ཁྱི་རྒན།
ཁ་སང་ང་ཁྲོམ་དུ་ཙག་ཙིག་ཉོ་ཆེད་སོང་བའི་སྐབས། ཆར་བ་ཟམ་ཟིམ་ཞིག་གིས་རྐྱེན་པས་རྒྱ་གར་བའི་ཟ་ཁང་ཞིག་ཏུ་ཇ་བཏུང་དུ་སོང་། དེར་འབྲུག་གི་གྲྭ་པ་ཞིག་གིས་ཇ་བཏུང་གིན་བསྡད་འདུག་ལ་ཁོང་གིས་ལམ་སེང་ང་ཡང་ཁོང་དང་མཉམ་དུ་ཇ་བཏུང་ཤོག་ཅེས་བོས་བྱུང་། ཁོང་གིས་ཇ་བཏུང་ཚར་ནས་འགྲོ་གྲབས་འདུག་ཀྱང་། ཡང་བསྐྱར་ཇ་གཉིས་མངགས་ཞོར། ངེད་གཉིས་ཕན་ཚུན་གར་སོང་འདི་འོང་སོགས་ཀྱི་ཁ་བརྡ་བྱས།
སྐབས་དེ་ཤེད་ཅིག་ལ་འབྲུག་གི་འོས་ཤོག་བླུགས་སྟངས་དང་འབྲུག་གི་སྲིད་བློན་དུ་སུ་ཐོབ་མིན་སོགས་ཀྱི་སྐད་ཆ་བྱུང་། ད་ལོ་འོས་ཤོག་ཐོབ་མཁན་ནི་སྔ་མའི་གཞུང་འཛིན་པ་ལས་གཞན་ཞིག་ཐོབ་ཡོད་སྐད་དང་། སྔ་མའི་གཞུང་ཤོར་དོན་ནི་དེ་སྔོན་ལོ་འགའ་ཤས་རིང་རྒྱ་ནག་དང་འབྲེལ་བ་བཟང་དུ་བཏང་ཐབས་བྱས་ཡོད་པ་དང་། དེས་རྒྱ་གར་གཞུང་ལ་ཕོག་ཐུག་སོང་ཡོད་པས་ང་ཚོ་འབྲུག་རྒྱལ་ཁབ་ནི་ནམ་ཡང་རྒྱ་གར་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན་ཞེས་མང་ཚོགས་ཀྱིས་ཟེར་བཞིན་ཡོད་པ་རེད་ཟེར།
གསར་དུ་ཐོབ་མཁན་དེས་ནི་གཙོ་བོ་རྒྱ་གར་དང་འབྲེལ་བ་བྱེད་དགོས་པ་དང་ཁོང་ཚོས་དེ་ལྟར་བྱེད་རྒྱུའི་ཁས་ལེན་ཡང་བྱས་ཡོད་འདུག
ངོ་མཚར་བ་ཞིག་ལ། ངེད་ཚང་གི་མང་ཚོའི་ལམ་ལུགས་ནང་གྲྭ་པ་རེ་རེས་ཆོས་ལུགས་ཀྱི་འོས་ཞིག་དང་ཆོལ་ཁའི་འོས་ཞིག་བཅས་གཉིས་བླུགས་ཀྱི་ཡོད་པ་དང་། འབྲུག་གི་མང་གཙོའི་ལམ་ལུགས་ནང་གྲྭ་པ་དང་སྔགས་པའམ་སྒོམ་ཆེན་རིགས་ལ་འོས་བླུགས་པའི་ཐོབ་ཐང་མེད་འདུག
དེས་ན་འདི་གཉིས་ནི་བར་ཁྱད་ཧ་ཅང་ཆེ་བའི་ལུགས་གཉིས་རེད་འདུག ངས་སྐབས་དེར་གནས་དོན་འདི་ཁ་བརྡའི་དྲ་གྲོགས་ཚོ་མཉམ་དུ་བཤིབ་བསྡུར་གྱིས་བསམ་ཚུལ་བརྗེ་ལེན་ཞིག་བྱེད་འདོད་བྱུང་།