ཞོ་ར་བསྟན་དར།
སྤྱིར་ང་ཚོ་བོད་མི་རིགས་ཀྱི་ལོ་རྒྱུས་རིང་པོའི་སྤྱི་ཚོགས་འཕོ་འགྱུར་གྱི་ཁྲོད་དུ། རང་གི་ཐུན་མོང་མ་ཡིན་པའི་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་ཤེས་རིག་གསར་གཏོད་དང་། གཞུང་ལུགས་དར་སྤེལ་བཏང་སྟེ། འཚོ་བའི་བརྒྱུད་རིམ་གྱི་ནང་དུ་བོད་མིའི་གནས་བབས་དང་འབྲེལ་བའི་ཡིག་ངག་གཉིས་ཐོག་གི་རྩོམ་རིག་ཤེས་བྱའི་རྣམ་གྲངས་བརྗོད་ཀྱིས་མི་ལང་བ་ཞིག་ཡོད་ལ། དེ་དག་ཀྱང་བོད་རང་གི་ཐུན་མོང་མ་ཡིན་པའི་ལྟ་ཚུལ་དང་འདུ་ཤེས། ཡུལ་སྲོལ། གོམས་གཤིས་སོགས་ལ་མི་རིགས་གཞན་གྱི་ལེགས་ཆ་བསྡུ་ལེན་དང་། མེད་པ་རྗེས་བཟློས་ཀྱིས་ཟུར་ཆགས། གཞན་ལུགས་མཆོག་འཛིན་གྱི་རྟོག་པས་ཤན་ཤུགས་ཐེབས་པ་སོགས་ཀྱིས་བོད་མིའི་ཡུལ་གོམས་དང་། བཤད་སྲོལ་གྱི་ལུགས་ལ་མི་རིགས་གཞན་གྱི་སྲོལ་རྒྱུན་ལྟ་བས་ཁྱབ་པའང་མི་ཉུང་བ་ཞིག་ཡོད། དཔེར་ན། རྒྱ་གར་གྱི་བྷ་རུ་ཌ་ཞེས་པའི་བྱ་རྒྱལ་ཁྱུང་ཆེན་དང་། རྒྱ་ནག་གི་ལཱུང་ཞེས་པའི་གཡུ་འབྲུག་སྔོན་མོའི་བཤད་རྒྱུན་གྱི་རྟོག་བཟོའི་གཏམ་རྒྱུད་སྐོར་ལས་འཕྲོས་ཏེ་བོད་པ་རང་གི་སྲོལ་རྒྱུན་གྱི་བཤད་སྟངས་ལྟ་བུ་ཞིག་ཆགས་ཡོད།
དེས་ན་སྐབས་འདིར་བཤད་པར་བྱ་བའི་འབྲུག་ཅེས་པའི་ཐ་སྙད་ཀྱི་སྐོར་ནས་ཅུང་ཙམ་གླེང་ན།བོད་མིའི་དམངས་སྲོལ་བཤད་རྒྱུན་དུ་འཇགས་པ་ཞིག་ལ་གནས་ནས་འབྲུག་སྐད་རྒྱག་པ་དང་། གློག་འཁྲུག་པ། ཐོག་རྒྱག་པ་སོགས་ནི། གནམ་ལ་འབྲུག་ཟེར་བའི་སྲོག་ཆགས་གཟུགས་རིང་ལ་ལུས་ཡོངས་སུ་ཉ་ཁྲབ་ཀྱི་པགས་པ་ལྟ་བུའི་རི་མོ་ཡོད་པ། མགོ་ལ་རྭ་ཅོ་སྐྱེས་ཤིང་སྒལ་གཞུང་གི་རྔོག་མ་མཇུག་མའི་བར་དུ་སླེབས་པ། སྤྲིན་པར་བརྟེན་ནས་ནམ་མཁར་འགྲོ་བ། ངར་བའི་སྐད་སྒྲོག་པ། ཚ་བའི་ཐོག་འཕེན་པ། གསལ་བའི་གློག་འཁྱུག་པ། སྐབས་རེ་རྒྱ་མཚོའི་ནང་འཛུལ་ཏེ་སྡོད་ཀྱི་ཡོད་པ་དང་། ལན་རེ་ས་ཐོག་ཏུ་རྒྱུ་བ། བར་སྣང་དུ་སྒྲ་ཆེན་པོ་གྲགས་པ་དེ་ནི་འབྲུག་གི་ངར་སྐད་ཡིན་པ་དང་། སྤྲིན་གསེབ་ཏུ་གློག་འཁྱུག་པ་དེ་ནི་འབྲུག་གི་ལྕེ་བརྐྱངས་པ་ཡིན་ཚུལ་བཤད། དགུན་དུས་སུ་རྫ་གསེང་དང་རི་ཀླུང་དུ་ཕུག་པ་ཟབ་མོའི་ས་དོང་ལ་བརྟེན་ནས་སྡོད་ཅིང་། དཔྱིད་ཀྱི་དུས་སུ་སོས་ཀའི་རླུང་གིས་བསྐུལ་ནས་སའི་དྲོད་ཀྱི་རླངས་པ་དང་། སྤྲིན་དང་སྨུག་པའི་ཕུང་པོ་ལ་བརྟེན་ནས་ནམ་མཁར་འཕུར་བར་བཤད་ལ། ད་དུང་ཡ་མཚན་པ་ཞིག་ལ་འབྲུག་ཅེས་པའི་སྲོག་ཆགས་འདིའི་འབྱུང་ཁུངས་ནི་སྦྲུལ་ཡིན་པར་སྨྲ་ཞིང་། དེ་ཡང་རྫ་སྤྲུལ་དང་ནགས་སྦྲུལ་སོགས་ལོ་ངོ་སྟོང་ཕྲག་གཅིག་ལ་མིས་མ་མཐོང་བར་འཚོ་གནས་བྱེད་ཐུབ་པར་གྱུར་ན། རྐང་ལག་རྭ་ཅོ་སོགས་སྐྱེས་ནས་འབྲུག་ལ་གནས་འགྱུར་ཏེ་བར་སྣང་ལ་བསྐྱོད་པར་འདོད་ཅིང་། གནམ་ལ་འཕུར་བ་དང་གནས་འགྱུར་བའི་སྐབས་ཐོག་དེར་མིས་མཐོང་བར་གྱུར་ན་མཁར་རུ་འཕགས་པའི་བར་ཆད་དུ་གྱུར་ནས་ས་རུ་ཟགས་པ་དང་། སྲོག་ཀྱང་འཚོ་མི་ནུས་པའི་ངོ་མཚར་གྱི་གཏམ་རྒྱུད་མང་པོ་སྨྲ་རྒྱུ་ཡོད།
ཡིན་ན་ཡང་འབྲུག་ཅེས་པའི་ཐ་སྙད་འདི་ནི་སྔོན་ཨོ་རྒྱན་དང་ཞང་ཞུང་གི་ཡུལ་ལས་རང་རེའི་བོད་ལ་མཆེད་པ་ཞིག་ཡིན་ལ། ཨོ་རྒྱན་ཡུལ་ནས་གདན་དྲངས་པའི་རྫོགས་ཆེན་མན་ངག་སྡེའི་གཞུང་ཐམས་ཅད་ཀྱི་རྩ་བ། སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད་ལས། “བྱི་བ་བྱུང་དང་སྤུག་ཉིད་དང་། ། རྣ་རིང་སྦྲུལ་དང་འབྲུག་དང་ཡང་།། རྟ་དང་ལུག་དང་སྤྲེའུ་དང་།། བྱ་དང་ཁྱི་ཕག་བཅུ་གཉིས་ཀྱིས།། འབྱུང་བའི་ཅི་ས་རྣམས་སྤེལ་བའོ། །”ཞེས་དང་། དྲང་རྗེ་བཙུན་པ་གསེར་མིག་གིས་གཏེར་ལས་བཏོན་པའི་དུས་གསུམ་གཤེན་རབ་ཀྱི་འབྱུང་ཁུངས་དང་མཛད་པའི་རྒྱུད་འདུས་པ་རིན་པོ་ཆེ་གཟེར་མིག་གི་མདོ་ཞེས་བྱ་བ་ལས། “ལོ་ཡི་མགོ་བོ་བྱི་བའི་ལོ་ལ་དགོངས་ནས་གཤེགས་པ་ནི། ནན་ཏན་གྱིས་སེམས་ཅན་འདུལ་ཞིང་། ཞིབ་ཏིག་གིས་བསྟན་པ་སྤེལ་བ་ལགས་སོ།” ཞེས་གསུངས་པ་མ་ཟད། གཟི་བརྗེད་ནས་བཤད་པའི་རྒྱུའི་བོན་སྒོ་རྣམས་སུ་ས་བདག་ཀླུ་གཉན་བཅོས་ཚུལ་དང་འབྲེལ་བའི་སྐད་ཀྱི་གཅོང་རྣམ་པ་དགུ་བཤད་སྐབས། “གཡུ་འབྲུག་ངར་མའི་གཅོང་སྐད་ཀྱིས་ལྷ་གསས་དཔུང་ཚོགས་རྣམས་སྤྱན་འདྲེན་པ།” ཞེས་དང་། གཞན་ཡང་ཡེ་སྲིད་འཕྲུལ་གྱི་སྒྲ་བླ་ཁྱུང་ཆེན་རལ་ཆེན་ལས། སྒྲ་བླའི་དམག་ཚོགས་རྣམས་གྲོལ་ཚུལ་བཤད་སྐབས། “རྣ་བ་གཡས་གཡོན་ལས་སྒྲ་བླ་ངར་ཆེན་གཡུ་འབྲུག་གྲོལ་བ་དང་། །” ཞེས་པ་སོགས་ལས་འབྲུག་ཅེས་པའི་ཐ་སྙད་ཡོད་པར་མ་ཟད་“་གཡུ་འབྲུག་”ཅེས་ཁ་དོག་ཀྱང་ངེས་པར་བཟུང་ཡོད།
བོན་ཤེས་པ་ཅན་བཅུ་གཉིས་ལས་གཡང་ཤེས་ཕྱ་བོན་གྱི་སྐབས་སུ། ཀླུང་རྟ་སྟེ་དེང་དུས་རླུང་རྟ་རུ་གྲགས་པའི་སྟག་སེས་ཁྱུང་འབྲུག་རྟ་མཆོག་དང་བཅས་པའི་གཟུགས་རིས་ཀྱིས་ས་ཆུ་མེ་རླུང་ནམ་མཁའི་ཁམས་ཏེ་འབྱུང་བ་ལྔ་མཚོན་བྱེད་དད་བཤད་ལ། སྟག་ནགས་ཚལ་དུ་གནས་པས་འབྱུང་བ་ཤིང་གི་ཁམས་སམ་རླུང་གི་ཁམས་མཚོན་པ་དང་། སེང་གེ་རི་བོར་གནས་པས་་སའི་ཁམས་དང་། ཁྱུང་བར་སྣང་དུ་གནས་པའི་རྭ་ལས་མེ་འབར་བར་མེའི་ཁམས་དང་། འབྲུག་རྒྱ་མཚོ་ལ་གནས་པས་ཆུའི་ཁམས་དང་། ། ཀླུང་ནི་ཀུན་ལ་ཁྱབ་པས་ནམ་མཁའི་ཁམས་མཚོན་ཚུལ་སོགས་སྔར་གྱི་བོན་གཞུང་ཁག་ན་རྒྱས་པར་ཡོད་ལ། ནགས་ཚལ་དང་། རི་བོ་སོགས་མཚོན་དཔེར་མ་བཀོད་པར་དེ་དག་ལ་གནས་པའི་སེམས་ཅན་གྱི་གཟུགས་རིས་མཚོན་དཔེར་བཀོད་པ་འདིས། འབྲུག་ཅེས་པ་ནི་རྒྱ་མཚོར་གནས་པའི་སྲོག་ཆགས་ཤིག་ཏུ་ངེས་བཟུང་གསལ་པོ་བྱས་ཡོད།
ཕྱིས་སུ་ཆོས་ཀྱི་རྒྱལ་བོ་སྲོང་བཙན་སྒམ་པའི་དུས་ལ། བྱི་བ་དང་གླང་། སྟག ཡོས། འབྲུག་སོགས་ལོ་སྐོར་བཅུ་གཉིས་པོ་འབྱུང་བ་ལྔ་དང་བསྡེབས་ཚུལ། སྤར་ཁ་སྨེ་བའི་གླིང་སྐོར་སོགས་རྒྱ་ནག་གི་འབྱུང་རྩིས་དང་། བཟོ་རིས་སྒྱུ་རྩལ་གྱི་ལེགས་ཆ་མང་པོ་བོད་དུ་དྲངས་པ་ནས་བཟུང་། འབྲུག་ཅེས་པའི་སྲོག་ཆགས་འདིའི་གཟུགས་རིས་བྱེད་ལས་ལ་སོགས་པའི་རྟོག་བཏགས་ཀྱི་སྒྲུང་གཏམ་མང་པོ་ཡང་རང་རེའི་སྒོ་གསུམ་གྱི་ལས་ལ་འབད་མད་དུ་འཇགས། དེ་ཡང་གནའ་བོའི་རྒྱ་ནག་པ་དག་གིས་འབྲུག་དང་ཁྱུང་ནི་རང་གི་རིགས་རྒྱུད་ཀྱི་སྐྱེས་ཁུངས་ལ་འབྲེལ་བ་ཡོད་པར་འདོད་ལ། ནུབ་ཕྱོགས་ཡན་ཧོང་ཚོགས་པའི་སྦྲུལ་གྱི་རྒྱུད་མཚོན་རི་མོ་དང་ཤར་ཕྱོགས་ཡེ་བྱ་བའི་མིའི་ཚོགས་པས་བྱའི་རྒྱུད་མཚོན་རི་མོ་གཉིས་དར་ཆའི་སྟེང་དུ་ཕབ་ནས་རང་རང་གི་རིགས་རྒྱུད་མཚོན་རིས་སུ་འཛིན་པའི་སྲོལ་བྱུང་། ཕྱིས་སྦྲུལ་དང་བྱ་གཉིས་འབྲུག་དང་ཁྱུང་གི་གཟུགས་རིས་སུ་གནས་འགྱུར་ཞིང་རིམ་བཞིན་ཤར་ནུབ་ཀྱི་རིགས་རྒྱུད་ཆེན་པོ་གཉིས་རྒྱ་ནག་ཡུལ་དབུས་ཀྱི་མི་རིགས་གཅིག་ཏུ་གྱུར་ཚུལ་སོགས་རྒྱའི་ཡིག་ཚང་དུ་གསལ་ལ། རང་རེའི་བོད་ནི་སྤྲེའུ་བྲག་སྲིན་གྱི་རྒྱུད་ལས་འཕེལ་བས་ལོ་རྒྱུས་ལས་སྤྲེའུ་རྒྱུད་མཚོན་རི་མོར་ཕབ་ནས། མཆོད་གཟོས་བཀུར་བསྟི་བྱེད་པའི་ལུགས་སྲོལ་བྱུང་མེད།
སྔོན་ཆད་རྒྱ་ནག་མ་ཟད་འཛམ་གླིང་གི་རྒྱལ་ཁམས་མང་བོར་སོ་སོའི་རིགས་རྒྱུད་མཚོན་པའི་རི་མོ་སྡེ་དབྱིན་ཏིའན་མི་རིགས་ཀྱིས་(Totem) ཞེས་པ་འདི་ཉིད་དར་ཆེ་ལ། གནའ་བོའི་ཨེ་ཇིབ་(Egypt)ལ་མཚོན་ནའང་སེངྒེའི་ལུས་ལ་བུད་མེད་ཀྱི་མགོ་ཅན་དང་། མིའི་ལུས་ལ་སྲོག་ཆགས་ཀྱི་མགོ་ཅན་སོགས་སེམས་ཅན་གྱི་གཟུགས་བརྙན་སྣ་ཚོགས་ཡོད་ཅིང། གཞན་པ་པིས་ལུན་དང་ཀེ་རི་སེ་(Greece) རྒྱལ་ཁབ་སོགས་སུ་ཡང་ཁོ་ཚོའི་རིགས་རྒྱུད་མཚོན་པའི་མི་མིན་ཟོག་མིན་གྱི་གཟུགས་བརྙན་སྣ་ཚོགས་ཡོད།
དེ་ལྟར་གནའ་བོའི་རྒྱ་ནག་པ་དག་གིས་ཁོང་རྣམས་འབྲུག་ཡིན་པར་འདོད་ཅིང་། རྒྱུད་མཚོན་རི་མོ་སྟེ་འབྲུག་རིས་ལ་མཆོད་བསྟོད་བཀུར་བསྟིས་བསྟེན་པ་བླ་ན་མེད་པ་བསྟེན་སྲོལ་ཆགས་ཡོད་པ་མ་ཟད། རྒྱ་ནག་གོང་མ་རྣམས་ཀྱི་དངོས་ཆས་ཀྱི་རིགས་ལའང་འབྲུག་གི་ཐ་སྙད་སྦྱར་ཞིང་། བྱོན་གོས་ལ་འབྲུག་ཆས་དང་། གཟིམས་ཁྲི་ལ་འབྲུག་ཁྲི་སོགས་སུ་བརྗོད་ལ། རྒྱ་ནག་གོང་མའི་བཞུགས་ཁྲི་དང་རྒྱལ་བློན་དག་གི་གྱོན་ཆས། ཕོ་བྲང་དང་ཚོམས་ཁང་གི་ཀ་བ། གནམ་རྒྱན། བན་རིས། སྒོ་གླེགས་སོགས་ཀྱི་མཚོན་དངོས་རྫས་ཡོ་ཆས་ཀྱི་སྟེང་ཚུན་ཆད་དུ་འབྲུག་རིས་ཀྱི་རི་མོ་སྣ་ཚོགས་བཀོད་ནས་དེ་ལ་བརྩི་མཐོང་བྱེད། ད་དུང་གནམ་ནས་འབྲུག་གི་སྒྲ་གྲགས་ན་ས་ནས་རྨ་བྱར་མངལ་སྦྲུམ་པའི་ངག་རྒྱུན་གྱི་གཏམ་ལ་སྦྱར་ཏེ་ཕོ་མོ་གཉེན་བསྡེབས་དང་། དགའ་རོགས་ཕན་ཚུན་གྱི་ལེགས་སྐྱེས་སོགས་རྫས་རིགས་གང་ཡོད་ཀྱི་སྟེང་དུ་རྨ་འབྲུག་ཁ་སྤྲོད་ཀྱི་རི་མོ་ཕབ་ཅིང་། གཞན་རྒྱལ་བོ་དང་བཙུན་མོའི་མཚོན་རྟགས་ལའང་འབྲུག་དང་རྨ་བྱའི་གཟུགས་རིས་བྱེད།
རྒྱ་བོད་ཕན་ཚུན་འབྲེལ་ལམ་བྱུང་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད། ཁྱིམ་མཚེས་རྒྱ་ནག་གི་སྲོལ་རྒྱུན་ལས་མཚེད་པའི་རྣམ་རྟོག་གི་རླུང་ཡན་བོད་ཡུལ་དུ་ལྡང་སྟེ། གཟུགས་གཞི་རིང་ལ་ཁ་དོག་ལྗང་དུ།། མགོ་ལ་ཤ་བའི་རྭ་ལག་དང་མཚུངས་བའི་རྭ་ཅོ་སྐྱེས་པ། མིག་འབུར་ལ་མཆེ་བ་གཙིགས་པ། རྐང་ལག་བཞི་ལ་སྡེར་མོ་ལྡན་པ། ལུས་སྟེང་དུ་ཉ་ཁྲབ་ཀྱི་པགས་པ་ལྟ་བུའི་ལྟེབ་བརྩེགས་ཀྱི་རི་མོ་གསལ་བ། རླུང་ལ་བརྟེན་ནས་གནམ་ལ་འཕུར་བ་དང་སྤྲིན་པར་བརྟེན་ནས་ནམ་མཁར་སྔོང་པ། སྐད་སྒྲ་ཆེ་ལ་སྐྲ་གསེང་དང་སྒལ་གཞུང་གི་རྔོག་མ། རྐང་ལག་རྭ་རྩེ་སོགས་ནས་གློག་འཁྱུང་པའི་ཡ་མཚན་ལ་རྒོད་བྲོ་བའི་ངེས་མེད་གཏམ་རྒྱུད་སྙན་པོ་འདིའི་ཤན་ཤུགས་ཀྱང་བོད་ཡུལ་ལ་ཐེབས་ཏེ། དཔེར་ན། མདོ་སྨད་ཀྱི་ཡུལ་དུ་གཞོན་ནུ་ཕོ་མོ་ཁག་གིས་ཕན་ཚུན་ལ་མཛའ་གཞས་ལེན་སྐབས་སྐྱེས་པས། “བུ་ངེད་ཚོ་ཕོ་ཆུང་འབྲུག་རེད། མ་ཁྱེད་ཚོ་རྨ་བྱའི་སྒྲོ་བྱས།” ཞེས་པར་བུད་མེད་ཀྱིས། “འབྲུག་ཕོ་ཆུང་ལྷང་ལྷང་གྲགས་ན།། བྱ་རྨ་བྱའི་སྒྲོ་གུར་ལོས་ཕུབ།།” ཅེས་དང་།
གཞན་ཡང་བུད་མེད་ཀྱིས། “དགུང་ཨ་སྔོན་གང་གི་གང་རེད།། ཡུན་རིང་བོར་འབྲུག་ལ་མ་ཐུག། དབྱར་དྲུག་པའི་ཆར་སྤྲིན་ཐོན་ནས།། འབྲུག་ལྗང་ལོའི་སྐད་ཆ་དྲིས་དུས།། ལྗང་ཏིག་གེར་འཚམ་རབས་བཤད་ཀི། ལྗང་ཏིག་གེར་འབྲུག་ཆུང་འཚམ་ན།། བྱ་རྨ་བྱའི་སེམས་ཀྱི་སྐྱིད་རེད།།”ཞེས་པར་སྐྱེས་པས། “དགུང་ཨ་སྔོན་གང་གི་གང་རིང་རེད།། ཡུན་རིང་གི་བསམ་པའི་མ་འཛིན་དང་།། འབྲུག་ལྗང་ལོ་ཡུལ་གྱི་གཤོག་ཐོགས་རེད།། ཆར་དལ་གྱིས་ཕབ་ལ་བྲེལ་གྱིས་འོང་།།”ཞེས་པ་སོགས་མཛའ་གཞས་དང་། “གནམ་དང་སྤྲིནན་པའི་བར་ལ།། འབྲུག་གི་འབྲུག་ཚང་བསགས་བཞག། རྒོད་པོ་གཤོག་རྩལ་ཡོད་ན།། འབྲུག་གི་སྒོ་ང་ལེན་ཤོག། ཞེས་པའི་དམངས། ད་དུང་། “དགུང་ལ་ཡོད་པ་འབྲུག་རེད།། འབྲུག་ལ་མཁོ་བ་ཆར་རེད།། ཆར་ཡོད་ན་འབྲུག་གི་རྒྱན་རེད།།”ཞེས་བར། “ཕོ་ཆུང་འབྲུག་དང་ངེད་གཉིས་ཀའི། རང་ལུས་ཆུ་འཛིན་ནོར་བུ་ཡིན། ཆར་བསིལ་མ་རང་བྱུང་བདུད་རྩི་ཡིན།། ཆར་ཇི་ལྟར་བབས་རུང་རང་དབང་ཡིན།།”ཞེས་པ་སོགས་ལ་ཤགས་དང་།
གཞན་ཡང་གླུ་ཤགས་འགྱེད་དུས་གཅིག་གིས།། “ལྷོ་གཡུ་འབྲུག་སྔོན་མོའི་མཚོན་གསུམ་ཡོད།། ཁྱོད་གླུ་བས་བཤད་ན་ཅི་ཞིག་ཡིན།།” ཞེས་དྲིས་པར་ཅིག་ཤོས་ཀྱིས།། “ལྷོ་གཡུ་འབྲུག་སྔོན་མོའི་མཚོན་གསུམ་པོ། ཐོག་དང་གློག་དང་སེར་བ་གསུམ། །” ཅེས་པས་ལན་འདེབས་པ་དང་། གཞན་ཡང་གཉེན་བཤད་བག་སྟོན་གྱི་དུས་སུ། “ཐོག་དང་པོ་གནམ་ས་གཉིས་ལ་གཉེན་དར་ཟིག། ལྷོ་གཡུ་འབྲུག་སྔོན་མོ་བག་མར་ཟོང་ཟིག ནུབ་རྨ་བྱ་སྔོན་མོ་མག་པ་བྱས་ཟིག བར་བ་བྱ་རྒྱལ་ཁྱུང་གིས་བྱས་ཟིག”ཞེས་དང་། “དགྲ་ཁ་བཙན་ཆེ་ན་འགྲིག་རྟགས། ། འབྲུག་ངར་སྐད་ཆེན་ཐང་རྟགས།”ཞེས་དང་། “ཚིག་ལ་རྩ་བ་མེད་ལ་སེམས་སྡུག་ལ་གཏད། འབྲུག་ལ་གཤོག་པ་མེད་ལ་ནམ་མཁའ་འུར་ལ་བསྐྱལ། །”ཅེས་པ་སོགས་བོད་དམངས་ཁྲོད་ཀྱི་གླུ་གཞས་དང་ལ་གཞས། གནའ་གཏམ། རོགས་འཐེན། གཉེན་བཤད། འབེལ་གཏམ་སྟོན་བཤད། གཏམ་དཔེ་སོགས་འཚོ་བའི་རྒྱན་གོམས་ཀྱི་ཤེས་བྱའི་སྟེང་ན་འང་འབྲུག་གི་ཐ་སྙད་དང་འབྲལ་མེད་དུ་གནས་ཡོད་ཅིང་། ད་དུང་གནའ་དུས་སུ་ལྷོ་མོན་ཁག་བཞིར་འབོད་ཅིང་དེང་དུས་(Bhutan)འབྲུག་ཅེས་པའི་ཡུལ་ཁམས་འདི་ལ་ཡང་རིམ་བཞིན་ཁྱབ་འཕེལ་བྱུང་ཡོད།
དེ་ཡང་རབ་བྱུང་གསུམ་པའི་ཤིང་གླང་(ཕྱི་ལོ་༡༣༠༥) ལོར་བཀའ་བརྒྱུད་པའི་ཆོས་རྗེ་དམ་པ་གཙང་པ་རྒྱ་རེས་ཡེ་ཤེས་རྡོ་རྗེས་སྐྱིད་སྨད་གནམ་གྱི་ཕུར་དགོན་སྡེ་ཕྱག་འདེབས་གསར་འཛུགས་བསྐྱངས་སྐབས་འབྲུག་སྐད་དྲག་པོ་ཐེངས་གསུམ་བསྒྲགས་པས་(ལོ་རྒྱུས་རེ་འགར་འབྲུག་མ་སྨད་དགུ་གནམ་དུ་འཕྱོང་ཀྱང་ཟེར།)རྟེན་འབྲེལ་ལ་བརྟེན་ནས་འབྲུག་དགོན་པ་ཞེས་པའི་མཚན་ཐོགས། བཀའ་བརྒྱུད་པའི་ནང་གསེས་འབྲུག་པ་བཀའ་བརྒྱུད་ཅེས་པའི་གྲུབ་མཐའི་མཚན་ཆགས་པ་མ་ཟད། ཆོས་བརྒྱུད་འདི་འཛིན་པ་ཐམས་ཅད་ཀྱི་རྩ་བའི་གདན་ས་མཐར་ཐུག་ཏུ་གྱུར་བས། ལྷོ་མོན་ཁག་བཞིར་འབོད་པའི་ཡུལ་ཁམས་ལ་འབྲུག་པ་བཀའ་བརྒྱུད་ཀྱི་་གྲུབ་མཐའ་ཤུགས་ཆེར་དར་བས་གྲུབ་མཐའི་མཚན་ཡུལ་ལ་ཐོགས་ཏེ་འབྲུག་དང་། ཡུལ་འདིར་གནས་པའི་མི་ལ་འབྲུག་པ་རུ་འབོད་ཅིང་། དཔའ་ལྡན་འབྲུག་པ་ཕྱོགས་ལས་རྣམ་རྒྱལ་གྱི་གཞུང་གི་རྒྱལ་རྟགས་ལའང་། དབུས་རྡོ་རྗེ་རྒྱ་གྲམ་གྱི་མཐར་གཡུ་འབྲུག་ཁ་སྤྲོད་ཀྱི་་ལག་ཏུ་ནོར་བུ་དྲུག་སྤུངས་བཏེགས་པའི་མཚན་མས་རྒྱས་འདེབས་བྱས་ཡོད་ལ། དགོན་སྡེ་ཡུལ་གྲོང་སོགས་ད་ལྟའང་འབྲུག་རིས་ཀྱི་མཚོན་རྟགས་གང་སར་ཁྱབ་ཡོད།
དེ་ལྟར་གནའ་བོའི་ཞང་ཞུང་གི་བོན་ཆོས་དང་རྒྱ་ནག་གི་ལུགས་སྲོལ་ལས་བསྐྱེད་པའི་རྣམ་རྟོག་གི་ཁྲོད་དུ། ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་ལྷག་པར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་བོད་ཡུལ་འདིར་ནང་པའི་བསྟན་པ་རིན་པོ་ཆེ་དར་སྤེལ་མཛད་པ་ནས་བཟུང་། འབྲུག་ཅེས་པའི་ཐ་སྙད་དང་། སྐད། གློག་དམར་འཁྱུག་པ་སོགས་ལ་དངོས་པོའི་ཆོས་ཉིད་དང་མཐུན་པའི་འགྲེལ་བཤད་རྣལ་མ་བསྐྱོན་ཡོད།
དེ་ཡང་དུས་རབས་དགུ་བའི་འགོར་བོད་ཀྱི་རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་འཛིང་ཡོན་གྱི་དུས་སྐབས་སུ་བོད་ཀྱི་ལོ་ཙཱ་བ་ཞང་ཡེ་ཤེས་སྡེ་དང་། རྒྱ་གར་གྱི་པཎཊི་ཏ་ཛི་ན་མི་ཏྲ་གཉིས་ཀྱིས་བོད་དུ་བསྒྱུར་བའི་འཇིག་རྟེན་གདགས་པ་ཞེས་པའི་བསྟན་བཅོས་ལས། “ཅིའི་ཕྱིར་འབྲུག་ཅེས་བྱ་ཞེ་ན། སྨྲས་པ། ཕྱོགས་གཉིས་ནས་རླུང་ཆེན་པོ་དག་ལྡང་སྟེ་དེ་དག་བརྡབས་པ་ལས་སྒྲ་འབྱུང་སྟེ། རྒྱུ་དེས་ན་འབྲུག་ཟེར་རོ།” ཞེས་དང་། ཡང་དེ་ཉིད་ལས། “ཅིའི་ཕྱིར་གློག་འབྱུང་ཞེ་ན། སྨྲས་པ། ཕྱོགས་གཉིས་ནས་རླུང་ཤིན་ཏུ་ཆེ་བ་དག་ལྡང་སྟེ། དེ་དག་ཕན་ཚུན་ཐུག་པ་ལས་གློག་འབྱུང་སྟེ། རྒྱུ་དེས་ན་གློག་འབྱུང་ངོ་།” ཞེས་དང་།
ད་དུང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་སྐབས་སུ་གུ་རུ་པདྨ་འབྱུང་གནས་ཀྱིས་གསུང་བའི་རྒྱལ་བོ་བཀའ་ཐང་ལས། “མཚོ་ཡི་རླངས་པས་མཁའ་ལ་སྤྲིན་དུ་ཆགསཿ དེ་ཉིད་འཐབ་པས་མཁའ་ལ་འབྲུག་སྒྲ་སྒྲོགསཿ དྲག་ཅིང་ངར་ན་གནམ་ལྕགས་ཐོག་ཏུ་འབབཿ དཔེར་ན་མེ་ལྕགས་རྡོ་ལ་བརྡབས་པ་བཞིནཿ བར་ནས་མེ་དང་རིན་ཆེན་འོད་ཟེར་འཕྲོཿ” ཞེས་སོགས་གསལ་བར་གསུང་ཞིང་། གཞན་ཡང་། “དཔེ་བར་སྣང་སྟོང་བའི་གློག་སྒྲ་དེ།། བྱུང་བ་ཡང་ནམ་མཁའ་རང་ལས་བྱུང་།། ཐིམ་པ་ཡང་ནམ་མཁའ་རང་ལ་ཐིམ། །” ཞེས་སོགས་ནང་པའི་ཆོས་བརྒྱུད་ཁག་ན་ཆོས་ཅན་གྱི་སྣང་བ་ཆོས་ཉིད་ཀྱི་དབྱིངས་སུ་ཐིམ་ཚུལ་གྱི་མཐུན་དཔེར་བཀོད་ཅིང་། དེ་ནི་བར་སྣང་གི་སྲོག་ཆགས་ཤིག་གི་སྒྲ་མ་ཡིན་པར་འབྱུང་བ་ཚ་གྲང་འཐབ་པའི་གློག་སྒྲ་ལ་ངོས་བཟུང་བྱས་ཡོད།
དབྱར་དུས་སུ་སའི་དྲོད་ཚད་མཐོ་བའི་རྐྱེན་གྱིས་མཚོ་རུ་རླངས་པར་འགྱུར་ཞིང་། མཚོ་རླངས་མཁར་རུ་ཆགས་པ་ལ་བརྟེན་ནས་སྤྲན་པ་བྱུང་། སྤྲིན་གྱི་ནང་དུ་མཁའ་རླུང་ཚ་གྲང་གཉིས་ཕན་ཚུན་འཐབ་པ་ལ་བརྟེན་ནས་འོད་འཕྲོ་བ་དེ་ལ་གློག་ཅེས་བརྗོད་པ་དང་། མཁའ་རླུང་ཚ་གྲང་བརྡབས་པའི་གློག་གི་སྐད་སྒྲ་སྒྲོག་པ་དེ་ལ་འབྲུག་ཅེས་བརྗོད་ཚུལ་གསལ་བར་བསྟན་ཡོད་པས། དེང་དུས་ཚན་རིག་གིས་བརྗོད་ཚུལ་དང་ཁྱད་པར་གཏན་ནས་མཆིས་ལ། རང་རེའི་ཆོས་ཀྱི་འབྱུང་ཁུངས་རྒྱ་གར་བ་རྣམས་ཀྱི་དམངས་སྲོལ་དུའང་། འབྲུག་ཅེས་པ་ནི་བིངཡུཏ་གྷཱོཥ་ཞེས་གློག་སྐད་དམ་གློག་གི་ངར་སྒྲ་ཞེས་པ་ལ་གོ་ཞིང་། ཐོག་ཅེས་པའང་བཛར྄ར་གྷཱོཥ་སྟེ་རྡོ་རྗེ་ལྷུང་བ་སྟེ་གློག་འབབ་པ་ལ་ཟེར།
དེ་བཞིན་འཆི་མེད་མཛོད་སོགས་མངོན་བརྗོད་ཀྱི་སྐབས་རྣམས་སུ། “འབྲུག་སྐད་ནི་ནམ་མཁའི་སྤྲིན་གྱི་གློག་འཐབ་པའི་སྒྲ་དྲག་པོ།” ཞེས་དང་། “འབྲུག་སྒྲ་ནི་སྤྲིན་སྒྲ་དང་། འབྲུག་སྒྲ་ལྡིར་བ་ནི་སྤྲིན་སྒྲ་ལྡིར་བ།” ཞེས་དང་། “གློག་ཅན་ནི་ཆར་བའི་སྤྲིན་པ།” ཞེས་སོགས་དང་། ཐོག་གི་དོན་ཡང་བརྡ་དག་ཀུན་གསལ་མེ་ལོང་ལས། “གནམ་ནས་གློག་འབབ་པ།”ཞེས། དངོས་པོའི་རང་མཚན་གྱི་དེ་ཉིད་གསལ་བོར་བརྗོད་ཡོད།
གཞན་བྲམ་ཟེ་རིག་བྱེད་པ་དག་གིས་རིག་བྱེད་ཀྱི་གཏམ་རྒྱུད་དང་སྦྱར་ཏེ་ཐོག་ལ་བརྒྱ་བྱིན་རྡོ་རྗེ་དང་གནམ་ལྕགས་སོགས་སུ་འབོད་པའང་གློག་གི་ནུས་པ་ལ་ཕྱོགས་པར་མངོན་ཞིང་། རང་རེའི་བོད་ཡུལ་དུའང་གུ་རུ་ཨོ་རྒྱན་ཆེན་པོས་ལྷ་བསང་རྒྱགས་བརྔན་ཆེན་མོར། “བསང་གི་རྒྱུ་བྱུང་གང་ནས་བྱུང་།། བསང་གི་རྒྱུ་བྱུང་གནམ་ནས་བྱུང་།། ཕ་གནམ་ལ་འབྲུག་ཆེན་ལྡར་མ་ལྡིར།། མ་ས་ལ་གློག་ཆེན་གྱ་མ་གྱུ།།” ཞེས་གསུང་པ་ཅི་ཡིན་ཞེ་ན། དེ་ནི་སྐབས་དེའི་བོན་གཞུང་གི་དགོས་མཁོ་ལྡན་པའི་ཆོ་ག་ཁག་ལ་སྒོ་བསྟུན་ཏེ་གློག་སྐད་ཀྱི་དོད་ལ་འབྲུག་གི་ཐ་སྙད་རང་སོར་བཞག་པ་མ་ཟད། ད་དུང་སློབ་དཔོན་ཆེན་པོས་བོད་ཡུལ་དུ་གསང་ཆེན་རྡོ་རྗེ་ཐེག་པ་ཁྱབ་སྤེལ་གནང་དུས། བོད་འབངས་ཀྱི་དགོས་ཆེད་ལ་དགོངས་ནས། ལྷ་བསང་གི་གཞུང་རྒྱགས་བརྔན་ཆེན་མོ་དང་། བླ་བསླུ། བླ་འགུགས། གཡང་སྐྱབས་དང་གཡང་འགུགས། གླུད་མདོས། འདར་གྱི་རིགས། རྩིས་ཀྱི་གཏོ་སྣ་ཚོགས་པ་སོགས་ནང་པའི་ཆོས་ཀྱི་ཚིངས་སུ་བཅིངས་ནས་སྤེལ་འབར་མཛད་ཅིང་། དེ་དག་གི་གཞུང་མང་པོ་ཟབ་གཏེར་དུ་བཞག་པ་ཕྱིས་ཀྱི་གཏེར་སྟོན་རྣམས་ཀྱིས་གཏེར་བཞེས་གནང་བའི་རིགས་དེང་དུས་རང་རེའི་གྲུབ་མཐའ་ཚང་མའི་ནང་དུ་ཁྱབ་ཡོད་པ་འདི་དག་གིས་ཀྱང་གསལ་བོར་མཚོན་ཐུབ།
ཕྱིས་སུ་བོད་མིའི་ངག་རྒྱུན་གྱི་ཁྲོད་ནས་ཀྱང་འབྲུག་ཅེས་པ་བར་སྣང་ན་རྒྱུ་བའི་སྲོག་ཆགས་དེ་ནི་དམ་ཅན་གྱི་ཆིབས་པ་ཡིན་པར་སྨྲ་ཞིང་། འབྲུག་སྐད་ལྡིར་བ་ནི་དམ་ཅན་འགར་བ་ནག་པོས་འབྲུག་གི་རྭ་བར་ནས་འགར་བྱེད་བཞིན་པའི་ཐོ་ལྕགས་བརྡབས་པའི་སྐད་སྒྲ་དང་། གློག་འཁྱུག་པ་ནི་ཐོ་ལྕགས་བརྡབས་པའི་སྲུབ་ཀ་ལས་མཆེད་པའི་མེ་སྟག ཐོག་ནི་ཐོ་བ་བརྡབས་པའི་རྣོ་ལྕགས་ཀྱི་དུམ་དྲུག་ས་ལ་ཟགས་པར་བཤད་ཚུལ་ཡོད་ལ། གཞན་ཡང་འབྲུག་སྐད་རྒྱག་པ་དང་། གློག་འཁྱུག་པ། ཐོག་འབབ་པ་དག་ནི་ལྷ་མ་སྲིན་དྲེགས་པ་སྡེ་བརྒྱད་ཀྱི་ཆོ་འཕྲུལ་དུ་ངོས་འཛིན་བྱེད་པ་དང་། བོད་སྐྱོང་བསྟན་མ་བཅུ་གཉིས་ཀྱི་ནང་ཚན་བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ་དང་། ཚེ་རིང་མཆེད་ལྔའི་ནང་ཚན་གཏད་དཀར་འགྲོ་བཟང་མ་སོགས་ཀྱི་ཆིབས་པ་གཡུ་འབྲུག་ཡིན་ཚུལ་གྱི་བན་བོན་དམངས་སྲོལ་སྐྱ་འཐབ་པའི་འདོད་གསོལ་གསར་བ་ཁག་ཀྱང་རིམ་བཞིན་འཕེལ་བར་སྣང་སྟེ། བོན་གྱི་ཆོས་ལུགས་དང་རྒྱ་ནག་གི་སྲོལ་ལུགས་ལས་རྟོག་པའི་ཡལ་འདབ་ཆེ་ཆེར་རྒྱས་ཏེ་བོད་པའི་དམངས་ཁྲོད་དུའང་འབྲུག་ཅེས་པའི་སྲོག་ཆགས་འདིའི་འདུ་ཤེས་གསོན་བཟུང་གིས། བོད་སྡོད་སྨད་བར་གསུམ་གྱི་ཡུལ་མིའི་ངག་སྒོ་ན་མཚོ་དང་མཚེའུ་ལས་སྨུག་པ་དང་ལྷན་དུ་ནམ་མཁར་འཕུར་བ་དང་། འཚུབ་རླུང་དང་འགྲོགས་ནས་ས་ལ་འབབ་པ། སྐབས་རེར་རྫ་མགོར་སྤྲིན་ནག་འཁྲིགས་དུས་སྤྲིན་གསེབ་ནས་འབྲུག་གི་མཇུག་མ་ཁྲ་ཤར་རེ་བསྣར་ཏེ་བསྐུལ་བའི་ཚེ་ཆར་རླུང་འདྲེས་མ་རྒྱག་པ་སོགས། འབྲུག་དངོས་སུ་མཐོང་མྱོང་ཡོད་པའི་ལྟར་སྣང་གི་རྒྱུ་མཚན་དཔང་བཞག་གིས་བཤད་མཁན་མང་ནའང་། དོན་དུ་རླུང་འཚུབ་འཁོར་བ་སྟེ་ཡུལ་མིའི་ངག་རྒྱུན་དུ་འདྲེ་རླུང་ཞེས་འབོད་པའི་འཚུབ་སྐོར་ཆེན་པོས་ས་རྡུལ་དང་སྤྲིན་པ་དཀྲིགས་པའི་གཟུགས་རིས་ཀྱི་སྟངས་སྟབས་འབྲུག་ལ་འཁྲུལ་ནས། མདོ་དབུས་མཐོ་སྒང་གི་ཡུལ་གྲུ་ཀུན་ན་རྒྱང་རིང་གི་འཚུབ་སྐོར་མཐོང་བ་ལ་འབྲུག་བསྣར་བའི་ཐ་སྙད་འབྱམས་པ་མ་ཟད། འབྲོག་ཕྱོགས་སུ་སྦྲ་དང་དངོས་ཆས་འཚུབ་རླུང་གིས་དྲངས་པར་འབྲུག་གིས་འཁྱེར་བར་འདོད་ལ། འཚུབ་སྐོར་ཤུགས་ཆེར་འཁོར་ཏེ་མཚོ་དང་མཚེའུའི་ཆུ་ཞགས་གནམ་དུ་དྲངས་པ་ལ་འབྲུག་གིས་ཆུ་འཐུང་བའི་བཤད་རྒྱུན་འཇགས་ཡོད།
དེ་ལྟར་ཕྱི་ལོ་༡༩༤༠ལོའི་དབྱར་དུས་སུ་ར་ཤི་ཡའི་མངའ་སྡེ་ཀོར་ཅི་བྱ་བར་མཁའ་ལས་དངུལ་སྒོར་བབས་པ་དང་། ཕྱི་ལོ་༡༩༦༠ ལོའི་ཟླ་གསུམ་པའི་ཚེས་གཅིག་ཉིན་ཕ་རན་སིའི་ཐོའུ་ལུན་ས་ཁུལ་དུ་མཁའ་དབྱིངས་ནས་སྦལ་བ་བབས་པ། ཕྱི་ལོ་༡༩༤༩ ལོའི་དབྱར་དུས་ཞི་ལན་གསར་བའི་ས་ཆ་ཞིག་ཏུ་ཉ་མང་པོ་བབས་པ་སོགས་ལ་གནམ་གཤིས་ཚན་རིག་པས་བརྟག་དཔྱད་བརྒྱུད་དེ་རླུང་ནག་འཚུབ་མ་དང་རྒྱ་མཚོའི་རླུང་དམར་གལུགས་པ་ལས་བྱུང་བར་བཤད་ལ། དེ་ཡང་རླུང་ནག་འཚུབ་སྐོར་གྱིས་ས་གནས་གང་རུང་གི་དངོས་རྫས་རྣམས་མཁའ་ལ་དྲངས་ཏེ་ས་གནས་གཞན་དུ་ལྷུང་བའི་འགྲེལ་བརྗོད་བྱས་ཡོད་པ་ལྟ་བུ་ཡིན།
དེས་ན་བཀའ་བློན་ཞྭ་སྒབ་པས་སྲིད་དོན་རྒྱལ་རབས་ལས། “ཉེ་དུས་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ཐེག་མཆོག་བསྟན་པའི་རྒྱལ་མཚན་ལ་བཀའ་འདྲི་ཞུས་པར། རྫ་སྟོད་ཁུལ་ལ་རྒྱང་རིང་པོར་སྨུག་པ་དང་མཉམ་དུ་འབྲུག་གཅིག་ས་ལ་བབས་པ་དང་། གཅིག་ནམ་མཁར་འགྲོ་བ་དུས་གཅིག་ལ་གཟིགས་མྱོང་བ་མ་ཟད། རིན་པོ་ཆེ་རང་གི་ཡབ་དེས་དབྱར་ཐན་པ་ཆེ་སྐབས་ཤིག་ཁྱིམ་གྱི་ཆུ་གསོག་ཟངས་ཆེན་ནང་འབྲུག་གཟུགས་ཆུང་མཐེ་བོང་ཙམ་ཞིག་བསྔད་པ་གཟིགས་ཤིང་། དེ་འབྱུང་བ་དང་འཐབ་སྟེ་སྐད་ཅིག་ལ་འུར་སྒྲ་དང་བཅས་ནམ་མཁར་འཕགས་འགྲོ་བ་གཟིགས་པ་རེད་ཅེས་དང་། དེས་མ་ཚད་རིན་པོ་ཆེའི་ཡབ་ལ་འཇུ་མི་ཕམ་རིན་པོ་ཆེས་ཀྱང་། རྒྱུགས་ཆུ་ཆུང་ཆུང་ཞིག་ནང་། དེང་དུས་རི་མོར་བྲིས་པ་ལྟར་གྱི་བཟོ་དབྱིབས་ཀུན་ཚང་བ་ལ་ཆེ་ཆུང་ཚོན་གང་ཙམ་བྱས་པའི་འབྲུག་ཅིག་བསྡད་འདུག་པ། དེར་ཉིན་མོ་བྱིས་པ་དག་གིས་གནོད་པ་བྱས་དོགས་སྲུངས་སྐྱོབས་གནང་སྟེ་ཆུ་ཁ་རང་ལ་བཞག་པ་དགོང་མཚམས་ཁོ་གཟུགས་ལྡབ་གཅིག་ཙམ་ཆེ་རུ་ཕྱིན་འདུག མཚན་མོ་འུར་སྒྲ་དང་བཅས་ནམ་མཁར་ཕྱིན་པའི་ལོ་རྒྱུས་གསུང་འདུག
འབྲུག་ནི་འབྱུང་བའི་རང་བཞིན་ཞིག་ལ་བརྟེན་ཆེ་ཆུང་སྐད་ཅིག་མ་གཅིག་ལ་སྤྲུལ་འགྱུར་ཐུབ་པ་ཡིན་ཚོད་འདུག ཅེས་ང་རང་ལ་དངོས་སུ་གསུངས།” ཞེས་སོགས་བཀོད་ཡོད་པ་གང་ཡིན་ཞེ་ན། དེ་ནི་དམ་པའི་སྐྱེས་བུ་དག་པ་ཅན་རྣམས་ཀྱི་ངོར་སྐལ་གཟིགས་སྣང་ཐུན་མོང་མ་ཡིན་པ་ཞིག་ཡིན་ན་ལས། མཁའ་ལ་བདྨོ་མི་སྐྱེ་བའི་རྣམ་གཞག་སྤྱི་བཏང་ལྟར་བྱེད་ཚེ། འབྲུག་ཅེས་པའི་བར་སྣང་དུ་གནས་སྡོད་བྱེད་པའི་སྲོག་ཆགས་ཤིག་ཀྱང་ངེས་པར་མི་རུང་བ་ཞིག་གོ།
ལར་རང་ཅག་གི་རྣ་བ་ངོ་མཚར་གྱི་གཏམ་ལ་འཇགས་པའི་རྐྱེན་གྱིས་དོན་མེད་ཚིག་པ་ཟ་བའི་རྣམ་རྟོག་གི་ཀློང་དུ་འཕྱན་པར་མི་བྱ་སྟེ། ཐོག་མར་བོན་པོ་རྣམས་ཀྱི་གཞུང་ལས་འབྲུག་གི་ཐ་སྙད་ཀྱི་བྱིན་རླབས་སྙིང་ལ་ཞུགས་ཤིང་། ཕྱིས་རྒྱ་ནག་པ་དག་གི་ཆེ་བསྟོད་གཏམ་རྒྱུད་ཀྱིས་ཡི་ག་གཏིང་ནས་ཚིམ་པའི་བོད་རྒན་དག་ལ་བསམ་བཞིན་གསེག་དྲས་པ་མ་ཡིན་ནའང་། གཡུ་འབྲུག་ཅེས་པའི་སྲོག་ཆགས་རྩལ་དུ་འདོན་པ་པོ་དག་གི་ལོ་རྒྱུས་ཀྱི་འབྱུང་ཁུངས་ཀྱང་མཐར་གཏུགས་ན། སྦྲུལ་དང་ཆོ་འཕྲུལ་སྤྲུལ་བ་གང་རུང་ཞིག་ལ་ངོས་འཛིན་པ་ལས་རྒྱུ་མཚན་ལྡན་པའི་དཔྱད་ཞིབ་གང་ཡང་མེད། གཞན་རྒྱ་ནག་པ་དག་གིས་ཐོག་མར་སྦྲུལ་ལ་ངོས་འཛིན་ཞིང་ཕྱིས་སུ་རིགས་བརྒྱུད་ཀྱི་མཚོན་རྟགས་འབྲུག་ལ་བསྒྱུར་བ་ནས་བཟུང་། བོད་དང་རྒྱ་གར་བལ་ཡུལ་སོགས་ཀྱིས་འདོད་པས་རྒྱ་མཚོར་གནས་པའི་ཁོད་སྟོད་མི་ལ་ཁོག་སྨད་སྦྲུལ་མཇུག་ཅན་གྱི་ཀླུ་རིགས་དག་ལ། རྒྱ་ནག་གིས་འབྲུག་གཟུགས་སུ་འདོད་པའི་གནད་ཀྱང་དེ་ག་ལས་བྱུང་བ་གསལ་བོར་ཤེས་ཐུབ་པ་བཞིན་ནོ།།
སྣང་སྲིད་དག་པའི་ཉམས་སྣང་མི་ལྡན་ཞིང་། །
དངོས་པོའི་གཤིས་ལ་དཔྱད་པ་མི་མཁོ་བར།།
སྨྲ་བའི་སྤོབས་ཞན་པའི་རྟོག་གེ་བས།།
འཇུག་པའི་ལམ་གྱི་ལག་ཡོང་འདི་ཙམ་ཉིད།།
ཅེས་ཀྱང་སྨྲའོ། །
ཚན་རིག་དང་མཐུན་པའི་འབྲུག་གི་བཤད་པ་ཅིས་མི་ལེགས་སམ། ཧ་ཧ། ཨེ་མ་ཧོ།། །།
་་་་་་་་་་ དེ་ཡང་དུས་རབས་དགུ་བའི་འགོར་བོད་ཀྱི་རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་འཛིང་ཡོན་གྱི་དུས་སྐབས་སུ་བོད་ཀྱི་ལོ་ཙཱ་བ་ཞང་ཡེ་ཤེས་སྡེ་དང་། རྒྱ་གར་གྱི་པཎཊི་ཏ་ཛི་ན་མི་ཏྲ་གཉིས་ཀྱིས་བོད་དུ་བསྒྱུར་བའི་འཇིག་རྟེན་གདགས་པ་ཞེས་པའི་བསྟན་བཅོས་ལས། “ཅིའི་ཕྱིར་འབྲུག་ཅེས་བྱ་ཞེ་ན། སྨྲས་པ། ཕྱོགས་གཉིས་ནས་རླུང་ཆེན་པོ་དག་ལྡང་སྟེ་དེ་དག་བརྡབས་པ་ལས་སྒྲ་འབྱུང་སྟེ། རྒྱུ་དེས་ན་འབྲུག་ཟེར་རོ།” ཞེས་དང་། ཡང་དེ་ཉིད་ལས། “ཅིའི་ཕྱིར་གློག་འབྱུང་ཞེ་ན། སྨྲས་པ། ཕྱོགས་གཉིས་ནས་རླུང་ཤིན་ཏུ་ཆེ་བ་དག་ལྡང་སྟེ། དེ་དག་ཕན་ཚུན་ཐུག་པ་ལས་གློག་འབྱུང་སྟེ། རྒྱུ་དེས་ན་གློག་འབྱུང་ངོ་།” ཞེས་དང་། ་་་་་་་་
་་་་་་་་་ དེ་ནི་དམ་པའི་སྐྱེས་བུ་དག་པ་ཅན་རྣམས་ཀྱི་ངོར་སྐལ་གཟིགས་སྣང་ཐུན་མོང་མ་ཡིན་པ་ཞིག་ཡིན་ན་ལས། མཁའ་ལ་བདྨོ་མི་སྐྱེ་བའི་རྣམ་གཞག་སྤྱི་བཏང་ལྟར་བྱེད་ཚེ། འབྲུག་ཅེས་པའི་བར་སྣང་དུ་གནས་སྡོད་བྱེད་པའི་སྲོག་ཆགས་ཤིག་ཀྱང་ངེས་པར་མི་རུང་བ་ཞིག་གོ། ་་་་་་་་་་ འདི་ཡང་། ལེགས་བཤད་དུ་གོ
ད་འོ་ན། འབྲུག་ཅེས་པའི་སྲོག་ཆགས་ཤིག རྩ་བ་ཉིད་ནས་མེད་པ་ཡིན་ནམ། ལོ་འཁོར་བཅུ་གཉིས་ནང་གི་ཡོས་ཀྱང་། རི་བོང་གི་རིགས་ཤིག་ཡིན་པ་ལ། ད་ལྟ་སྲོག་ཆགས་དེའི་རིགས་རྒྱུན་ཆད་ཟིན་གསུང་སྲོལ་ཞིག་ཀྱང་གོ་བྱུང་བས་་་་་་་ !!! ???
༄༅། ཞོ་ར་བསྟན་དར་ལགས་་་་བཀྲིས་བདེ་ལེགས་ཡོད།
ཁྱེད་ཀྱིས་རྩོམ་བྲིས་དེ་་་ཡག་པོ་ཞེ་དྲག་བྲིས་འདུག་
ཡིན་ཡང་ཕྲན་བུ་རིང་དྲག་འདུག།
youtube ནང་གི་འབྲུག་གི་སྐོར་ལ།
https://www.youtube.com/watch?v=Awc_DEInMp0