གཞི་བདག
ཁ་བཙོག་བཤད་པར་ཡ་མི་ང་།།
སྟེང་ནས་ཞོན་པར་བག་མི་ཚ།།
འབྲུག་སྨྱོན་ཀུན་ལེགས་བག་རེ་སྤྲོ།།
རྫུ་བག་ཅན་ཚོ་ཁ་རེ་སྐྱེངས།།
རྟོག་པའི་མཐུ་རྩལ་མངའ་བས་ན།།
སྟོད་ཀྱི་རི་དྭགས་ལུག་བཞིན་དེད།།
མགོ་ལྤགས་ཡོད་ཚད་སོ་སོར་ཕྱེ།།
སེ་གོལ་གཅིག་གི་བསྐྱར་གསོན་བྱས།།
ཀུན་ལེགས་མཇེ་རྩལ་རྒོད་པས་ན།།
སྨད་ཀྱི་རྒད་མོ་མཇེ་ཡིས་དྲངས།།
བདུད་ཀྱི་ཁ་གནོན་མཇེ་ཡིས་བྱས།།
ཐར་ལམ་ཟབ་མོ་མཇེ་ཡིས་བསྟན།།
འབྲུག་ཡུལ་མཇེ་ལ་དད་པ་འདི།།
ཀུན་ལེགས་བསྟན་པ་དར་རམ་ཅི།།
མཇེ་ལ་དད་པའི་ཞིང་ཁམས་ལ།།
མཇེ་རྒོད་ཅན་ཚོ་ལན་གཅིག་ཕེབས།།
ཀུན་ལེགས་རྣམ་ཐར་བཀླགས་པ་ན།།
འདོད་པའི་འདོད་རྩལ་སེམས་ལ་འཇགས།།
རྩལ་གྱི་སྒྱུ་རྩལ་ལུས་ནས་འཁྱུག།།
ཆེན་པོའི་བདེ་བ་འདི་ནས་འཁྲུངས།།
“མལ་ས་རྒྱོ་ཡི་འཁྲུལ་འཁོར་ཡིན།།
བདེ་ལ་ཡངས་ན་དེ་གས་ཆོག།།
པུས་མོ་རྒྱོ་ཡི་ཕོ་ཉ་ཡིན།།
སྔོན་ལ་གཏོང་བ་དེ་གས་ཆོག།།
ལག་པ་རྒྱོ་ཡི་གོང་ཐག་ཡིན།།
ནེམས་ཀྱིས་བསྡམས་ན་དེ་གས་ཆོག།།
ཚངས་ར་རྒྱོ་ཡི་འུ་ལག་ཡིན།།
ཡང་ཡང་བསྐོར་ན་དེ་གས་ཆོག།།”1
འོག་སྟན་རྒན་མོ་མཁས་རབས་བཤད།།
སྟུ་ཁ་ཀོང་མོ་དམ་རབས་བཤད།།
བརླ་ཤ་མོན་མོ་འཇམ་རབས་བཤད།།
ཀུན་ལེགས་འདོད་རྩལ་མཁས་རབས་འདུག།།
ཆོས་ཞུ་རྒད་པོའི་རེ་སྐུལ་ལ།།
མགོ་ན་རྒྱ་གར་སྐད་དུ་ཞིག།།
ཁྲོད་ན་བོད་ཀྱི་སྐད་དུ་ཞིག།།
ཀུན་དགའ་ལེགས་པས་འདི་ལྟར་གསུངས།།
རྒྱ་གར་སྐད་དུ་མཇེ་ཤ་ར།།
བོད་ཀྱི་སྐད་དུ་སྟུ་ཤུ་རུ་།།
ན་མོ་གུ་རུ་འདགས་ཁེ་ཁེ།།
མཇེ་སྟུ་གཉིས་ཀྱི་ཆོས་དབང་བསྩལ།།
འདོད་པའི་སྒྱུ་རྩལ་འཁོར་ལོ་འདི།།
རྒད་པོའི་འགྱོད་མེད་ལས་ཀ་ཡིན།།
གཞོན་པའི་ལུས་སེམས་གཡོ་བའི་གར།།
སྡོམ་ཁྲིམས་ཅན་ཚོ་སྡང་བའི་གཞི།།
འདོད་པའི་ཁམས་ཀྱི་འདོད་པ་འདི།།
སུ་དང་གང་ལ་ཡོད་གྱུར་ཡང་།།
ཕྱི་རོལ་རྫུ་ཡིས་ཁྱད་པར་གྱིས།།
རེ་ཟུང་ངག་ལས་ཐལ་བར་གྱུར།།
འབྲུག་སྨྱོན་ཀུན་ལེགས་རྣམ་ཐར་འདི།།
ཚིག་ངོས་བལྟས་ན་འདོད་གཏམ་ཡིན།།
དོན་ལ་གཞིག་ན་དགག་བཞག་ཡིན།།
འདི་ཕྱི་གཉིས་ཀ་འདི་ན་གསལ།།
འདོད་ལ་དགའ་ན་འདི་ལ་ལྟོས།།
དགག་བཞག་སྤྲོ་ན་འདི་ལ་ལྟོས།།
རྣམ་ཐར་སྤྱི་ཚོགས་མེ་ལོང་ཡིན།།
འཚོ་བའི་ཉིན་སྲིབ་འདི་ན་གསལ།།
གྲྭ་བས་མ་གཟིགས་མཇེ་ངན་ལངས།།
ཇོ་མོས་མ་འདོན་ཟ་འཕྲུག་ལངས།།
སྡོམ་ཁྲིམས་ཐག་པས་མ་བསྡམ་པའི།།
གསར་བུ་གསར་མོས་འདི་ལ་ལྟོས།།
ཤུགས་དང་སྟབས་ཀྱིས་བསྣུན་སྟངས་དང་།།
འོག་རྒྱག་བསྟུན་ཤེས་འདི་ནས་ཁྲིད།།
ལོ་གཞོན་ཤ་དར་ཁྲག་དར་ཚོས།།
ཐེངས་གཅིག་ཀློག་དང་དགོད་ཁ་འཆོར།།
འབྲུག་སྨྱོན་རྣམ་ཐར་བཀླག་པ་ན།།
གསར་བུ་གསར་མོས་ཉལ་ས་དྲན།།
ཉལ་ཁྲིའི་སྟེང་གི་འཐམ་འཁྱུད་དྲན།།
གོ་རིམ་ཞིག་གི་བང་རིམ་དྲན།།
ཨ་ལ་རྩེ་མཚར་ཀུ་རེ་ཡིན།།
རྣམ་ཐར་ཀློག་དང་ཤེས་ནི་རེད།།
བདེན་མིན་དཔྱད་ན་རྟོག་ནི་རེད།།
རྟོག་ན་རང་སེམས་སྤྲོ་ནི་རེད།།
1 ཀུན་དགའ་ལེགས་པའི་རྣམ་ཐར་ནས་བཤུས།