ཆང་སྐྱེས།
མེ་ཏོག་རི་ལ་བཞད་པའི་སྤང་ལྗོངས་ཁུགས་ནས།།
འབྲི་ཞོ་འོ་མའི་མར་ལོ་ཡང་ཡང་དཀྲུགས་པའི།།
བཅུ་དྲུག་ལང་ཚོ་འབར་བའི་འཛུམ་དཀར་བུ་མོ།།
སྦྲ་ནག་གྲུ་བཞི་འདབས་ཀྱི་མེ་ཏོག་རྐང་གཅིག།
ཆུ་མོ་ཤག་ཤག་འབབ་པའི་རྫ་ལུང་མདོ་ནས།།
རྩྭ་འགོའི་མུ་ཏིག་ཟིལ་བ་རྡོག་པས་གཏོར་བཞིན།།
ཟུར་མིག་འཛུམ་གྱིས་ཕྱུག་པའི་ན་ཆུང་བུ་མོ།།
མཚན་མོ་རྨི་ལམ་ཞིང་གི་སྐར་མ་འོད་ཆེན།།
གོས་ལྗང་ཐང་ལ་བཏིང་བའི་རྩྭ་ཐང་སྟེང་ནས།།
ཚར་མོ་ལུག་གི་འཕེལ་ཁ་འཛུམ་གྱིས་སྐྱོང་བཞིན།།
རི་གླུ་སང་སེང་ལེན་པའི་མཐོ་སྒང་བུ་མོ།།
ཁོ་བོའི་གངས་དཀར་སེམས་ཀྱི་འཇའ་ཚོན་རི་མོ།།
སྐར་ཚོགས་ས་ལ་ལྷུང་བའི་འབྲོག་སྡེ་ཞིག་ནས།།
ཟླ་བའི་འོད་དཀར་ངོགས་ན་ཡིད་དུ་འོང་བའི།།
གཡུ་བྱུར་ཕྲ་རྒྱན་ཅན་གྱི་སྦྲ་ནག་བུ་མོ།།
སྟག་ཤར་གཞོན་ནུ་མང་པོའི་སྙིང་གི་ནོར་བུ།།
བདག་སེམས་ཁྱོད་ལ་ཞོགས་པའི་ལོ་ཟླ་དེ་དག།
སྣང་བ་ཆང་གིས་མྱོས་པའི་འཆར་ཡན་ཡིན་སོང་།།
ཕྱི་མིག་རྒྱང་ལ་འཁྲེང་བའི་དུས་ཚིགས་འདི་ནི།།
ཁ་བ་མར་མར་འབབ་པའི་དགུན་ཁ་རེད་འདུག།
ཁ་སང་སྐུད་མེད་ཁ་པར་སྐད་འཕྲིན་བརྒྱུད་ནས།།
ཁྱོད་ཀྱི་ཕྱོགས་ལ་སྙིང་གི་ཚིག་གསུམ་བཤད་ཡོད།།
དེ་རིང་བདག་གི་གཏམ་ལ་ཨ་ལན་མེད་པ།།
སྟོད་ཀྱི་འབྲོག་ན་བརྡ་རྟགས་མེད་ནི་ཨེ་རེད།།