་ཆ་སྐྱི་གཡའ་བ་ཞིག་ནི། ཁྱེད་རང་ཚོས་སྲིད་སྐྱོང་དང་སྤྱི་འཐུས་འདེམས་ན་འགྲིག་གི་རེད། འདེམས་མཁན་གྱིས་མིང་ཐོ་འབྲུག་གཞུང་ལ་རྩིས་སྤྲོད་བྱེད་དགོས་ཞེས་པ་དེས་༡༩༧༤་ལོར་བོད་མི་སྐོར་ཞིག་ལ་ཁྲིམས་ཀྱིས་མནར་གཅོད་བཏང་བའི་ལོ་རྒྱུས་དེ་ངང་ངམ་ཤུགས་ཀྱིས་ཡིད་ལ་དྲན་བཅུག་པ་རེད།
ངས་འདིར་རང་གཞུང་བོད་མིའི་སྒྲིག་འཛུགས་ལའང་རང་བཞིན་གྱིས་བཀའ་འདྲི་ཞིག་ཞུ་དགོས་བྱུང་། འབྲུག་ན་ཡོད་པའི་བོད་པ་དེ་ཚོ་རྒྱ་གར་དང་ཕྱི་རྒྱལ་གཞན་ཁག་ན་ཡོད་པའི་བོད་མི་སྐྱབས་བཅོལ་བ་ནང་བཞིན་བོད་ཀྱི་ལས་དོན་ལ་ཤུགས་རྒྱག་ཆོག་པའི་རང་དབང་ཡོད་པ་ཞིག་བཟོ་ཐུབ་བམ། ཞེས་པ་དེ་ཡིན། ང་ཚོའི་སྒྲིག་འཛུགས་ཀྱིས་འོས་བསྡུ་སོགས་སུ་རྒྱ་བལ་འབྲུག་གསུམ་ཞེས་དེ་གསུམ་མཉམ་དུ་སྦྱོར་གྱི་ཡོད་པ་རེད། འོན་ཀྱང་། འབྲུག་སྡོད་བོད་མིའི་ཁྲོད་ནས་སྤྱི་འཐུས་སོགས་སུ་གང་ཡང་༡༩༧༤་ནས་ད་ལྟ་བར་དུ་བྱུང་ཡོད་པ་མ་རེད་ལ། འབྲུག་གཞུང་གིས་འདེམ་དབང་ཡང་སྤྲད་ཡོད་པ་མ་རེད།
དེར་བརྟེན་ང་ཚོའི་སྒྲིག་འཛུགས་ཀྱི་ངོས་ནས་འབྲུག་སྡོད་བོད་མི་དེ་ཚོ་བོད་པ་རང་ཉིད་ཀྱི་ཐོབ་དབང་རྩོད་ཆོག་པའི་ཁོར་ཡུག་ཅིག་སྐྲུན་ཐབས་བྱེད་ཀྱི་ཡིན་ནམ། ད་དུང་མུ་མཐུད་དུ་འབྲུག་ཏུ་མགོ་སྒུར་སྒུར་དང་གཉའ་ཞུམ་ཞུམ་བྱས་ཏེ་སྡོད་འཇུག་གི་ཡིན་ནམ་ཞེས་པའི་དྲི་རྟགས་འདི་འཁོར་ཡོང་གི་འདུག
ངའི་བསམ་ཚུལ་ལ་རྒྱ་གར་ན་ཡོད་པའི་བོད་མི་གཞིས་ཆགས་དེ་ཚོ་ཕྱི་རྒྱལ་ལ་གཏོང་ཐབས་བྱེད་པ་ལས་འབྲུག་ཡུལ་དུ་ཡོད་པའི་བོད་མི་དེ་ཚོར་བོད་རང་ཉིད་ཀྱི་ཐོབ་དབང་རྩོད་ཆོག་པའི་ཁོར་ཡུག་ཅིག་ཏུ་གཏོང་ཐབས་བྱས་ན་ལེགས་སྙམ།
གཡུ་སྒང་དགེ་འདུན་གྱིས། ༢༠༡༦ ། ༠༡ ། ༡༩ ། ཉིན།
གཡུ་སྒང་དགེ་འདུན་ལགས་ཀྱིས་འབྲུག་པའི་སྐད་དང་ཡི་གེ ཡུལ་སྲོལ་གོམས་གཤིས་བཅས་བོད་དང་ཆ་འདྲ་བར་ཡ་མཚན་པ་ནི་རྒྱུས་མེད་ཀྱི་གཏམ་ཁོ་ནར་ཟད་དེ། ཧི་མ་ལ་ཡའི་རི་རྒྱུད་ཡོངས་རྫོགས་བོད་བཙན་པོའི་མངའ་ཞབས་རྩོད་མེད་ཡོངས་གྲགས་ཡིན་ལ། ཕྱིས་བོད་བསིལ་བུའི་དུས་རབས་ནས་ཁ་ཐོར་འགོ་བཙུགས་ཤིང་། སིམ་ལའི་ཆིངས་ཡིག་ནས་བོད་ས་ཇེ་ཆུང་དུ་སོང་བ་ལོ་རྒྱུས་ཀྱིས་བསལ་བར་བལྟས་ན། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཡུལ་སྲོལ་གོམས་གཤིས་དང་། སྐད་ཡིག་སོགས་བོད་དང་ཆ་འདྲ་བ་ཟེར་ཡ་མཚར་མཚར་གནང་དོན་མེད། དེ་དག་གི་རང་གི་མེས་པོའི་རུས་པ་ཇི་ལྟར་བརྗེད།
འབྲུག་པའི་སྐད་དང་ཡིག་གེ་ཆ་ལུགས་སོགས་ལ་ཇུས་གཏོགས་དགོས་མ་རེད། དེ་ལས་འབྲུག་ནང་ཡོད་པའི་བོད་མི་ཚང་མ་ཆོས་སྲིད་གང་བརྩོན་རང་དབང་ལུང་པ་ཞིག་ནང་གནས་སྤོ་ཐུབ་པར་བྱས་ཐུབ་ན་དགེ་མཚན་ཆེ་བས་བཀའ་ཤག་གིས་ཐུགས་དགོངས་བཞེས་རྒྱུ་ཡོད་ན་དུས་རན་འདུག་གོ།
་་་་་་་ དཀོན་གསུམ་གང་དག་རེད་ཅེས་དྲི་བ་ཞིག་སླེབས་ན། དགོན་པ་དང་གྲྭ་བ་གཏོར་མ་གསུམ་རེད་ཟེར་རྒྱུའི་ཉེན་ཁ་འདུག
ཆོས་གསུང་མཁན་བླ་མ་དང་དགེ་བཤེས་སོགས་ཀྱིས་ཆོས་ཀྱི་གོ་དོན་ལེགས་པོ་ཞིག་གསུངས་ནའང་མི་སེར་གྱི་ངོས་ནས་མིག་བཙུམ་ལག་གཉིས་ཐལ་མོ་སྦྱར་བ་ཙམ་ལས་ཀླད་པའི་ནང་སྟོང་སེང་ངེ་བཞག་ཡོད་པའི་བྱེད་སྟངས་མང་པོ་ཞིག་མཐོང་གི་འདུག ་་་་་་་་
དིང་སྐབས་འབྲུག་ཡུལ་ནང་བོད་པ་ག་ཚོད་རྩམ་གནས་སྡོད་བྱེད་ཀྱི་ཡོད་དམ་ དེ་རྣམས་ཀྱི་གང་སྤྱིའི་གནས་སྟངས་གང་འདྲ་ཡོད་དམ་
འབྲུག་དང་བོད་གཉིས་ཆོས་དང་རིགས་གཞུང་གཅིག་པ་ལོས་ཡིན།
མཆན་བཀོད་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུ། ཡིན་ནའང་ཁྱེད་རྣམ་པའི་གསུང་བའི་ཁྲོད་དུ་ང་ལ་དགོས་པའི་བསླབ་བྱ་གནད་ཁེལ་ཞིག་ད་དུང་མ་བྱུང་བས་མུ་མཐུད་དུ་གསུང་རོགས་གནང་། ག་ཚོད་མང་པོ་གསུང་ཐུབ་ན་ཐུགས་རྗེ་ཆེ། ངས་མུ་མཐུད་ཀློག་ངེས་ཡིན།
འབྲུག་རྒྱལ་ཁབ་འདི་དུས་ནམ་ཞིག་ལ་རང་བཙན་ཆགས་པ་རེད། ཤེས་མཁན་ཡོད་ན་གསུང་རོགས་ཞུ། རྒྱལ་དབང་ལྔ་བའི་སྐབས་འབྲུག་གིས་དཔྱ་ཁྲལ་མ་འཇལ་པས་བོད་གཞུང་གིས་དམག་རྒྱག་རྩིས་བྱས་རབས་འདུག འོན་ཀྱང་དམག་རྒྱག་མ་དགོས་པར་མི་རིང་བར་འབྲུག་གི་དཔོན་པོ་འདས་ཡོད་པ་འདྲ། །
གསར་འགྱུར་བཤད་མཁན་
འདི།
གསར་འགྱུར་ཤོད་མཁན་
ལ།
་་་་་་་་་་ ངས་འདིར་རང་གཞུང་བོད་མིའི་སྒྲིག་འཛུགས་ལའང་རང་བཞིན་གྱིས་བཀའ་འདྲི་ཞིག་ཞུ་དགོས་བྱུང་། འབྲུག་ན་ཡོད་པའི་བོད་པ་དེ་ཚོ་རྒྱ་གར་དང་ཕྱི་རྒྱལ་གཞན་ཁག་ན་ཡོད་པའི་བོད་མི་སྐྱབས་བཅོལ་བ་ནང་བཞིན་བོད་ཀྱི་ལས་དོན་ལ་ཤུགས་རྒྱག་ཆོག་པའི་རང་དབང་ཡོད་པ་ཞིག་བཟོ་ཐུབ་བམ། ཞེས་པ་དེ་ཡིན། ་་་་་་་་་་
་་་་་་་་་ འབྲུག་སྡོད་བོད་མི་དེ་ཚོ་བོད་པ་རང་ཉིད་ཀྱི་ཐོབ་དབང་རྩོད་ཆོག་པའི་ཁོར་ཡུག་ཅིག་སྐྲུན་ཐབས་བྱེད་ཀྱི་ཡིན་ནམ། ད་དུང་མུ་མཐུད་དུ་འབྲུག་ཏུ་མགོ་སྒུར་སྒུར་དང་གཉའ་ཞུམ་ཞུམ་བྱས་ཏེ་སྡོད་འཇུག་གི་ཡིན་ནམ་་་་་་་་ ཟེར།
འབྲུག་པའི་ཡི་གེ་དང་རྒྱལ་རབ་བྱུང་ཚུལ་ལ་བོད་པས་བཤད་པ་དང་མི་འདྲ་བ་ཞིག་འདི་ན་འདུག། གཤམ་དུ་གཟིགས།
འབྲུག་གི་ལོ་རྒྱུས་ཁྲོད་ཀྱི་བོད་ཡིག་དང་བོད་མི།
ཟླ་བ་གཞོན་ནུ།
ཡི་གེ་འབྱུང་ཚུལ།[i]
དང་པོ་བོད་དུ་རྒྱལ་རབས་༣༣་བར་ཡི་གེ་དང་ཆོས་མེད་པར་དབྱིན་ལོ་༧༠༠ལ་བོད་ཀྱི་སྲོང་བཙན་སྒམ་པོས་བློན་པོ་ཐོན་མི་ཨ་ནུའི་བུ། ཐུ་མི་སམྦྷོཊ་ལ་གསེར་མང་དུ་བསྐུར་ཏེ་རྒྱ་གར་ན་ལནྡྲར་བརྫངས་པ་བཞིན་བྱོན་ཏེ་པནྚིཏ་ལྷ་རིག་པའི་སེངྒེ་དང་། བྲམ་ཟེ་ལི་བྱིན་ཀ་ར་གཉིས་སློབ་དཔོན་དུ་བསྟེན་ནས་སྒྲ་དང་ཡི་གེ་སོགས་ལ་སྦྱངས་པ་ཕུལ་དུ་ཕྱིན་པར་མཛད། མདོ་རྒྱུད་བསྟན་བཅོས་མཐའ་དག་ལ་མཁས་པར་སྦྱངས་ཏེ། རྒྱ་གར་དུ་ཡིག་རིགས་མི་འདྲ་བ་༦༤ཙམ་ཡོད་པའི་ནང་ནས་དེཝནཱགརི་ལྷའི་ཡི་གེ་ཞེས་དེ་སྐབས་རྒྱ་གར་གྱི་རྒྱལ་པོ་གུཔྟའི་བརྒྱུད་པས་བཟུང་བས་གུཔྟའི་ཡི་གེ་ཞེས་ཀྱང་བྱ་བ་དེ་ལ་དཔེ་མཛད་ནས་བོད་ཡིག་གི་གཟུགས་ཙམ། ཐུ་མིས་སླར་བོད་དུ་ལོག་སྟེ་ཡི་གེའི་ཕུད་དུ་རྒྱལ་པོར་བསྟོད་པ་མཛད་པས་རྒྱལ་པོ་ཐུགས་མཉེས་ནས། རྒྱལ་པོ་རང་ཉིད་ཀྱིས་ཀྱང་ཐུ་མི་སློབ་དཔོན་དུ་བསྟེན་ནས་ཡི་གེར་སྦྱངས་པའི་ཚུལ་མཛད། དེ་ནས་བཟུང་བོད་དུ་ཡི་གེ་འབྲི་སྲོལ་དར། བཀའ་དང་བསྟན་བཅོས་ཐམས་ཅད་སམཀྲིཏ་ནས་བོད་དབུས་གཙང་གི་སྐད་དུ་བསྒྱུར་བའི་སྲོལ་གཏོད་པར་མཛད། དེ་ནས་རིམ་པར་བོད་དུ་ཡི་གེ་དེ་ལས་ལཉྫ་ལ་དཔེ་བྱས་དབུ་ཅན། ཝརྟུ་ལ་དཔེ་བྱས་དབུ་མེད། འབྲུ་ཆེན་འབྲུ་ཆུང་སོགས་ཡི་གེ་རིགས་མང་དུ་དར་བ་ཡིན། མཁས་པ་འགའ་ཤས་ཀྱིས་དབུ་ཅན་དབུ་མེད་དུ་བསྒྱུར་བ་ཡིན་ཚུལ་གསུངས་པ་ཡང་མཁས་པའི་གསུང་ལ་བརྟེན་ནས་བདེན་པ་ཡང་སྲིད།
འབྲུག་ཡུལ་གྱི་ཡི་གེ་འབྲི་སྲོལ་དེ་ཡང་། བོད་དུ་རྒྱ་གར་ནས་ཡི་གེ་དཔེ་བླངས་ཏེ་བོད་ཡིག་བྱུང་བ་ལྟར་དུས་རབས་༨་པར་གུ་རུ་པདྨ་སམྦྷཝའི་སློབ་མ་ཡི་གེ་འབྲི་བ་ལ་མགྱོགས་པའི་ཚད་ལོ་ཙཱ་བ་ལྡན་མ་རྩེ་མང་ཟེར་བ་དབྱིན་ལོ་༨༠༠་ལ་བུམ་ཐང་ལྕགས་མཁར་རྒྱལ་པོའི་བླ་མཆོད་དུ་གནང་སྟེ་ལོ་ཙཱ་བ་ལྡན་མ་རྩེ་མང་དེས་འབྲུག་ལ་ཡི་གེ་དང་རིག་གནས་ཀྱི་སྲོལ་གསར་དུ་མཛད་པ་ལས་བོད་ཡིག་དབུ་ཅན་དབུ་མེད་གང་དང་ཡང་མི་འདྲ་བའི་ཁྱད་ཆོས་ཅན་གྱི་ཡི་གེ་ལྷོ་ཡིག་ཟེར་བ་དེ་ད་ལྟ་རང་རེ་འབྲུག་པ་རྣམས་ཀྱིས་འབྲི་རྒྱུན་འདི་དབྱིན་ལོ་༨༠༠་ནང་ནས་དར་བ་དེ་རང་མ་ཉམས་པར་གནས་མུས་ཀྱང་། དེང་སང་ལག་རྩལ་ཤེས་རིག་གི་བཟོ་བཀོད་ཐམས་ཅད་རིམ་བཞིན་བསྒྱུར་འགྲོ་བ་མིའི་བློ་རྩལ་གྱི་ནུས་པ་ལ་རག་ལས་གཤིས། དབྱིན་ལོ་༡༨༠༠་ཙམ་གྱི་ཡི་གེ་བཟོ་དབྱིབས་དང་ཕྲན་བུ་མི་འདྲ་བ་བྱུང་བ་ནི། དབུ་ཅན་དབུ་མེད་དུ་བསྒྱུར་བ་དང་འདྲ་བར་གསུངས་པས་ཤེས། ཕྱིས་སུ་ཡི་གེའི་རིགས་དང་སྒྲ་དང་སྙན་ངག་གི་རིག་གནས་ལ་མཁས་པ་རིམ་པར་བྱུང་སྟེ་བརྒྱུད་པ་ལས་དྲུང་ཡིག་རྟ་མགྲིན་དབང་རྒྱལ་དང་བུམ་ཐང་ཆོས་རྗེ་ངག་དབང་བསོད་ནམས། སྡེ་སྲིད་དགུ་པ་སྡེ་པ་དགེ་བཤེར་གྲགས་པ་ངག་དབང་རྒྱ་མཚོའི་སྐབས་སྤུངས་ཐང་གྲྭ་ཚང་ནང་སྒྲ་པའི་གྲྭ་ཚང་བཙུགས། སྒྲ་པའི་སློབ་དཔོན་དུ་བུམ་ཐང་ཆོས་རྗེ་ངག་དབང་བསོད་ནམས་བསྐོས་པ་ལས་ཡིག་རིགས་གཙོ་བོར་བཏོན་ཞིང་། སྒྲ་དང་རྩིས་ཀྱི་རིག་པ་སོགས་དར་རྒྱས་ཆེ་རུ་སོང་། བུམ་ཐང་ཆོས་རྗེའི་སློབ་མ་འབྲུག་པ་ལོ་ཙཱ་བ་ངག་དབང་དཔལ་བཟང་ཟེར་བ་རིག་པའི་གནས་ལ་ཤིན་ཏུ་མཁས་པའི་མཆོག་ཏུ་གྱུར་པ་དེ་དང་། རྗེ་མཁན་པོ་ཁྲི་རབས་༡༢་པ་ཀུན་དགའ་རྒྱ་མཚོ་ཞུ་བ་དེ་ཡང་གཞུང་ལུགས་རིག་པའི་གནས་མ་ལུས་པ་ཇི་བཞིན་མཁྱེན་པའི་མཐར་སོན་པ་དེས་ཀྱང་སྤུངས་ཐང་གྲྭ་ཚང་གི་སྒྲ་པའི་སློབ་དཔོན་མཛད་པ་ནས་བཟུང་སྒྲ་པའི་སློབ་དཔོན་རིམ་པར་བྱོན་ཏེ་སློབ་སྤེལ་མཛད་པ་ལས། སྤུངས་ཐང་སྒྲ་པའི་གྲྭ་ཚང་དེ་ཉིད་འབྲུག་གི་ཡི་གེ་སོགས་རིག་གནས་ཀྱི་འབྱུང་ཁུངས་དམ་པར་མཛད་པ་ནས་ད་ལྟའི་བར་ཡང་། རང་རེའི་འབྲུག་པའི་ཡི་གེ་དང་རིག་གནས་ཀྱི་འབྱུང་ཁུངས་སུ་ཆ་འཇོག་བྱེད་པ་ཡིན་ཅིང་། བར་སྐབས་དུས་དབང་ལས་སྒྲ་པའི་གྲྭ་ཚང་ནང་གཞུང་ལུགས་རིག་གནས་ཀྱི་བཤད་ཉན་ཉམས་དམའ་བ་ལྟ་བུར་སོང་ནས་སྒྲ་པའི་གྲྭ་ཚང་མིང་རྒྱུན་མ་སྟོང་ཙམ་ལས་མེད།
འབྲུག་ཤར་ཕྱོགས་བུམ་ཐང་དང་ཀྲོང་གསར་དུ་འབྲུག་རྒྱལ་པོ་གོང་མ་རིམ་པས་གཏན་བཞུགས་མཛད་སྟབས་བླ་མ་དང་དགེ་བཤེས་མཁས་པ་ཕལ་ཆེར་བུམ་ཐང་དུ་བྱོན་ནས་བཤད་སྒྲུབ་ཀྱི་བསྟན་པ་བཙུགས་ཏེ་ཆོས་ཀྱི་འཆད་ཉན་རྒྱ་ཆེར་མཛད་པའི་བཀའ་དྲིན་ལས་གཞུང་ལུགས་རིག་གནས་ཀྱི་བསྟན་པ་ཤར་ཕྱོགས་སུ་རྒྱས་པར་གྱུར། དེ་ལས་ཀྱང་ཡི་གེའི་འདུ་བྱེད་དང་། གཞན་ཡང་ལག་རྩལ་གྱི་རིགས་གང་ལ་ཡང་བཀྲ་ཤིས་སྒང་དང་། མོང་སྒར་འཁན་རིགས་རྣམ་གསུམ་གྱི་མི་རྣམས་ལག་རྩལ་མཁས་པས་འབྲུག་རང་གི་ཡིག་བཟོ་ལ་མཁས་པ་ཤར་ཕྱོགས་ཀྱི་མི་རྣམས་ཡིན། འབྲུག་རྒྱལ་ཡབ་སྲས་ཀྱི་སྐུ་དུས་ཀྱང་དྲུང་ཡིག་ཆེ་བ་ཤར་ཕྱོགས་ཀྱི་མི་རིགས་མཁས་པ་རིམ་བྱོན་གྱིས་མཛད་པ་ཡིན།
ལྷོ་མོན་འབྲུག་གི་ཡུལ་འདི་རྒྱལ་ཁབ་གཞན་དང་མ་འདྲེས་པའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ནི། མི་རིགས་དང་། གོས་རྒྱན་གོམས་གཤིས། གཞུང་གི་ཁྲིམས་སྲོལ། སྐད་ཡིག་རྣམས་གཞན་དང་འདྲེས་ལྷད་མེད་པའི་ཆོས་སྲིད་གཉིས་ལྡན་འཛམ་གླིང་ན་རྒྱལ་ཁབ་གཞན་ལ་ངོམས་སུ་རུང་བའི་ཁྱད་པར་ཅན་རྒྱལ་ཁབ་རང་གི་རྟགས་མཚན་གཙང་མ་ཞིག་ཡོད་པར་བརྟེན་འཛམ་གླིང་གོང་བུའི་སྟེང་གི་རྒྱལ་ཁབ་ཀུན་གྱིས་འབྲུག་ཡུལ་འདི་རྒྱལ་བརྒྱུད་ཀྱིས་སྐྱོང་བའི་རང་དབང་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་པར་ངོས་འཛིན་གྱིས་ཆ་འཇོག་བྱ་དགོས་པ་ཡང་དེ་ལྟར་ཡིན།bhutan
འབྲུག་གི་ལོ་རྒྱུས་ཁྲོད་ཀྱི་བོད་མི།[ii]
པདྨ་གླིང་པའི་སྦས་ཡུལ་མཁན་པ་ལྗོངས་ཀྱི་ལམ་ཡིག་ལས། གོང་དུ་གསལ་བ་ལྟར་བོད་པའི་དམག་མི་བོད་དུ་མ་ལོག་པར་བསྡད་པས་མི་ལོག་ཟེར་བ་རྣམས་དང་པོ་བོད་པའི་རིགས་ཡིན་ཀྱང་། ད་ཆ་དེ་ཚོ་ཡང་ལྷ་མོན་གྱི་མི་རིགས་དང་འདྲེས་ཏེ་འབྲུག་པར་གྱུར་ནས་དེང་སང་རིགས་ཀྱི་དབྱེ་བ་མེད་པར་འབྲུག་པ་རང་ཡིན།
བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་ཟ་དམར་རྒྱན་མས་ཁྱི་གཉིས་དང་འདུས་པ་ལས་སྲུས་ལུས་མི་རའི་ཐོད་པ་ལ་ཁྱིའི་ཁ་ཅན་ཞིག་སྐྱེས་ཏེ་མིང་ཡང་ཁྱི་ཁ་ར་ཐོད་ཟེར་བཏགས། དེ་བོད་ཡུལ་གྱི་ལྟས་ངན་ཡིན་པས་མཐའ་ལ་སྤྱུགས་དགོས་ཟེར་བོད་ཀྱི་རྒྱལ་བློན་འབངས་རྣམས་ཁ་འཆམ་ནས་ལྷོ་བོད་ཀྱི་མཚམས་བུམ་ཐང་ཏང་དང་ཀུར་སྟོད་གཉིས་ཀྱི་ལུང་པའི་ཕུར་སྦས་ཡུལ་མཁན་པ་ལུང་དུ་སྤྱུགས་པས། རྗེས་སུ་རྒྱལ་བུ་ཁྱི་ཁ་ར་ཐོད་ཀྱི་རྗེ་འབངས་མང་པོར་འཕེལ་ཏེ་སྦས་ཡུལ་ནས་བོད་བསམ་ཡས་སུ་དམག་གཏོང་གྲབས་བགྱིས་པར། དེ་དུས་གུ་རུ་པདྨ་སམྦྷཝ་བོད་དུ་བཞུགས་ཡོད་སྟབས། བོད་ཀྱི་རྒྱལ་པོས་གུ་རུ་ལ་རྒྱལ་པོ་ཁྱི་ཁ་ར་ཐོད་ཀྱི་དམག་མི་ཡོང་བའི་ཐབས་མཛད་པར་ཞུས་པ་བཞིན། གུ་རུས་རྫུ་འཕྲུལ་གྱིས་རྒྱལ་པོ་ཁྱི་ཁ་ར་ཐོད་འཁོར་དང་བཅས་པ་ཤིང་གི་བྱ་ཁྱུང་ཆེན་པོ་ཞིག་གི་ནང་བཙུགས་ཏེ་སྦས་ཡུལ་མཁན་པ་ལྗོངས་ནས་བུམ་ཐང་ལྟང་ཁྱི་བཙུམ་ཟེར་བཏོན་བཏང་། ཁྱི་ཁ་ར་ཐོད་ཀྱི་རྟ་ནོར་སེམས་ཅན་རྣམས་བོད་ཀྱི་རྒྱལ་པོས་བསམ་ཡས་སུ་འཁྱེར། རྒྱལ་བུ་ཁྱི་ཁ་ར་ཐོད་ཀྱིས་རིམ་བཞིན་ལྟང་ཁྱི་བཙུམ་ནས་བུམ་ཐང་ཆོས་འཁོར་སྨད་དུ་སོང་སྟེ་གཞིས་ཆགས་པར་རྒྱལ་པོ་བཞུགས་སའི་ཕོ་བྲང་ལ་མིང་རྒྱལ་མཁར། བཙུན་མོའི་གཞིས་མིང་ལྕམ་མཁར་དང་། རྒྱལ་བློན་མཁར། གོང་མཁར་ཟེར་བ་སོགས་རྒྱལ་པོ་དང་འབྲེལ་བའི་ཡུལ་གྲོང་གི་མིང་དང་། ཁྱི་ཁ་ར་ཐོད་ཀྱི་མི་བརྒྱུད་རེ་ཟུང་འདིར་སྐྱབས་བཅོལ་བ་ལྟ་བུ་ཞིག་ཡིན་པ་ལས། འབྲུལ་ཡུལ་དབང་བསྒྱུར་ཏེ་རྒྱལ་པོ་བྱས་པ་སོགས་མ་ཡིན་པ་ནི། གུ་རུས་སྦས་ཡུལ་མཁན་པ་ལྗོངས་ཀྱི་ལམ་ཡིག་ཅེས་པ་དེར་གསལ་པོར་བསྟན་ཡོད།
[i] འདི་ནི་སློབ་དཔོན་གནག་མདོག་ཟེར་བ་ཞིག་གིས་མཛད་འདུག་ལ། དེབ་མིང་ལ་འབྲུག་རྒྱལ་ཁབ་ཀྱི་ཆོས་སྲིད་གནས་སྟངས།
http://tibettimes.net/%E0%BD%96%E0%BD%BC%E0%BD%91%E0%BC%8B%E0%BD%80%E0%BE%B1%E0%BD%B2%E0%BC%8B%E0%BD%98%E0%BD%B2%E0%BC%8B%E0%BD%A2%E0%BE%92%E0%BE%B1%E0%BD%B4%E0%BD%91%E0%BC%8B%E0%BD%86%E0%BD%91%E0%BC%8B%E0%BD%81%E0%BD%B4/
བོད་ཀྱི་རིགས་རྒྱུད་ཆད་ཁུངས་རྒྱ་གར་ཡིན།
་་་་་་་་་་ སྤྱི་འཐུས་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས། བོད་རྒྱ་གཉིས་བར་གདོད་མ་ནས་འབྲེལ་བ་ཤུགས་ཆེན་པོ་ཡོད་པ་དང་། གནའ་བོའི་རྒྱ་གར་མི་རིགས་ཕན་ཌ་བ་སི་ (Pandavas) དང་། ཀུ་ར་བ་སི་ (Kauravas) གཉིས་བར་དམག་འཁྲུག་བྱུང་སྟེ་ཀུ་ར་བ་སི་ཕམ་ནས་བོད་དུ་བྱོལ་པ་ལས་བོད་ཀྱི་མི་རྒྱུད་ཅིག་བྱུང་བའི་ལོ་རྒྱུས་ཡོད་པ། ཡང་བོད་ཀྱི་རིགས་རྒྱུད་གཞན་ཞིག་ནི་སྤྲེའུ་བྱང་ཆུབས་སེམས་དཔའ་ཡིན་པའི་ལོ་རྒྱུས་ཀྱང་ཡོད་པ་དང་། བོད་ཀྱི་བཙན་པོ་རིམ་བྱོན་སྐབས་ཀྱི་འབྲེལ་དྲིས་ཐད། བོད་རྒྱལ་གཉའ་ཁྲི་བཙན་པོ་དེ་རྒྱ་གར་གྱི་མ་ཀ་ཊའི་(makata) རིགས་རྒྱུད་དུ་བཤད་སྲོལ་ཡོད། ཅེས་སོགས་བརྗོད་སོང་། ་་་་་་་་་་་་་་་་་
མིའི་རིགས་ཨཕ་རི་ཀའི་སྤྲ་མོ་ནས་མཆེད་པ་མ་རེད་པེ། བོད་ཀྱི་སྤིའུ་བོད་མིར་ཆགས་མི་སྲིད་དམ། ལགས།
་་་་་་་་་་་ རྒྱ་གར་དུ་ཡིག་རིགས་མི་འདྲ་བ་༦༤ཙམ་ཡོད་པའི་ནང་ནས་དེཝནཱགརི་ལྷའི་ཡི་གེ་ཞེས་དེ་སྐབས་རྒྱ་གར་གྱི་རྒྱལ་པོ་གུཔྟའི་བརྒྱུད་པས་བཟུང་བས་གུཔྟའི་ཡི་གེ་ཞེས་ཀྱང་བྱ་བ་དེ་ལ་དཔེ་མཛད་ནས་བོད་ཡིག་གི་གཟུགས་ཙམ། ཐུ་མིས་སླར་བོད་དུ་ལོག་སྟེ་ཡི་གེའི་ཕུད་དུ་རྒྱལ་པོར་བསྟོད་པ་མཛད་པས་རྒྱལ་པོ་ཐུགས་མཉེས་་་་་་་་་ ཟེར།
ད་ེདུས་རྒྱ་གར་ལ་ཡི་གེ་༦༤ཙམ་ཡོད་བོད་ནང་ཡིག་རིགས་གཅིག་གཉིས་ཙམ་ཡང་མེད་དགོས་དོན་གང་ཡིན་ནམ། དེས་ན་བོན་པོས་གསུང་སྟངས་བདེན་པ་སྟེར་མི་དགོས་སམ། ལགས།
བསྟན་འཛིན་ལགས་ཀྱིས་མཆན་ཡག་པོ་བཀོད་འདུག་པས་ཐུགས་རྗེ་ཆེ།
བསྟུན་མཁས་ཡིན་མདོག་གིས་བཙན་བྱོལ་དབང་འཛིན་པ་ཚོས་བོད་ཀྱི་ཡོད་ཚད་རྒྱ་གར་གྱི་ཡིན།། བོད་རྒྱལ་ཐོག་མ་གཉའ་ཁྲི་རྒྱ་གར་ནས་ཡིན།། བོད་ཡིག་ཐོག་མ་རྒྱ་གར་ནས་བྱུང།། བོད་དར་ཐོག་མ་རྒྱ་གར་ནས་བྱུང།། མོན་ཏ་དབང་རྒྱ་གར་གྱི་ཡིན།། ལ་དྭགས་རྒྱ་གར་གྱི་ཡིན།། བོད་ཀྱི་རིག་གཞུང་རྒྱ་གར་གྱི་ཡིན།། བོད་ཀྱི་ཆོས་ལུགས་རྒྱ་གར་གྱི་ཡིན།། བོད་སྨན་རྒྱ་གར་གྱི་ཡིན།། བོད་ཀྱི་ཡོད་ཅོག་རྒྱ་གར་གྱི་ཡིན།། བོད་མི་རྒྱ་གར་གྱི་དགེ་ཕྲུག་ཡིན།། དེས་ན་བོད་ལ་རང་བཙན་མེད།། དེས་ན་བོད་འདི་ལག་སྟོང་ཁ་སྟོང་ཡིན།། དེས་ན་བོད་འདི་མུན་པའི་ཡུལ་ཁམས་ཡིན།། དེས་ན་བོད་མི་སྤྲེལ་ཕྲུག་སྣ་འབྱར་རྐུབ་དམར་ཡིན།། མི་ཡི་ལད་མོ་བྱེད་པ་ལས་རང་གི་ཡོད་ཚད་གཞན་ལས་བྱུང།། དེང་སང་ངོ་མ་བོད་མི་ཞིག་ཡིན་ཟེར་དུས་མི་ངོར་ངོ་ཚ་ཁ་སྐྱེངས་དགོས་པ་ཞིག་བཟོས་སོང།། ཧུཧུཧུཧུ་ཤུ་ཤུཤུ
འབྲུག་པ་བཀའ་རྒྱུད་དང་འབྲུག་ཡུལ་ཞེས་འབྲུག་རྒྱལ་ཁབ་ཀྱི་མིང་བྱུང་ཚུལ་བཅས་ཀྱི་སྐོར་བོད་པའི་འདོད་ཚུལ་ཞིག་གཤམ་དུ་གསལ།།
དེང་དུས་བོད་རིག་པ་ཞིབ་འཇུག་པ་རྣམས་ཀྱི་ནང་དུ་འབྲུག་པ་བཀའ་བརྒྱུད་ནི་འབྲུག་རྒྱལ་ཁབ་ཀྱི་ཡུལ་ནས་དར་བས་ན་འབྲུག་པ་བཀའ་བརྒྱུད་ཅེས་ཟེར་ཞེས། འབྲུག་པ་བཀའ་བརྒྱུད་ཀྱི་མིང་དང་འབྲུག་རྒྱལ་ཁབ་ཀྱི་ས་མིང་བྱུང་ཚུལ་སྐོར་ལ་ཡིན་མིན་གོ་ལྡོག་ནས་འགྲེལ་བཤད་བྱེད་མཁན་ཁ་ཤས་མཐོང་བར་བརྟེན། འདིར་བོད་ཀྱི་ལོ་རྒྱུས་ཡོངས་གྲགས་ཀྱི་བཤད་སྲོལ་ལྟར་སྔོན་གྱི་དཔེ་རྙིང་དག་ལས་ཇི་ལྟར་གསུངས་པ་བཞིན་དུ་ལོ་རྒྱུས་དངོས་ཀྱི་གནས་ཚུལ་མདོར་བསྡུས་ཤིག་ངོ་སྤྲོད་ཞུ་རྒྱུ་ཡིན། དེའང་འདིར་ཁོ་བོས་ལོ་རྒྱུས་ཀྱི་དོན་དངོས་ཇི་ལྟར་ཡིན་པ་ལ་ཡིན་པ་ལྟར་ངོ་སྤྲོད་ཞུས་པ་ཙམ་ལས། ལུང་དང་རིགས་པ་ལ་ཁུངས་བཅོལ་ནས་ཞིབ་འཇུག་གིས་གསར་དུ་རྟོགས་པའི་འབྲས་བུ་གང་ཡང་མིན། འོན་ཀྱང་དེང་དུས་བོད་ཀྱི་ཆོས་དང་ལོ་རྒྱུས་ལ་ཞིབ་འཇུག་གནང་མཁན་རྣམས་ལ་ལོ་རྒྱུས་ཀྱི་དོན་དངོས་ཡིག་ཆ་གང་དུ་ཡོད་པ་སྤྱན་འབུལ་ཞུས་ན་སླད་ཞིབ་འཇུག་གི་ལས་ཀའི་བརྒྱུད་རིམ་ནང་དུ་དཔྱད་གཞིའི་ཡིག་ཆ་དང་། ཁུངས་ལུང་རྣམ་དག་འཚོལ་བ་ལ་སྐུལ་སློང་གི་རྐྱེན་དུ་འགྱུར་བའང་སྲིད།
གཅིག འབྲུག་པ་བཀའ་བརྒྱུད་བྱུང་ཚུལ།
འབྲུག་པ་བཀའ་བརྒྱུད་ནི་དཔལ་ལྡན་དྭགས་པོ་བཀའ་བརྒྱུད་ཀྱི་གྲུབ་མཐའི་ཡན་ལག་ཅིག་ཡིན་པ་ཚང་མས་མཁྱེན་གསལ་ལྟར་རེད། དེའང་བཀའ་བརྒྱུད་གོང་མ་རྣམ་གསུམ་ཞེས་པ་མར་མི་དྭགས་གསུམ་ལས་མཉམ་མེད་དྭགས་པོ་རིན་པོ་ཆེའི་སློབ་མའི་གཙོ་བོ་འབའ་རོམ་པ་དར་མ་དབང་ཕྱུག་ལས་འབའ་རོམ་བཀའ་བརྒྱུད། ཕག་གྲུ་རྡོ་རྗེ་རྒྱལ་པོ་ལས་ཕག་གྲུ་བཀའ་བརྒྱུད། ཀརྨ་པ་དུས་གསུམ་མཁྱེན་པ་ལས་ཀཾ་ཚང་བཀའ་བརྒྱུད། དྭགས་པོ་རིན་པོ་ཆེའི་སྤུན་ཆུང་བ་དབོན་སྒམ་ཚུལ་ཁྲིམས་སྙིང་པོའི་སློབ་མ་ཞང་ཚལ་པ་བརྩོན་འགྲུས་གྲགས་པ་ལས་ཚལ་པ་བཀའ་བརྒྱུད་བཅས་བྱུང་བ་ལ་བཀའ་བརྒྱུད་ཆེ་བཞི་ཞེས་གྲགས།
དེ་ལས་ཕག་གྲུ་རྡོ་རྗེ་རྒྱལ་པོའི་(༡༡༡༠-༡༡༧༠)སློབ་མ་རྣམས་ལས་བཀའ་བརྒྱུད་ཆུང་བརྒྱད་ཅེས་པ་བྱུང་ཡོད་པ་ནི། སྐྱོབ་པ་འཇིག་རྟེན་མགོན་པོ་ལས་འབྲི་གུང་བཀའ་བརྒྱུད། ཐང་པ་བཀྲ་ཤིས་དཔལ་བ་ལས་སྟག་ལུང་བཀའ་བརྒྱུད། འགྲོ་མགོན་རྒྱལ་ཚབ་ཁུ་དབོན་ལས་ཁྲོ་ཕུ་བཀའ་བརྒྱུད། གླིང་རས་པདྨ་རྡོ་རྗེ་ལས་གླིང་རས་བཀའ་བརྒྱུད། ཆོས་རྗེ་སྨར་པ་གྲུབ་ཐོབ་ལས་སྨར་ཚང་བཀའ་བརྒྱུད། ཡེལ་པ་ཡེ་ཤེས་བརྩེགས་པ་ལས་ཡེལ་པ་བཀའ་བརྒྱུད། ཟ་ར་བ་ཡེ་ཤེས་སེང་གེ་ལས་གཡའ་བཟང་བཀའ་བརྒྱུད། སྙི་ཕུ་གྱེར་སྒོམ་ཆེན་པོ་ལས་ཤུག་གསེབ་བཀའ་བརྒྱུད་བཅས་བྱུང་ཡོད་པ་རེད།
འབྲུག་པ་བཀའ་བརྒྱུད་ཅེས་པ་གླིང་རས་པདྨ་རྡོ་རྗེའི་(༡༡༢༨-༡༡༨༨)སློབ་མ་གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེས་དེང་དུས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཁོངས་གཞི་བདག་ཇོ་བོ་ལྷ་རྩེ་ཞེས་པའི་རི་ཞོལ་དུ་འབྲུག་དགོན་པ་བཏབ་སྟེ་དེའི་གདན་ས་འཛིན་པའི་ཆོས་རྒྱུད་ལ་འབྲུག་པ་བཀའ་བརྒྱུད་ཅེས་པ་དེ་བྱུང་། གླིང་རས་བཀའ་བརྒྱུད་ཀྱི་རྒྱུད་པ་ལ་འབྲུག་པ་ཞེས་པའི་མིང་འདོགས་དོན་ཅི་ཞེ་ན། གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེས་འབྲུག་དགོན་པ་བཏབ་ཅིང་དེའི་གདན་ས་བསྐྱངས་བའི་རྒྱུད་པ་ལ་འབྲུག་པ་ཞེས་པར་གྲགས། དེ་ལ་འབྲུག་པ་ཞེས་མིང་ཐོགས་ཚུལ་ནི། འབྲུག་པ་པདྨ་དཀར་པོས་བརྩམས་པའི་《འགྲོ་བའི་མགོན་པོ་གཙང་པ་རྒྱ་རས་པའི་རྣམ་པར་ཐར་པ་ངོ་མཚར་དད་པའི་རླབས་ཕྲེང་》ལས། (ཤིང་པར་མ། ཤོག་ངོས་༥༦ཉིན་ཕྲེང་༧པར།)དགུང་ལོ་ཞེ་ལྔ་བཞེས་པ། ཤིང་མོ་གླང་གི་ལོའི་(སྤྱི་ལོ་༡༢༠༥ལོ་)འབྲུག་གི་ཟླ་བ་དཀར་པོའི་ཕྱོགས་ཀྱི་ཉིན་གཅིག་རྩེ་བོ་ལའི་རྩེ་མོར་བྱོན་ནས་ཡུལ་ཕྱོགས་ཀུན་ཏུ་གཟིགས་པའི་ཚེ། བསྣམས་ཀྱི་ཕུ་ན་འཇའ་འོད་སྣ་ལྔའི་གུར་གསུམ་རིམ་དུ་ཕུབ་ཅིང་། འོད་ཟེར་གྱི་དྲ་ཕྱེད་ཀྱིས་མཛེས་པ། རྟ་དང་། གླང་པོ་དང་། འཁོར་ལོ་དང་། པདྨ་དང་། ནོར་བུ་སོགས་ཀྱི་གཟུགས་སྣ་ཚོགས་པས་སྤྲས་པ་གཟིགས་པའི་ཚེ། རྗེའི་ཞལ་ནས་མ་གིར་ངའི་ཚོགས་པ་སྐྱོང་བའི་གནས་ཡོང་བར་འདུག་གསུངས་ནས་བྱོན་ནོ། དེར་ཚང་ཚིང་གི་གསེབ་ཏུ་སོན་པ་དང་། ཆུ་མིག་གཅིག་གི་རྩ་ན་སྒྱེད་བུ་གསུམ་གཙུགས། ཤིང་ཕྱག་གང་ཙམ་ཡང་འདུག་པས། རྗེའི་ཞལ་ནས་རྟེན་འབྲེལ་འགྲིག རྣལ་འབྱོར་དགའ་ཡེས་དང་། ཇོ་ཡེས་ལ་སོགས་པ་ཁྱེད་རྣམས་ཤིང་རེ་འཐུས་ལ་ཤོག་དང་གསུངས་ནས། ཤིང་འཐུས་ཏེ་འཇམ་སྐོལ་ཞིང་བཞུགས་པ་ན། ནམ་མཁའ་ནས་ཤིན་ཏུ་ཆེ་བའི་འབྲུག་སྒྲ་དྲག་པོ་ལན་གསུམ་གྱི་བར་དུ་བསྒྲགས་པས། རྗེའི་ཞལ་ནས་འབྲུག་གི་སྒྲས་གང་ཁྱབ་ཏུ་ངའི་སྙན་པས་ཁྱབ་པར་འདུག་ཅེས་གསུངས་སོ། དེའི་ཚེ་ཡར་འབྲོག་སྟག་ལུང་པའི་གཅེས་ཕྲུག་བདུན་ཆོས་ལ་བྱུང་སྟེ་མདའ་དང་གཞུ་ཕུལ་བས་སྤྱིལ་པོའི་གདུང་ལྕམ་བྱས་ནས་གཟིམས་ཁང་ཕུབ་པས་མདའ་གཞུ་ལྷ་ཁང་དུ་གྲགས་སོ། དེ་ནས་སའི་དབྱིབས་པདྨ་འདབ་བརྒྱད་ལྟ་བུའི་ལྟེ་བར་གཙུག་ལག་ཁང་དང་སྤྱིལ་པོ་བརྩིགས་ཏེ། ལོ་དེ་ཉིད་ལ་སྒོམ་ཁང་སྟོང་ཕྲག་ཙམ་ཐེབས་ཏེ། རབ་གནས་ཀྱི་དུས་སུ་མགུར་བཞེངས་པ། ན་མོ་རཏྣ་གུ་རུ། རྗེ་གོང་མའི་གདན་སའི་རི་ཁྲོད་དང་གཅིག །ཆུང་ལ་མཛེས་པའི་འཇག་སྤྱིལ་དང་གཉིས། །ཉམས་རྟོགས་ལྡན་པའི་སྒོམ་ཆེན་དང་གསུམ། །དེ་གསུམ་སྒོམ་ཁང་གི་ཁ་བསྲོ་ཡིན། །ཐུགས་རྗེ་ཅན་གྱི་བླ་མ་དང་གཅིག །མོས་གུས་ཅན་གྱི་སློབ་མ་དང་གཉིས། །བཅུད་དང་ལྡན་པའི་གདམ་ངག་དང་གསུམ། །དེ་གསུམ་བླ་མའི་ཁ་བསྲོ་ཡིན། །གསོལ་བ་བཤའ་མར་ཐེབས་པ་དང་གཅིག །བྱིན་རླབས་གནད་ལ་ཕོག་པ་དང་གཉིས། །གདམས་ངག་གནད་དུ་ཚུད་པ་གསུམ། །དེ་གསུམ་ཉམས་མྱོང་གི་ཁ་བསྲོ་ཡིན། །འཁོར་བ་ལ་ཞེན་པ་ལོག་པ་དང་གཅིག །སེམས་ཀྱི་རྩ་བ་ཆོད་པ་དང་གཉིས། །སྙིང་རུས་ཀྱི་བཅད་པ་ཆེ་བ་དང་གསུམ། །དེ་གསུམ་སྒོམ་ཆེན་གྱི་ཁ་བསྲོ་ཡིན། །ཡོན་ཏན་གྱི་རྩལ་ཁ་རྫོགས་པ་དང་གཅིག །གདུལ་བྱ་དུས་ལ་བབ་པ་དང་གཉིས། །རྟེན་འབྲེལ་ཐབས་ལ་མཁས་པ་དང་གསུམ། །དེ་གསུམ་འགྲོ་དོན་གྱི་ཁ་བསྲོ་ཡིན། །བརྒྱུད་པའི་བྱིན་རླབས་ཆེ་བ་དང་གཅིག །རྣལ་འབྱོར་དམ་ཚིག་གཙང་བ་དང་གཉིས། །སྨོན་ལམ་གྱི་འཕེན་པ་དྲག་དང་གསུམ། །དེ་གསུམ་བརྒྱུད་འཛིན་གྱི་ཁ་བསྲོ་ཡིན། །དབྱངས་དེ་ཁ་བསྲོ་དྲུག་པ་ཡིན། །ཁ་བསྲོ་དྲུག་ཏུ་མ་ཟད་ཀྱི། །གསུམ་གསུམ་འཛོམས་ན་ཅི་བསམ་འགྲུབ། །རྒྱུ་རྐྱེན་གྱི་རྟེན་འབྲེལ་ཤེས་པར་མཛོད། །ཅེས་གསུངས་ནས་དགོན་པའི་མིང་ཡང་འབྲུག་ཅེས་བྱ་བར་ཆགས་སོ། དེ་དུས་རྗེའི་ཞལ་ནས་འབྲུག་རྗེ་སྣ་ཕུ་བའི་ལུང་བསྟན་ཡིན། ཀློང་རྡོལ་ཞང་རིན་པོ་ཆེའི་ལུང་བསྟན་ཡིན། གཞན་ཡང་ཁོ་བོས་དགོན་པ་བྱང་དུ་བཏབ་ན་འཁོར་དང་ཟང་ཟིང་ལ་སུས་ཀྱང་འགྲན་པར་མི་ཡོང་བར་འདུག་སྟེ། ཕྱི་རབས་རྣམས་ལ་ཕན་པ་ཆེར་འོང་བར་མི་འདུག ངམ་ཤོད་དུ་བཏབ་ན་འགྲོ་དོན་རླབས་ཆེ་བར་གདའ་སྟེ། མ་འོངས་པའི་དུས་བསྐྱང་དཀའ་བར་འདུག་པས་བཞག ར་ལུང་དུ་བཏབ་ན་ནོར་མི་རབས་འགར་སྤྱད་ཀྱང་མི་འཛད་པ་ཞིག་དང་། མི་ཆེན་མང་པོ་འདུ་བར་མཆིས་ཏེ། འགྲོ་དོན་ཆེ་རྒྱུ་མི་འདུག་ཅེས་གསུང་ངོ་། ཞེས་པ་འདི་ནི་འབྲུག་དགོན་པའི་མིང་ཇི་ལྟར་བྱུང་བའི་ལོ་རྒྱུས་སོ། འབྲུག་པ་ངག་དབང་ཆོས་ཀྱི་རྒྱལ་པོའི་རྣམ་ཐར་ལས། དགོན་པ་ལ་འབྲུག་སེ་བ་བྱང་ཆུབ་གླིང་ཞེས་དང་། འབྲུག་དགོན་གྱི་རི་ཁྲོད་ལ་གནམ་ལྡིང་དཔལ་གྱི་རི་ཁྲོད་ཅེས་བྲིས་འདུག འབྲུག་པ་པད་དཀར་གྱི་རང་རྣམ་དུ། དགུང་ལོ་བཅུ་གཅིག་པའི་མེ་བྱ་ལོར་གདན་ས་འབྲུག་སེ་བ་བྱང་ཆུབ་གླིང་དུ་སླེབས། ཞེས་གསུངས་སོ།།
འདིར་འབྲུག་པ་བཀའ་བརྒྱུད་ཅེས་འབྲུག་པ་སྤྱིའི་གྲུབ་མཐའ་ལ་ཟེར་ཞིང་། ནང་གསེས་སུ་འབྲུག་པ་སྟོད་སྨད་བར་གསུམ་གདན་སའི་རྒྱུད་པ་དང་བཅས་པའི་དབྱེ་སྲོལ་ཡོད་པ་སྟེ། གཙང་པ་རྒྱ་རས་ཀྱི་སློབ་མ་རྣམས་ལས། མཐའ་མ་ཆེ་བ་ལོ་རྒོད་གཉིས་ཞེས་པའི་ལོ་རས་དབང་ཕྱུག་བརྩོན་འགྲུས་ལས་སྨད་འབྲུག་གི་ཆོས་བརྒྱུད་མཆེད་དེ་འགྲོ་དོན་འཕེལ། རྒྱལ་བ་རྒོད་ཚང་པ་ལས་སྟོད་འབྲུག་དང་། དེའི་སློབ་མ་གཙོ་བོ་རྒྱལ་བ་ཡང་དགོན་པ་དང་། གྲུབ་ཆེན་ཨོ་རྒྱན་པ་རྣམ་གཉིས་ཀྱིས་དཔལ་ལྡན་འབྲུག་པའི་བསྟན་པ་རྒྱ་ཆེར་སྤེལ་བའི་ཚུལ་སོགས་སྐབས་ཐོབ་ཀྱི་བརྗོད་བྱ་མ་ཡིན་པའི་ཕྱིར་ན་རེ་ཞིག་མ་སྨྲས་སོ། འདིར་འབྲུག་པ་བཀའ་བརྒྱུད་ལས་འབྲུག་ཡུལ་གྱི་མིང་བྱུང་ཚུལ་དང་ཐད་ཀར་འབྲེལ་བ་ཡོད་པའི་འབྲུག་པའི་བླ་རབས་དང་ལོ་རྒྱུས་རྣམས་མདོར་བསྡུས་ནས་བསྟན་པ་ཡིན།
གཉིས། འབྲུག་སེ་བ་བྱང་ཆུབ་གླིང་གི་གདན་རབས་བྱུང་ཚུལ།
གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེ་ནི་རབ་བྱུང་གསུམ་པའི་ལྕགས་སྦྲུལ་སྤྱི་ལོ་༡༡༦༡ལོའི་སྣྲོན་ཟླའི་ཉ་ལ་སྐུ་འཁྲུངས། དགུང་ལོ་བཞིར་སོན་པ་དང་ཡེ་གེ་ཀློག་འདོན་བསླབས། དགུང་ལོ་བརྒྱད་པར་མ་ཡུམ་དགོངས་པ་རྫོགས། དགུང་ལོ་བཅུ་གཉིས་སྐབས་དགེ་བའི་བཤེས་གཉེན་རྟ་ཐང་པ་ལ་བསྟེན་ནས་གཙུག་ཕུད་བྲེགས། དགེ་བསྙེན་གྱི་སྡོམ་པ་དང་། དབང་ལུང་མང་པོ་ཞུས། དགུང་ལོ་བཅོ་ལྔའི་སྐབས་སུ་མཁར་ལུང་བའི་མདུན་ནས་དབུ་མ་དང་། ཚད་མ་སྡེ་བདུན་མདོ་དང་བཅས་པ། ཤེར་ཕྱིན། སྤྱོད་འཇུག་ལ་སོགས་གཞུང་ལུགས་ལ་བསླབ་གཉེར་གནང་སྟེ་ལོ་ངོ་བཅུ་གཅིག་ཙམ་བསྟེན། དགུང་ལོ་ཉེར་གཉིས་བཞེས་པའི་ཚེ་ཡབ་ཀྱིས་ཆོས་འཁོར་བསྐོར་བའི་སྦྱིན་བདག་བྱས། སློབ་དཔོན་མཁར་ལུང་བ་སྤྱན་དྲངས། དགེ་སློང་ངུར་སྨྲིག་འཛིན་པ་མང་པོ་ཚོགས་པའི་དབུས་སུ་ཆོས་ཀྱི་ཁྲི་ལ་བཞུགས་ཏེ། དབུ་ཕར་འདུལ་མཛོད་ཚད་མ་དང་བཅས་པའི་བཤད་པ་རྒྱ་ཆེར་གནང་། ཀློག་པ་ཐོས་བསམ་གྱི་ཤེས་རབ་ཕུན་སུམ་ཚོགས་པར་གྱུར་པ་དང་། ད་ནི་སྤངས་བ་བསམ་གཏན་ལ་ནན་ཏན་བྱ་དགོངས་ནས། རྗེ་ཉིད་ཀྱི་འཁྲུངས་ཡུལ་ར་བཟུང་རི་ཁྲོད་དུ་བཞུགས་པའི་ཚེ། གླིང་རས་པདྨ་རྡོ་རྗེ་ཡུལ་དེར་ཕེབས་པ་གསན་ནས་མཇལ་བར་བྱོན། དམ་པའི་ཆོས་སྐོར་ཟབ་ཅིང་རྒྱ་ཆེ་བའི་འབེལ་མཆིད་མཛད་པས། ལས་སད་ཅིང་ཤིན་ཏུ་དགྱེས་པར་གྱུར། དགུང་ལོ་ཉེར་གསུམ་ལོན་སྐབས། རྗེ་གླིང་རས་པ་སྣ་ཕུར་བཞུགས་པ་དང་མཇལ་ནས་ཆོས་དྲུག་དང་། མར་ལུགས་རྒྱུད་སྡེ་ཐམས་ཅད་ཀྱི་དབང་ལུང་ཁྲིད་གསུམ་མ་ཚང་བ་མེད་པར་ཞུས། བསྐྱེད་རྫོགས་ཀྱི་ཕྱག་ལེན་འཁྲུལ་མེད་རྟོགས། ས་སྤྲེལ་ལོ་དགུང་ལོ་ཉེར་བརྒྱད་སོན་པ་དང་རི་ཁྲོད་འགྲིམས་པར་བརྩམས་ཚེ། རྗེ་སྣ་ཕུ་བས་རི་ཁྲོད་དུ་མ་འགྲོ། ཁྱོད་རང་ངའི་གདན་ས་སྣ་ཕུ་འདི་བཟུང་གསུངས་པ་དང་། མ་འོངས་པར་འབྲུག་དང་ར་ལུང་འཛིན་དགོས་པའི་ལུང་བསྟན། དགུང་ལོ་ཉེར་དགུའི་ས་བྱ་ལོར་རྗེ་བཙུན་རས་ཆུང་པས་གཏེར་དུ་སྦས་པའི་རོ་སྙོམས་སྐོར་དྲུག་བཏོན། དེ་ནས་གཉོས་འགར་ཆོས་གསུམ་དང་ལྷན་དུ་ཙཱ་རི་ལ་ཕེབས་ཏེ་དུས་བབ་ཀྱི་ལུང་ལྟ་ར་ཙཱ་རིའི་གནས་སྒོ་ཕྱེས། དེ་ནས་སྐྱི་ཤོད་དུ་ཕེབས་ནས་ཀློང་རྡོལ་དགོན་བཏབ། འབྲི་གུང་སྐྱོབ་པ་དང་ཞང་འགྲོ་བའི་མགོན་པོ་རྣམས་ཀྱང་བླ་མར་བསྟེན་ནས་ཆོས་ཞུས། དགུང་ལོ་སོ་གསུམ་པའི་ཆུ་གླང་སྤྱི་ལོ་༡༡༩༣ལོར་ཞང་གིས་མཁན་པོ་མཛད་དེ་བསྙེན་རྫོགས་ཞུས། ཀློང་རྡོ་ལ་སོགས་དབེན་གནས་དང་དགོན་པ་དག་ལ་འདག་སྦྱར་མཛད་དེ་སྐུ་མཚམས་ཐེང་མང་བཞུགས། དེ་ནས་ར་ལུང་དུ་བྱོན་ཏེ་གཅེན་ལྷ་གཉན་གྱི་སྲས་རབ་ཏུ་བྱུང་ནས་མཚན་དར་མ་སེང་གེ་བཏགས། མཁས་གྲུབ་གཉིས་ལྡན་གྱི་སློབ་མ་མང་པོ་བསྐྱངས། དགུང་ལོ་ཞེ་ལྔ་པའི་ཤིང་གླང་ལོར་འབྲུག་དགོན་པ་བཏབ་སྟེ་ཚོགས་པ་བསྐྱངས། དགུང་ལོ་ཞེ་བདུན་པའི་མེ་ཡོས་སྤྱི་ལོ་༡༢༠༧ལོར་སློབ་ཚོགས་རྣམས་ལ་ཡུལ་ཉེར་བཞི་དང་། གནས་སོ་གཉིས་རྣམས་སུ་སྒྲུབ་པ་ལ་བརྩོན་དགོས་པའི་ཞལ་གདམས་མང་པོ་གནང་། རྗེ་ཉིད་ཀྱང་ལོ་གཅིག་གི་བར་དུ་སྟན་གཅིག་ལ་གཡོ་བ་མེད་པར་སྐུ་མཚམས་བཞུགས། དེ་རྗེས་སློབ་མ་གསར་པ་ཚུར་འོང་མཁན་དང་། རྙིང་པ་ཕར་འགྲོ་མཁན་ཐམས་ཅད་ལ་སྨིན་གྲོལ་གྱི་གདམས་ངག་མང་པོ་གསུངས་ཤིང་། མི་ལ་རས་པའི་བུ་རྒྱུད་འདི་སྐྱིད་སྡུག་ལ་རྩིས་གདབ་མི་གཏོང་བར་བསྒོམས་པས་སངས་རྒྱས་པ་ཡིན་གསུངས་ནས་སློབ་བུ་རྣམས་སྒོམ་ལ་སྐུལ་ཞིང་སླར་ཡང་སྐུ་མཚམས་དམ་རྒྱ་གནང་། སྐལ་པ་དང་ལྡན་པའི་ཕྱུགས་རྫི་དགུང་ལོ་བཅུ་དགུ་སོན་པ་ཞིག་རྗེས་སུ་བཟུང་ནས་གཙུག་ཕུད་བྲེགས། མཚན་མགོན་པོ་རྡོ་རྗེ་ཞེས་གསོལ་དེ་ནི་ཕྱིས་ཡོངས་གྲགས་སུ་རྒྱལ་བ་རྒོད་ཚང་པ་ཞེས་ཟེར།
དགུང་ལོ་ལྔ་བཅུ་པའི་ལྕགས་རྟ་སྤྱི་ལོ་༡༢༡༠ལོར་ར་ལུང་ནས་བུ་སློབ་རྣམས་ཀྱིས་གདན་འདྲེན་འབྱོར་བ་ལྟར་གཙང་ར་ལུང་དུ་ཕེབས། དེར་མྱང་སྟོད་ཀྱི་མི་རྣམས་འདུས་ནས་འབུལ་བ་དང་བཀུར་བསྟི་རྒྱ་ཆེན་པོ་བྱས། ཚོགས་པ་གསར་རྙིང་ཐམས་ཅད་ལ་ཆོས་དང་ཟང་ཟིང་གིས་ཚིམ་པར་མཛད། དེའི་དུས་སུ་བུ་སློབ་རྣམས་ལ་འབྲུག་གི་གདན་ས་འཛིན་པའི་སེང་གེའི་མཚན་ཅན་དགུ་དང་། རིགས་གསུམ་མགོན་པོའི་སྤྲུལ་པ་གསུམ་བྱོན་པའི་རྗེས་སུ་སླར་ཡང་རྒྱ་རས་རང་ཉིད་ཐེངས་གཅིག་བྱོན་པའི་ལུང་བསྟན་གནང་བར། རྣམ་ཐར་ངོ་མཚར་དད་པའི་རླབས་ཕྲེང་ལས། (ཤིང་པར་མ། ཤོག་ངོས་༦༠སྲིབ་ཕྲེང་༢པར།)དེའི་དུས་སུ་བུ་སློབ་རྣམས་ལ་ཕྱི་རབས་བསོད་ནམས་བསག་པའི་དོན་དུ་མཆོད་རྟེན་བརྒྱ་རྩ་བརྒྱད་བཞེངས་ཤིག་ཅེས་བསྒོས་པ་ཉན་ཏེ། ཚོགས་པ་ཁྲི་ཁྲག་མང་པོས་བརྩིགས་པས། ཉིན་དེར་མཆོད་རྟེན་དགུ་གྲུབ་སྟེ་ཞུས་པར། རྗེའི་ཞལ་ནས་ད་སང་ཉིན་ཡང་ཁྱོད་རྣམས་ཀྱིས་འབད་རྩོལ་དྲུག་ཏུ་ཐོན་ལ་ཅི་མང་བཞེངས་ཐུབ་པ་གྱིས་ཞེས་བཀའ་བསྩལ་ལོ། དེ་ནས་མཚན་མོའི་ཐུན་རྫོགས་མ་ཐག་པའི་ཆ་ལ་ཐམས་ཅད་འདུས་ཏེ། ཉིན་ཐོག་ཐག་ཏུ་འབད་ཀྱང་མཆོད་རྟེན་གསུམ་ལས་བཞེངས་མ་གྲུབ་པ་དང་། རྗེ་ལ་གསོལ་བ། ཅི་ཁ་སང་ནི་མཆོད་རྟེན་དགུ་བཞེངས་པར་ནུས་ལ། དེ་རིང་མི་རྣམས་དེ་ལས་ཆེས་མི་ཉུང་བར་སྣང་ཞིང་། རྩོལ་བ་དྲག་པོས་བསྒྲུབས་ཀྱང་གསུམ་མ་གཏོགས་བཞེངས་མ་གྲུབ་པ་ཇི་ལྟར་ལས་གྱུར་ཅེས་ཞུས་པ་དང་། རྗེའི་ཞལ་ནས་འཕགས་པའི་ཡུལ་གྱི་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་ནང་ནས། འདིར་དགུ་སེང་གེའི་མཚན་ཅན་གྱི་ཚུལ་བཟུང་སྟེ། སྒྲུབ་རྒྱུད་ཀྱི་བསྟན་པ་འཛིན་ཅིང་རྒྱས་པར་བྱེད་དོ། དེ་ལས་རྟིང་མར་ཇི་ཙམ་ཞིག་འབད་ཀྱང་གསུམ་ལས་མ་གྲུབ་པ་ནི། དེའི་རྗེས་སུ་རིགས་གསུམ་མགོན་པོའི་རྣམ་འཕྲུལ་བྱོན་ནས་གཞན་དོན་རྒྱ་ཆེན་པོ་མཛད་དོ། དེ་དག་གི་རྒྱུ་ཐམས་ཅད་རྟེན་འབྲེལ་རྣམས་དེ་ལས་གྲུབ་པ་ཡིན་ནོ། དེའི་རྗེས་ཐོག་ཏུ་ཁོ་བོ་རང་སླེབ་དགོས་པའི་དུས་གཅིག་འོང་བར་འདུག་གི་ཞེས། དཔལ་མཚུངས་མེད་རྒྱལ་བའི་དབང་པོ་འབྱོན་པ་ལུང་བསྟན་ནོ། ཞེས་གསུངས་པ་ལྟར་རོ། ལོ་དེར་ར་ལུང་དུ་གཙུག་ལག་ཁག་བརྩིགས། བུ་སློབ་རྣམས་ཀྱིས་རྗེའི་ཞལ་འབག་སྐུ་ཚད་གཅིག་བཞེངས་པ་ལ་ཉིད་ཀྱིས་རབ་གནས་མཛད། དེ་ནས་དགུང་ལོ་ང་གཅིག་པའི་ལྕགས་ལུག་སྤྱི་ལོ་༡༢༡༡ལོར་དབུས་སུ་གདན་འདྲེན་པ་འབྱོར་བ་ལྟར་འབྲུག་ཏུ་ཕེབས། སློབ་མའི་ཚོགས་དགེ་སློང་ཁྲི་ཁྲག་མང་པོ་འདུས་པས་དེ་དག་ལ་ཟབ་ཆོས་ཉིན་ཤས་གནང་། དབྱར་དུས་དེར་བསྙུན་གཞི་ཅུང་བཞེས་པར་བུ་སློབ་རྣམས་ཀྱིས་སྨན་དཔྱད་ལ་འབད་པས་ཅུང་ཟད་དྭངས་པའི་ཚུལ་བྱུང་བ་དང་། བཀའ་ཆོས་དང་། ཞལ་གདམས། དབང་ལུང་ཁྲིད་སོགས་གང་མང་གནང་སྟེ། མཐར་ལོ་དེའི་ཟླ་བ་དགུ་པའི་ཚེས་ཉེར་ལྔའི་དགོང་མོའི་ཐུན་དང་པོ་ལ་དགོངས་པ་ཆོས་དབྱིངས་སུ་བསྡུས།
མདོར་ན་དམ་པ་འདིའི་སྐུ་ཚེ་གང་པོར་ཐོག་མར་དགེ་བའི་བཤེས་གཉེན་རྟ་ཐང་བ་དང་། མང་མཁར་བ། སོ་དར་མ་སེང་གེ ཁུ་ལུང་གི་ལྷ་རྗེ་ཀུན་དགའ་རྒྱལ་མཚན། འོ་ཐང་གི་སློབ་དཔོན་འདུལ་འཛིན་པ། གླིང་རྗེ་རས་པ། འབྲི་གུང་སྐྱོབ་པ། ཞང་འགྲོ་བའི་མགོན་པོ་ལ་སོགས་པ་མཁས་གྲུབ་གཉིས་ལྡན་གྱི་དགེ་བའི་བཤེས་གཉེན་མང་པོར་བསྟེན་ནས་མདོ་ལུགས་ཀྱི་དབུ་ཕར་འདུལ་མཛོད་ཚད་མ་དང་བཅས་པའི་གཞུང་མཐའ་དག་ལ་བསླབ་གཉེར་མཐར་ཕྱིན་པར་གནང་བས་མཁས་པའི་མཚན་སྙན་རྒྱས། སྔགས་ལུགས་ཟབ་ལམ་ནཱ་རོ་ཆོས་དྲུག་ལ་སོགས་པ་རྒྱུད་སྡེ་བཞིའི་དབང་ལུང་མན་ངག་ཉམས་ཁྲིད་དང་བཅས་པ་ཞུས་ཏེ་གདམས་ངག་གི་རྒྱུད་ཕྱུག་པར་བྱས། ཁྱད་པར་གདམས་ངག་བརྒྱུད་པའི་བླ་མ་ནི་གླིང་རྗེ་རས་པ་ཡིན། བར་དུ་ལྷོ་བྲག་མཁར་ཆུ་དང་། སྒམ་པོ་དང་། ཙཱ་རིའི་གནས། སྣ་ཕུ། ཀློང་རྡོལ། འབྲུག ར་ལུང་ལ་སོགས་སྒྲུབ་གནས་ཁྱད་པར་ཅན་རྣམས་སུ་མཚམས་སྒོ་འདག་སྦྱར་བྱས་ཏེ། ལོ་མཚམས་དང་། ཟླ་མཚམས་ལོ་ལྟར་རྒྱུན་མི་ཆད་པ་བཞུགས་པས་གྲུབ་པའི་གོ་འཕང་བརྙེས། མཐའ་མ་བཤད་སྒྲུབ་ལས་ཀྱི་སྒོ་ནས་གདུལ་བྱའི་སློབ་མ་ཁྲི་སྟོང་མང་པོ་བསྐྱངས་པ་རྣམས་ལས་གཙོ་བོ་དང་པོ་ཆེ་བ་སྦ་རྐྱང་གཉིས་ཞེས་པ་སྦ་རི་བ་དང་། རྐྱང་མོ་ཁ་པ་གཉིས། བར་དུ་ཆེ་བ་རྒྱ་འབྲས་གཉིས་ཞེས་པ་རྒྱ་ཡགས་པ་དང་། འབྲས་མོ་བ་གཉིས། མཐའ་མ་ཆེ་བ་ལོ་རྒོད་གཉིས་ཞེས་པ་ཆོས་རྗེ་ལོ་རས་དབང་ཕྱུག་བརྩོན་འགྲུས་དང་། རྒྱལ་བ་རྒོད་ཚང་པ་གཉིས། གཞན་ཡང་དགའ་ཡེས་དང་། ཇོ་ཡེས་དང་། བདེ་ཡེས་ཏེ་རྣལ་འབྱོར་རྣམ་པ་གསུམ། གཡག་རས་དང་། འགྲན་རས། ལི་རས་ཏེ་རས་པ་རྣམ་པ་གསུམ། ཤངས་ཞིག ཞིག་པོ་དཀོན་མཆོག་སེང་གེ ཞིག་པོ་སྐྱེས་མཆོག་སྟེ་ཞིག་པོ་བཞི། དམ་པ་གཏེར་ཁུང་། དམ་པ་སྦ་སྒོ་བ། དམ་པ་ཀོ་བྲག་པ་སྟེ་དམ་པ་རྣམ་གསུམ་བཅས་ཞལ་སློབ་ཤིན་ཏུ་མང་པོ་བྱོན།
འོན་ཀྱང་འབྲུག་གི་གདན་ས་འཛིན་པའི་སེང་གེ་དགུ་ཚར་དང་། རིགས་གསུམ་མགོན་པོའི་རྣམ་འཕྲུལ་རྣམས་ནི་གཙང་པ་རྒྱ་རས་ཀྱི་གདུང་རིགས་ཤ་སྟག་ཡིན་ཏེ། གཙང་པ་རྒྱ་རས་སྐུ་གཤེགས་རྗེས་གདན་ས་འཛིན་པའི་སློབ་མ་ནི་དབོན་རས་དར་མ་སེང་གེའམ་སངས་རྒྱས་དབོན་རས་ཡིན་ཞིང་དེ་ནི་སེང་གེ་དགུ་ཚར་ལས་དང་པོ་ཡིན་ལ་གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེའི་གཅུང་པོའང་ཡིན་ནོ།།
གདན་ས་འཛིན་པ་སེང་གེའི་མཚན་ཅན་དགུའི་རེའུ་མིག
བླ་མའི་མཚན། འཁྲུངས་དུས། གདན་ས་འཛིན་དུས། གཤེགས་དུས།
དབོན་རས་དར་མ་སེང་གེ མེ་བྱ། སྤྱི་ལོ་༡༡༧༧ལོ། ལྕགས་ལུག སྤྱི་ལོ་༡༢༡༡ལོ། མེ་བྱ། སྤྱི་ལོ་༡༢༣༧ལོ།
གཞོན་ནུ་སེང་གེ ལྕགས་སྤྲེལ། སྤྱི་ལོ་༡༢༠༠ལོ། ཆུ་འབྲུག སྤྱི་ལོ་༡༢༣༢ལོ། མེ་སྟག སྤྱི་ལོ་༡༢༦༦ལོ།
ཉི་མ་སེང་གེ ལྕགས་ཕག སྤྱི་ལོ་༡༢༥༡ལོ། མེ་སྟག སྤྱི་ལོ་༡༢༦༦ལོ། མེ་ཕག སྤྱི་ལོ་༡༢༨༧ལོ།
སེང་གེ་ཤེས་རབ། ཤིང་ཡོས། སྤྱི་ལོ་༡༢༥༥ལོ། ཤིང་ལུག སྤྱི་ལོ་༡༢༩༥ལོ།
སྤོས་སྐྱ་བ་སེང་གེ་རིན་ཆེན། ས་རྟ། སྤྱི་ལོ་༡༢༥༨ལོ། ཆུ་གླང་། སྤྱི་ལོ་༡༣༡༣ལོ།
ཆོས་རྗེ་སེང་གེ་རྒྱལ་པོ། ས་གླང་། སྤྱི་ལོ་༡༢༨༩ལོ། ཆུ་གླང་། སྤྱི་ལོ་༡༣༡༣ལོ། ཤིང་གླང་། སྤྱི་ལོ་༡༣༢༥ལོ།
ཆོས་རྗེ་ཀུན་དགའ་སེང་གེ ཤིང་སྟག སྤྱི་ལོ་༡༣༡༤ལོ། མེ་ཕག སྤྱི་ལོ་༡༣༤༧ལོ།
བློ་གྲོས་སེང་གེ ཤིང་བྱ། སྤྱི་ལོ་༡༣༤༥ལོ། ལྕགས་རྟ། སྤྱི་ལོ་༡༣༩༠ལོ།
ཤེས་རབ་སེང་གེ ལྕགས་ཕག སྤྱི་ལོ་༡༣༧༡ལོ། ཆུ་སྤྲེལ། སྤྱི་ལོ་༡༣༩༢ལོ།
རིགས་གསུམ་མགོན་པོའི་སྤྲུལ་པ་གསུམ་གྱི་རེའུ་མིག
བླ་མའི་མཚན། འཁྲུངས་དུས། གཤེགས་དུས། སྤྲུལ་གཞི།
ཡེ་ཤེས་རིན་ཆེན། ཤིང་འབྲུག སྤྱི་ལོ་༡༣༦༤ ཆ་སྦྲུལ། སྤྱི་ལོ་༡༤༡༣ལོ། འཇམ་པའི་དབྱངས།
ནམ་མཁའ་དཔལ་བཟང་། ས་སྟག སྤྱི་ལོ་༡༣༩༨ལོ། ཤིང་སྦྲུལ། སྤྱི་ལོ་༡༤༢༥ལོ། ཕྱག་ན་རྡོ་རྗེ།
ཤེས་རབ་བཟང་པོ། འདི་ནམ་མཁའ་དཔལ་བཟང་གི་གཅུང་པོ་ཡིན། སྤྱན་རས་གཟིགས།
འབྲུག་གི་གདན་རབས་བཅུ་བཞི་པ། གཙང་པ་རྒྱ་རས་རང་གི་རྣམ་འཕྲུལ་དུ་གྲགས་པ་འབྲུག་རྒྱལ་དབང་ཆོས་རྗེ་ཀུན་དགའ་དཔལ་འབྱོར་ནི། ཤེས་རབ་བཟང་པོའི་སྲས་སུ་རབ་བྱུང་བདུན་པའི་ས་སྤྲེལ་སྤྱི་ལོ་༡༤༢༨ལོར་འཁྲུངས། དབུས་བྱུང་བདུན་པའི་ས་སྤྲེལ་སྤྱི་ལོ་༡༤༢༨ལོར་འཁྲུངས། དབུས་གཙང་། དྭགས་ཀོང་། ལྷོ་མོན་སོགས་སུ་གདུལ་བྱ་རྒྱས། དགུང་ལོ་ཞེ་དགུ་པའི་མེ་སྤྲེལ་སྤྱི་ལོ་༡༤༧༦ལོ་སྐུ་གཤེགས། ལོ་དེར་འགོས་ལོས་དེབ་སྔོན་རྩོམ་པའི་འགོ་ཚུགས།
འབྲུག་གི་གདན་རབས་བཅོ་ལྔ་པ། རྗེ་འབྲུག་པ་ཆེན་པོ་ནི། རྒྱལ་དབང་ཀུན་དགའ་དཔལ་འབྱོར་གྱི་གཅུང་ལྷ་ཡི་དབང་པོའི་སྲས་སུ་རབ་བྱུང་བརྒྱད་པའི་ཤིང་སྤྲེལ་སྤྱི་ལོ་༡༤༦༤ལོའི་ཟླ་བ་བཞི་པའི་ཚེས་༡༡ཉིན་འཁྲུངས། དགུང་ལོ་བཅུ་གསུམ་པའི་མེ་སྤྲེལ་ལོ་རབ་ཏུ་བྱུང་། མཚན་ལ་ངག་དབང་ཆོས་ཀྱི་རྒྱལ་པོ་ཞེས་གསོལ། ལོ་རྒྱུས་ཡིག་ཆ་དག་ལས་ཡོངས་གྲགས་སུ་འབྲུག་པ་རིན་པོ་ཆེ་ཞེས་ཟེར། དགུང་ལོ་བཅོ་ལྔ་པའི་ས་ཁྱི་སྤྱི་ལོ་༡༤༧༨ལོར་འབྲུག་གི་གདན་ས་འཛིན། རབ་བྱུང་དགུ་པའི་ལྕགས་བྱི་སྤྱི་ལོ་༡༥༤༠ལོར་སྐུ་གཤེགས།
འབྲུག་གི་གདན་རབས་བཅུ་དྲུག་པ། འཇམ་དབྱངས་ཆོས་ཀྱི་གྲགས་པ་ནི། ཡབ་གོང་མ་བཀྲ་ཤིས་དར་རྒྱས་ཞེས་པ་བོད་ཡུལ་ལྷོ་རྒྱུད་འབངས་ཁྱིམ་ཁྲི་ཕྲག་གསུམ་ལ་དབང་སྒྱུར་བ་པོ་དེ་དང་། ཡུམ་ལྕམ་དཀར་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བརྒྱད་པའི་ས་ཁྱི་སྤྱི་ལོ་༡༤༧༨ལོར་འཁྲུངས། རྗེ་འབྲུག་པ་རིན་པོ་ཆེ་ངག་དབང་ཆོས་ཀྱི་རྒྱལ་པོ་དང་། རྒྱལ་བ་ཀརྨ་པ་ཆོས་གྲགས་རྒྱ་མཚོ་བཅས་ཀྱིས་འབྲུག་རྒྱལ་དབང་ཀུན་དགའ་དཔལ་འབྱོར་གྱི་ཡང་སྲིད་དུ་ངོས་འཛིན་གནང་། འོན་ཀྱང་ཡབ་ཡུམ་གྱི་བཀའ་ནན་ལྕི་བས་སྲིད་ཀྱི་དབང་འགན་ཡང་བཞེས་དགོས་པ་བྱུང་། དགུང་ལོ་བཅུ་གཅིག་པ་ལ་རབ་ཏུ་བྱུང་། རབ་བྱུང་དགུ་པའི་ཆུ་ལུག་སྤྱི་ལོ་༡༥༢༣ལོར་སྐུ་གཤེགས། དེའི་ཡང་སྲིད་སྡེ་སྲིད་ཕག་གྲུའི་བློན་ཆེན་འཕྱོངས་རྒྱས་སྟག་རྩེ་བ་མི་དབང་དཔལ་འབྱོར་ལྷུན་པོའི་སྲས་སུ་སྤྱི་ལོ་༡༥༢༤ལོར་འཁྲུངས། ལོ་ངོ་གསུམ་ལ་སོན་པ་སྤྱི་ལོ་༡༥༢༦ལོར་སྐུ་གཤེགས་སྟབས་སྐུ་ཕྲེང་ན་རིམ་གྱི་གྲས་སུ་བགྲང་སྲོལ་མི་འདུག འབྲུག་འཇམ་དབྱངས་ཆོས་གྲགས་ཀྱི་སློབ་མའི་གཙོ་བོར་རྡོར་འཛིན་བསྟན་པ་རྒྱ་མཚོ། བཤད་བཀའ་འཛིན་པ་རྡོ་རྗེ་གླིང་པ་ཡོན་ཏན་ཡེ་ཤེས། སྒྲུང་བཀའ་འཛིན་པ་རྗེ་བཙུན་མི་ཏྲ་ཛོ་ཀི་སྤུལ་པ་ཀུན་སྤངས་རིན་པོ་ཆེ་བཅས་སོ།།
དེའི་སྲས་བརྒྱུད་ནི་སྲས་ཆེ་བ་ངག་དབང་བསྟན་པའི་རྒྱལ་མཚན། ཆུང་བ་ངག་གི་དབང་ཕྱུག་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་གཉིས་བྱུང་། གདན་ས་པ་ནི་གཅུང་བྱ་པཎྜི་ཏ་བཀྲ་ཤིས་རྣམ་རྒྱལ་ཡིན་ནོ།།
གཅུང་རིན་པོ་ཆེ་ངག་དབང་གྲགས་པ་རྒྱལ་མཚན་ནི། རབ་བྱུང་དགུ་པའི་མེ་གླང་སྤྱི་ལོ་༡༥༡༧ལོར་འབྲུག་འཇམ་དབྱངས་ཆོས་ཀྱི་གྲགས་པའི་གདུང་སྲས་སུ་སྐུ་འཁྲུངས། དགུང་ལོ་ལྔ་སོན་པའི་ལྕགས་སྦྲུལ་ལོར་ཆོས་རྗེའི་ཁྲི་ལ་མངའ་གསོལ། དགུང་ལོ་བརྒྱད་པའི་ཤིང་སྤྲེལ་སྤྱི་ལོ་༡༥༢༤ལོར་ཡོངས་རྫོགས་དགེ་བསྙེན་ཞུས། དགུང་ལོ་སོ་དྲུག་པ་རབ་བྱུང་དགུ་པའི་ཆུ་བྱི་སྤྱི་ལོ་༡༥༥༢ལོར་གཞན་གྱི་ཕྲག་དོག་དབང་གིས་བཏང་བའི་ཟས་དུག་གིས་བཀྲོངས་སོ། །
འབྲུག་འཇམ་དབྱངས་ཆོས་གྲགས་ཀྱི་ཡང་སྲིད་འབྲུག་པ་པདྨ་དཀར་པོ་ནི་རབ་བྱུང་དགུ་པའི་མེ་ཕག་སྤྱི་ལོ་༡༥༢༧ལོར། རྗེ་འཇམ་དབྱངས་ཆོས་ཀྱི་གྲགས་པས་བར་མའི་རིགས་དང་། སྤུན་ལྔའི་ཁྲོད་དུ་འཁྲུངས་པ་ལུང་བསྟན་པ་ལས། ལུང་ཕྱི་མ་ལྟར་ཀོང་པོའི་ཡུལ་དུ་གཙང་ཤོད་དགོན་པའི་ཉེ་སྐོར་དུ་བུ་སྤུན་ལྔའི་བཞི་པར་འཁྲུངས། དུས་དེར་འབྲུག་པ་རིན་པོ་ཆེ་ར་ལུང་ན་བཞུགས་ཡོད་པ་དང་དཔལ་ལྡན་ལྷ་མོས་རྒྱལ་དབང་རྗེའི་ཡང་སྲིད་མདོ་ཁམས་སྟོད་དུ་འཁྲུངས་ཡོད་པ་ལུང་བསྟན། དགུང་ལོ་གསུམ་པར་འབྲུག་པ་ཆོས་རྗེ་ངག་དབང་ཆོས་ཀྱི་རྒྱལ་པོ་དཔོན་སློབ་རྣམས་ཀོང་པོ་བརྒྱུད་དེ་ཙཱ་རིར་བྱོན། འོན་ཀྱང་ཀོང་སྨད་དུ་ཕེབས་མ་ཐུབ། ཁམས་ཕྱོགས་སུ་སྤྲུལ་སྐུའི་ཡང་སྲིད་འཚོལ་བ་ལ་སྔགས་པ་ཆོས་མགོན་བཏང་། དགུང་ལོ་བཞི་པ་ནས་གྲིབ་ནད་ཀྱིས་མནར། ཨ་མས་ཡུལ་སྲོལ་ལྟར་ཆོས་རྗེ་དབོན་པོ་ལ་སྐྲ་བཅད། མིང་སྤོས་ཞུས་པས། བདུད་ལས་རྣམ་རྒྱལ་ཞེས་མིང་བཏགས། དེ་ནས་སྨད་འབྲུག་གི་དུང་དཀར་དགོན་པའི་ནང་བླ་མ་སྐུ་བགྲེས་ཤིག་བཞུགས་པ་ལ་སྐྱབས་འཇུག་ཞུས་པས་དེས་ཀྱང་མིང་སྤོས་ཏེ། ཐར་པ་རྒྱལ་མཚན་ཞེས་བཏགས། དགུང་ལོ་བདུན་ཟིན་པ་དང་གྲིབ་ནད་སངས། བྱིས་པའི་རྩེ་ར་ན་ཆོས་འཆད་ཚུལ་དང་། དབང་བསྐུར་ཚུལ་ཁོ་ན་བྱེད་པ་ཞིག་བྱུང་། དགུང་ལོ་དགུ་ལ་སོན་པ་དང་བྱ་མི་ཕམ་ཆོས་ཀྱི་བླ་མ་དང་། བྱ་པཎྜི་ཏ་བཀྲ་ཤིས་རྣམ་རྒྱལ་རྣམས་བཀའ་བགྲོས་ཏེ་ཀོང་ཡུལ་དུ་ཆས། རྗེ་འབྲུག་པ་རིན་པོ་ཆེ་ར་ལུང་ན་བཞུགས་པར་ཐུགས་དམ་བརྟག་པས་འབྲུག་འཇམ་དབྱངས་ཆོས་ཀྱི་གྲགས་པའི་ཡང་སྲིད་འཁྲུལ་མེད་ཡིན་པར་ཞལ་འཆམ། །དགུང་ལོ་བཅུ་པའི་མེ་སྦྲེལ་ལོར་བྱ་མི་ཕམ་ཆོས་ཀྱི་བླ་མ་ཁུ་དབོན་བཀའ་བགྲོས་ནས་བཀྲ་ཤིས་མཐོང་སྨོན་གྱི་ཆོས་གྲྭ་ཆེན་མོར་གསེར་ཁྲིར་མངའ་གསོལ། དགུང་ལོ་བཅུ་གཅིག་པའི་མེ་བྱ་ལོར་འབྲུག་སེ་བ་བྱང་ཆུབ་གླིང་དུ་གདན་དྲངས། བླ་མ་གཙོ་བོར་འབྲུག་པ་ཆོས་རྗེ་རིན་པོ་ཆེ་དང་། རྗེ་བཙུན་མཐུ་སྟོབས་ཞབས། གཅུང་རིན་པོ་ཆེ་ངག་དབང་གྲགས་པ་རྒྱལ་མཚན། ཀུན་སྤངས་རིན་པོ་ཆེ། (འདིའི་མཚན་གཞན་ལ་རྗེ་བཙུན་མི་ཏྲ་ཛོ་ཀིའི་རྣམ་སྤྲུལ་དྷུ་ཏི་པ་བཙུན་མོ་ཅན་དང་། སྒྱུ་མའི་གར་མཁན་ཡང་ཟེར།)འབྲུག་པ་ཆོས་ཀྱི་མགོན་པོ་ལ་སོགས་པ་བླ་མ་རྣམས་ཀྱི་ཞལ་སྔ་ནས་དཔལ་རྒྱལ་བ་བཀའ་བརྒྱུད་པའི་ཐུན་མིན་གྱི་གདམས་ངག་སྙིང་བཅུད་ཐམས་ཅད་ཀྱི་དབང་ཁྲིད་ཡོངས་རྫོགས་བུམ་པ་གང་བྱོའི་ཚུལ་དུ་ཞུས་པ་མ་ཟད། ཐུན་མོང་རིག་པའི་གནས་དང་། ཐུན་མིན་མདོ་སྔགས་ཀྱི་གཞུང་ལུགས་མཐའ་དག་མ་ཚང་བ་མེད་པར་བསླབ་གཉེར་གནང་ཞིང་པཎྜི་ཏ་འབྲུག་པ་པདྨ་དཀར་པོ་ཞེས་མཚན་བོད་ཁམས་ཡོངས་ལ་ཁྱབ་པར་བྱུང་། དགུང་ལོ་བཅུ་བཞི་པའི་ལྕགས་བྱི་ལོ་འབྲུག་པ་རིན་པོ་ཆེ་ངག་དབང་ཆོས་ཀྱི་རྒྱལ་པོ་སྐུ་གཤེགས། རབ་བྱུང་དགུ་པའི་ཤིང་སྟག་སྤྱི་ལོ་༡༥༥༤ལོ་ཙམ་ན་ལྟོ་ཁར་འབྲུག་གསང་སྔགས་ཆོས་གླིང་བཏབ། འབྲུག་པད་དཀར་ལ་གདན་ས་བཅུ་གསུམ་ཡོད་པ་ལས་འདི་ཉིད་གདན་སའི་གཙོ་བོ་ཡིན། དེ་ནས་བཟུང་འབྲུག་པདྨ་དཀར་པོའི་ཡང་སྲིད་སྐུ་ཕྲེང་རིམ་བྱོན་གྱི་གདན་སར་གྱུར། རབ་བྱུང་བཅུ་པའི་ཆུ་འབྲུག་སྤྱི་ལོ་༡༥༩༢ལོར་སྐུ་གཤེགས།
འབྲུག་པ་པདྨ་དཀར་པོ་ལ་ཡང་སྲིད་གཉིས་བྱུང་བའི་དང་པོ་འབྲུག་པ་དཔག་བསམ་དབང་པོ་ནི། རབ་བྱུང་བཅུ་པའི་ཆུ་སྦྲུལ་སྤྱི་ལོ་༡༥༩༣ལོར་འཕྱོངས་རྒྱས་སུ་འཁྲུངས། ཁོང་ལ་མཁས་གྲུབ་གཉིས་ལྡན་གྱི་སློབ་མ་མང་པོ་བྱུང་བའི་ནང་ནས། གཙོ་བོ་སྟག་ཚང་རས་པ་ལ་དྭགས་ཕྱོགས་སུ་ཕེབས་ནས་ལ་དྭགས་རྒྱལ་པོ་སེང་གེ་རྣམ་རྒྱལ་(༡༥༧༠-༡༦༤༢)གྱི་དབུ་བླར་གྱུར་ཏེ་འབྲུག་པ་བཀའ་བརྒྱུད་ཀྱི་བསྟན་པ་ལ་དྭགས་ཕྱོགས་སུ་འཕེལ། འཛིན་སྒར་མཆོག་སྤྲུལ་གྱིས་ཁམས་སྡེ་དགེའི་ནུབ་ཕྱོགས་སུ་འཛིན་སྒར་དགོན་པ་བཏབ་པ་དང་། འབྲུག་ཁམས་སྤྲུལ་རིན་པོ་ཆེས་ཁམས་པ་སྒར་བཏབ་པ་དེ་གཉིས་ལས་བོད་ཡུལ་ཤར་ཕྱོགས་སུ་འབྲུག་པ་བཀའ་བརྒྱུད་ཀྱི་བསྟན་པ་དར་རྒྱས་ཕྱིན་ཡོད། རབ་བྱུང་བཅུ་གཅིག་པའི་ཆུ་སྦྲུལ་སྤྱི་ལོ་༡༦༥༣ལོར་སྐུ་གཤེགས།
གསུམ། ལྷོ་མོན་གྱི་ཡུལ་ལ་འབྲུག་ཡུལ་ཞེས་པའི་མིང་བྱུང་ཚུལ།
འབྲུག་པ་པད་དཀར་གྱི་ཡང་སྲིད་གཉིས་པ་འབྲུག་ཞབས་དྲུང་ངན་དབང་རྣམ་རྒྱལ་ནི་རབ་བྱུང་བཅུ་པའི་ཤིང་རྟ་སྤྱི་ལོ་༡༥༩༤ལོར་འཁྲུངས། ཐོག་མར་ཡང་སྲིད་གཉིས་ཀ་གསང་སྔགས་ཆོས་གླིང་གི་གདན་སར་བཀོད་ཀྱང་རེ་ཞིག་ན་བླ་མ་གཉིས་ཀྱི་སྐུ་འཁོར་ཞབས་ཕྱི་རྣམས་མ་མཐུན་པའི་རྐྱེན་གྱིས་ཞབས་དྲུང་ངན་དབང་རྣམ་རྒྱལ་འབྲུག་ར་ལུང་དུ་ཕེབས་ནས་བཞུགས། དེ་ནས་དཔལ་ལྡན་ལྷ་མོས་ལྷོ་མོན་གྱི་ཡུལ་དུ་ཕེབས་ན་འགྲོ་དོན་འཕེལ་བའི་ལུང་བསྟན་པ་ལྟར་ལྷོ་མོན་ཡུལ་དུ་ཕེབས། སྐབས་དེར་ལྷོ་མོན་གྱི་ནུབ་ཕྱོགས་སུ་འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་ཅུང་ཟད་དར་ཡོད་པ་ལས། ཡུལ་སྤྱི་ལ་ཆོས་དང་རིག་གནས་དར་སྲོལ་ཧ་ཅང་ཆུང་བའི་མཐའ་འཁོབ་ཀྱི་ཡུལ་གྲུ་ལྟ་བུ་ཞིག་ཆགས་ཡོད་པ་རེད། རབ་བྱུང་བཅུ་པའི་ས་ལུག་སྤྱི་ལོ་༡༦༡༩ལོར་འབྲུག་ཐིམ་ཕུ་དགོན་པ་བཏབ། དེ་ནས་འཁོར་སློབ་མང་པོ་འདུས་སྟབས་རབ་བྱུང་བཅུ་གཅིག་པའི་ས་སྤྲུལ་སྤྱི་ལོ་༡༦༢༩ལོར་དབང་འདུས་ཕོ་བྲང་བཞེངས། ལྷོ་མོན་གྱི་ཡུལ་གྲུ་ཕལ་ཆེར་བཀའ་དབང་དུ་འདུས། ལྷོ་མོན་ཡུལ་གྱི་ཆོས་སྲིད་གཉིས་ཀྱི་བདག་པོར་གྱུར་ཅིང་། ཆོས་ལ་འབྲུག་པ་བཀའ་བརྒྱུད་དང་། དཔོན་ལ་འབྲུག་པའི་བླ་མ་བྱུང་སྟབས་རིམ་བཞིན་དབུས་གཙང་ལྷོ་མོན་ཀུན་གྱི་མི་རྣམས་ཀྱིས་མོན་ཡུལ་ལ་འབྲུག་ཡུལ་ཞེས་འབོད་སྲོལ་དེ་བྱུང་། རྗེས་སུ་འབྲུག་པ་རང་བཙན་རྒྱལ་ཁབ་ཆགས་ནས་འབྲུག་པ་རྒྱལ་ཁབ་ཅེས་པ་འདི་བྱུང་ཡོད། འབྲུག་པ་བཀའ་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་ཆོས་རྟགས་སུ་འབྲུག་རིས་སྤྱོད་སྲོལ་ཡོད་པ་ལྟར། འབྲུག་རྒྱལ་ཁབ་ཀྱི་དར་ཆ་ཡང་འབྲུག་རིས་ཅན་འདི་བྱུང་བ་རེད། ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ལྷོ་འབྲུག་གི་ཡུལ་དུ་དགོན་པ་གཙོ་བོ་བཞི་བཏབ་ཡོད་པ་ནི། འབྲུག་ཐིམ་ཕུ་དགོན་དང་། པུ་ན་ཁ། ཀྲོང་པ་དགོན། དབང་འདུས་ཕོ་བྲང་བཅས་སོ། རབ་བྱུང་བཅུ་གཉིས་པའི་ལྕགས་སྟག་སྤྱི་ལོ་༡༦༥༡ལོར་ལྷོ་འབྲུག་གི་གྱེན་ལོག་པ་རྣམས་ཀྱིས་བཀྲོངས་སོ། ལྷོ་མོན་ཡུལ་ལ་འབྲུག་ཡུལ་ཞེས་པའི་མིང་དེ་སྤྱི་ལོ་༡༦༡༩ལོའི་རྗེས་སུ་བྱུང་བ་ཞིག་ཡིན་པ་ལས་དེའི་གོང་དུ་ལྷོ་མོན་དང་འབྲེལ་ཡོད་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཐམས་ཅད་ནང་དུ་ལྷོ་འབྲུག་ཡུལ་ཞེས་པའི་མིང་རྩ་བ་ནས་མཐོང་རྒྱུ་ཡོད་པ་མ་རེད། དེས་ན་འབྲུག་པ་བཀའ་བརྒྱུད་ཅེས་པའི་མིང་དེ་སྤྱི་ལོ་༡༢༠༥ལོར་གཙང་པ་རྒྱ་རས་ཀྱིས་འབྲུག་སེ་བ་བྱང་ཆུབ་གླིང་བཏབ་ནས་དེར་གདན་ས་བྱས་པའི་རྗེས་སུ་བྱུང་ཞིང་། ལྷོ་མོན་གྱི་ཡུལ་ལ་འབྲུག་ཡུལ་ཞེས་པའི་མིང་དེ་སྤྱི་ལོ་༡༦༡༩ལོར་འབྲུག་པ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་མོན་ཐིམ་ཕུ་དགོན་པ་བཏབ་རྗེས་སུ་བྱུང་ཡོད་པ་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཐམས་ཅད་ནང་རྩོད་མེད་ཡོངས་གྲགས་ཀྱི་གནད་དོན་ཞིག་རེད། དེ་ལྟར་འབྲུག་པ་པདྨ་དཀར་པོའི་ཡང་སྲིད་འབྲུག་པ་དཔག་བསམ་དབང་པོ་ནས་རྒྱལ་བ་འབྲུག་ཆེན་སྐུ་ཕྲེང་རིམ་བྱོན་རྣམས་ཀྱི་གདན་ས་ནི་ལྷོ་ཁ་གསང་སྔགས་ཆོས་གླིང་ཡིན་ལ། ད་ལྟའི་འབྲུག་ཆེན་སྐུ་ཕྲེང་བཅུ་གཉིས་པ་ནི་རྒྱ་གར་དུ་བཞུགས་ཡོད་པ་རེད། འབྲུག་པ་ཞབས་དྲུང་ངག་དབང་རྣམ་རྒྱལ་སྐུ་ཕྲེང་རིམ་བྱོན་རྣམས་ཀྱི་གདན་ས་ནི་འབྲུག་ཐིམ་ཕུ་དགོན་པ་ལ་སོགས་པའི་འབྲུག་ཡུལ་གྱི་དགོན་པ་རྣམས་ཡིན་ནོ། །
བཞི། སྔོན་གྱི་ཡིག་རྙིང་ཁག་ལས་གསལ་བའི་མོན་ཡུལ།
འབྲུག་པ་པདྨ་དཀར་པོ་ཡན་གྱི་བོད་ཀྱི་ལོ་རྒྱུས་ཡིག་རྙིང་ཐམས་ཅད་ལས་ལྷོ་མོན་གྱི་ཡུལ་དང་། མོན་ཡུལ་ཞེས་གསལ་བ་ལས་འབྲུག་ཡུལ་ཞེས་པའི་མིང་གཏན་ནས་མཐོང་རྒྱུ་མི་འདུག སྐབས་དེར་འབྲུག་པ་ཟེར་བ་ཐམས་ཅད་འབྲུག་པ་བཀའ་བརྒྱུད་ཀྱི་དགོན་པ་དང་དེའི་ཆོས་རྒྱུད་འཛིན་པའི་བླ་མ་རྣམས་ལ་གོ་དགོས་ཀྱི་ཡོད་པ་རེད། མོན་ཡུལ་ལ་འབྲུག་ཡུལ་དང་། འབྲུག་པ་རྒྱལ་ཁབ་ཅེས་པའི་མིང་དེ་སྤྱི་ལོ་༡༦༤༢ལོར་བོད་དུ་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས་པ་དང་། འབྲས་ལྗོངས་དང་། འབྲུག་པ་རྣམས་རིམ་བཞིན་རང་བཙན་རྒྱལ་ཁབ་ཆགས་ཏེ། མོན་ཡུལ་ལ་འབྲུག་ཡུལ་ཞེས་པའི་མིང་དེ་ཡོངས་གྲགས་ཆགས་འདུག གཤམ་དུ་ལོ་རྒྱུས་ཡིག་རྙིང་དག་ལས་མོན་ཡུལ་ཞེས་གསལ་བའི་དཔེ་མཚན་འགའ་ཞིག་བསྟན་པར།
འགོས་ལོ་གཞོན་ནུ་དཔལ་གྱིས་མཛད་པ། དེབ་ཐེར་སྔོན་པོ་སྨད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། ཤོག་ངོས་༧༩༢ཕྲེང་༡༤པར། ལོ་རས་དབང་ཕྱུག་བརྩོན་འགྲུས་ཀྱི་རྣམ་ཐར་ལས། དེ་ནས་མོན་བུམ་ཐང་དུ་བྱོན་ནས། མོན་པ་དུད་འགྲོ་དང་འདྲ་བ་
རྒྱལ་བ་བཀའ་བརྒྱུད་པའི་ཆོས་རྒྱུན་གྱི་མཚན་བྱང་མང་པོ་ཞིག སྔ་རབས་བོན་གྱི་གདུང་བརྒྱུད་དང་། བོན་གྱི་དགོན་གནས་དང་། བོན་གྱི་བླ་རབས་བཅས་ལ་འབྲེལ་ཆགས་ཡོད་པ་མང་པོ་རེད། དཔེར་ན། སྐམ་ཚང་བཀའ་བརྒྱུད། ཞང་ཚལ་པ་བཀའ་བརྒྱུད། ལྟ་བུ་བོན་གྱི་གདུང་བརྒྱུད་དང་འབྲེལ་བ། མི་ལ་རས་པ། ཤངས་པ་བཀའ་བརྒྱུད། འབྲི་གུང་བཀའ་བརྒྱུད། ཤུགས་གསེབ་བཀའ་བརྒྱུད། སོགས་བོན་གྱི་བླ་རབས་དང་འབྲེལ་བ། སྟག་ལུང་བཀའ་བརྒྱུད། ཡེལ་པ་བཀའ་བརྒྱུད་སོགས་བོན་གྱི་དགོན་གནས་དང་འབྲེལ་བཅས་མང་པོ་འདུག དགོས་པ་བྱུང་ན་རེ་རེ་བཞིན་ཞིབ་ཕྲ་བྱས་ནས་འབྲི་བར་ཡང་སྤོབས། དེ་འདྲ་ཡིན་དུས་འབྲུག་རྒྱལ་ཁབ་ཀྱི་མཚན་བྱང་དེ་ནི་དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ལས་བྱུང་ཡོད་པ་དངོས་བདེན་ཡིན་པར་སེམས། འོན་ཀྱང་འབྲུག་པ་བཀའ་བརྒྱུད་པའི་མཚན་བྱང་དེ་ནི་ཐོག་མའི་དགོན་པ་བཞེངས་ས་ནས་འབྲུག་ནམ་མཁར་ཕུར་སོང་བའི་རྐྱེན་བྱས་ནས་འབྲུག་པ་བཀའ་བརྒྱུད་བཏགས་རབས་ཅིག་བྲིས་འདུག་མོད། དེ་དངོས་བདེན་ཡིན་ནམ། དུས་རབས་དེའི་སྔོན་ཙམ་ལ། ཕ་དམ་པ་སངས་རྒྱས་ཀྱི་ཞལ་ཡང་མཇལ་མྱངས་བའི་བོན་གྱི་བླ་མ་གྲུབ་ཐོབ་སྐད་གྲགས་ཅན། རྗེ་བཙུན་ཁྲོ་ཚང་འབྲུག་ལྷ་བྱ་བའི་བླ་མ་ཞིག་ཕེབས་འདུག ཁོང་གི་གྲུབ་ཐོབ་ཀྱི་མཛད་པ་འཕྲིན་ལས་སྐྱོང་སྟངས་དང་འབྲུག་པ་བཀའ་བརྒྱུད་པའི་མཛད་འཕྲིན་སྐྱོང་སྟངས་ཧ་ཅང་ཆ་འདྲ་ཞིག་ཡིན་པར་སྣང་བས་འབྲེལ་བ་ཞིག་ཏན་ཏན་ཡོད་ས་རེད་དྲན་སོང་། ཡིན་ནའང་ཡིག་ཆ་དང་ལོ་རྒྱུས་ད་བར་མ་མཐོང་། ཤེས་མཁན་ཡོད་ན་གསུངས་རོགས་གནོངས། བཀའ་དྲིན་ཆེ། །