སྐྱོ་བྲག་དགའ་དབང་།
ཁོ་བོ་རྒྱ་བལ་དུ་འགྲུལ་བཞུད་བྱ་བའི་སྐབས་འདིར། རྗེ་བཙུན་མི་ལ་རས་པའི་སྒྲུབ་གནས་ཀྱི་རྒྱལ་པོ། འབྲོག་ལ་ཕྱི་གངས་ཀྱི་ར་བ་མཇལ་སྐོར་ཞིག་བྱུང་ན་ཅི་མ་རུང་སྙམ་པའི་རེ་བས། ལ་ཕྱིའི་ཡུལ་དུས་ལ་རྒྱུས་ལོན་ཡོང་ཆེད། འབྲི་གུང་པའི་ལྷ་དང་བཅས་པས་ལ་ཕྱིའི་རྡོར་འཛིན་དུ་མངའ་གསོལ་ཏེ་བཞུགས་ཡུན་ཆེས་རིང་བས་ན། དིང་གི་དུས་སུ་ལ་ཕྱིའི་གནས་མ་ལག་དང་བཅས་པ་ལ་རྒྱུས་མངའ་ཆེ་ཤོས་ཡིན་པ། ནགས་ཤོད་པ་དོན་གྲུབ་དཔལ་ལྡན་ལགས། སྟོད་སྨན་སྡོང་གི་བླ་མ་བསྟན་རྣམ་ངེད་གཉིས་ཀྱིས་བཙལ་བསྡད་པ་ན། སྤྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༢༡ ཉིན་གྱི་སྔ་དྲོར། བལ་པོའི་རྒྱལ་ས་ཡམ་བུ་ན་ཡོད་པ། མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་གྱི་མདུན་ངོས་སྐོར་ལམ་ཕྱི་ལོགས་ནས་གློ་བུར་དུ་མཇལ་བྱུང་།
ངས་ཁོང་ལ། ང་ཚོ་ཁ་ཤས་ཤིག་ལ་ཕྱིའི་གནས་མཇལ་དུ་ཡོང་འདོད་ཡོད་ཅིང་། དེ་ཡང་ཡར་མར་གཅིག་ལ་གྱེན་འཕུར་གནམ་གྲུ་དང་། གཅིག་ཤོས་རླངས་འཁོར་དང་རྐང་ཐང་གིས་འགྲོ་ན་སྙམ་གྱི་ཡོད་པས་ག་དུས་བཟང་ངམ་ཞུས་པ་ན།
ཁོང་གིས། སྟོན་དཔྱིད་གཉིས་ནི་ཡག་ཤོས་ཡིན་ཅིང་། དེ་ཡང་དཔྱིད་ལ་ཡོང་ན། བོད་ཟླ་གཉིས་པའི་ཟླ་མཇུག་ནས། རླངས་འཁོར་དང་རྐང་ཐང་གིས་སྙན་གཡོན་ཕུག་སོགས་བརྒྱུད་དེ་ཡར་རིམ་པར་ཡོང་བ་དང་། བོད་ཟླ་ལྔ་པའི་ཡས་མས་སུ་གནམ་གྲུས་མར་ཐད་ཀར་འཕུར་སོང་ན་དགའ། སྟོན་ལ་ཡོང་ན། བོད་ཟླ་བདུན་པའི་ཟླ་མཇུག་ནས། གནམ་གྲུས་ཡར་ཐད་ཀར་འཕུར་ཡོང་སྟེ། བོད་ཟླ་བཅུ་པའི་ཡས་མས་ནས་མར་སྙན་གཡོན་ཕུག་བར་བརྒྱུད་དེ། རྐང་ཐང་དང་རླངས་འཁོར་གྱིས་སོང་ན་དགའ་ཡི་རེད།
ངས་ད་དུང་ཁྱོད་ལ་སྔོན་མ་ནས་ལབ་བསམ་པ་ཞིག་ཡོད་པ་ནི། བཀའ་བརྒྱུད་པའི་བླ་མ་དག་ལ་འཁོར་སློབ་ཁྲི་འབུམ་གྱིས་འདུས་པའི་ལོ་རྒྱུས་ཡོད་པ་དག་ནི། ཆོས་ལུགས་གཞན་པ་འགའ་རེ་ལྟར་བཙན་དབང་དང་། བསླུ་བྲིད་ཀྱིས་འདུས་པ་མིན་པར། ཁོང་རྣམ་པའི་ཉམས་རྟོགས་ཡོན་ཏན་དང་། བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་འདུས་པ་ཁོ་ན་རེད། ཁྱོས་གཅིག་ལྟོས་དང་། ང་ཚོ་བཀའ་བརྒྱུད་པ་ལ་བཀའ་དྲིན་ཆེ་ཤོས་ནི་མར་མི་དྭགས་གསུམ་རེད། ཁོ་ཚོ་སུ་ལ་དབང་ཤུགས་དང་གཡོ་ཇུས་ཤིག་འདུག་གམ། ཁྱོད་རང་ཡང་ལ་ཕྱི་ལ་ཤོག་ནས་སྡོད། ངའི་ངོས་ནས་ཅི་ཕན་གང་ཕན་བྱ་ཆོག །ང་ཡང་ཁྱོད་ཀྱི་ལམ་སྟོན་བཞིན་ཙུམ་ཀུ་ཐང་གི་ཕུག་རོན་ཕུག་པ་མཇལ་སྐོར་དུ་གང་མགྱོགས་འགྲོ་ཤོག་གི་ཡིན་གསུངས།
ངས་ཡང་དུ་ཁོང་ལ། ང་ཚོའི་རེ་བ་ལྟར་བྱུང་ན། ཁྱེད་ཀྱིས་བརྩམས་པ། དཔལ་གནས་མཆོག་ལ་ཕྱིའི་གནས་ཀྱི་བྱུང་བ་དྭངས་གསལ་ཤེལ་གྱི་མེ་ལོང་། བྱ་བ་དེ། སྒྲུབ་གནས་ཀྱི་པར་དང་བཅས་པ་ཞིག་པར་སྐྲུན་བྱ་ཐུབ་ན་བསམ་བཞིན་ཡོད་པས། དེ་ལ་ལེགས་བཅོས་འདྲ་དགོས་པ་གང་ཡོད་དམ། སྒྲུབ་གནས་ཀྱི་པར་རྣམས་འཐོབ་བམ། ཞེས་ཞུས་པ་ན།
ཁོང་གིས། སྔོན་མ་འབྲི་གུང་བྱང་ཆུབ་གླིང་གིས་པར་སྐྲུན་བགྱིས་པ་དེ་ལ་ཡི་གེ་མ་དག་པ་འགའ་རེ་མཐོང་བྱུང་། ལ་ཕྱིའི་རྡོར་འཛིན་གསེར་ཕྲེང་ལ་ཁ་གསབ་འགའ་རེ་བགྱི་ན་བསམ་པ་ཙམ་ཡིན། གཞན་ཅང་མེད། ཁྱོད་ཚོས་འཕྲི་སྣོན་དགོས་པ་འདུག་བསམ་པ་བྱུང་ནའང་གྱིས་ཤོག་དང་འགྲིག་གི་རེད། ཁྱོད་ཚོ་ལ་ཕྱི་ལ་ཕེབས་ཤོག་དང་། སྒྲུབ་གནས་ཀྱི་པར་ཕལ་མོ་ཆེ་ཡང་འཐོབ་ཀྱི་རེད། ངའི་ངོས་ནས་རོགས་བྱ་གང་ཡོད་པ་དག་ཀྱང་བྱེད་ཀྱི་ཡིན། གང་ལྟར་རྗེ་བཙུན་མི་ལ་རས་པའི་སྒྲུབ་གནས་ཤིག་ཁྱབ་སྤེལ་བྱ་མཁན་བྱུང་བ་ཡིན་ན། དེ་ལ་བདག་ནི་དགའ་བས་རྗེས་སུ་ཡི་རངས་ཏེ། ལགས་སོ་དང་ལེགས་སོ། །ཞུ་བ་མ་གཏོགས། དིང་སང་གི་པར་སྐྲུན་བདག་དབང་དང་། རྟོག་འདོད་སོགས་ནི་ཅི་ཡང་མེད་པས་ཁྱོད་ཚོའི་གང་འདོད་བཞིན་མཛོད། ཁྱོད་ཀྱིས། ད་ལོ་འབྲི་གུང་པའི་བརྒྱད་བརྒྱའི་དུས་དྲན་སྐབས་སུ། རྗེ་འབྲི་གུང་པ་ལ་སེམས་ཀྱི་རྡོ་རྗེའི་བསྟོད་པ། བྱ་བའི་ཡག་པོ་ཞིག་བྲིས་གདའ་བ་དེས། ང་རང་དཔེ་དགའ་བོ་བྱུང་། ཐུགས་རྗེ་ཆེ་ཞུ་བ་ཡིན།
ང་ཚོ་བཀའ་བརྒྱུད་པའི་ལྷག་ལུས་འབྲི་སྟག་ཀར་འབྲུག་འབའ་རོམ་སོགས་གང་ཡོད་པ་ཚང་མ་གཅིག་པ་རེད་ལ། ངས་ཀྱང་སེམས་གཏིང་ནས་གཅིག་པར་བཟུང་ཡོད། ཁྱོས་ཀྱང་གཅིག་པར་ཟུངས་ཏེ་མ་འོངས་པར་ལས་ཀ་གང་འཇོན་པ་དག་གྱིས་ཤོག །ཨ།
ཞེས་ཕྱག་གཡོན་པས་ངའི་རྒྱབ་ལ་ཞུ་ཙམ་གནང་སོང་བའི་བསླབ་བྱ་དག་ནི། སེམས་ལ་དཔེ་ཟུག་པོ་བྱུང་བས་བརྗེད་ཐོར་བཀོད་པ་ཡིན་ནོ། །