(ཁོར་སྲུང་བ་དཔྲ་ཁྱུང་དཔལ་བཟང་ལགས་འབྲོག་ལམ་རིང་མོར་ཞུགས་པ་ལ་སྤྲིངས)
—ཐེ་བོ་སངས་རྒྱས།
འབྲོག་པའི་རྩྭ་ཐང་ལྕགས་ཚེར་དྲྭ་ཐག་རྣམས།།
ལམ་ཁ་ཅི་བདེར་འགྲོ་བའི་བཀག་རྒྱ་ཡིན།།
འོན་ཀྱང་ལ་ལུང་ཀུན་ལ་གཞུང་ལམ་དང་།།
ལྕགས་ལམ་གནམ་གྲུ་ཐང་སོགས་བསྟར་བའོ།།
འབྲོག་ལམ་རིང་མོ་བརྒྱུད་རུང་སྦྲ་ནག་གི།
གྲིབ་སོ་ཙམ་ཡང་མཐོང་རྒྱུ་དཀའ་སེ་གདའ།།
འོན་ཀྱང་ལམ་བཟོ་པ་ཡི་འགྱིག་གུར་དང་།།
འབྲོག་པའི་རས་གུར་འབར་སྒམ་ལྟ་བུས་ཁེངས།།
འབྲོག་ཁྱི་འགོག་བྱེད་ལྕགས་མགོར་བེད་སྤྱོད་མེད།།
ཁྱི་ཉོ་རྒྱ་རྒན་སྐོར་དང་སྐོར་ལ་འཕྲད།།
ལམ་རྒྱགས་བྲོ་དང་གོན་རྒྱུ་དྲོན་པོ་གལ།།
གནས་ཚང་གཡར་ནས་བཟའ་བཏུང་སྟེར་མཁན་དཀོན།།
འབྲོག་ལམ་འགྲིམ་དུས་ཤེལ་གྱི་དམ་བེའམ།།
འགྱིག་གི་དམ་བེའི་ནང་དུ་ཆུ་ཁུར་དགོས།།
ལམ་ནས་ཆུ་ཕྲན་མཚེའུ་བསྐམས་པའམ།།
ཡང་ན་རྡོ་སོལ་ཁུ་བས་སྦགས་ནས་ཡོད།།
ཆུ་ནང་ཉ་ལ་སོགས་པ་གྲམ་ཁར་རྙིད།།
ཆུ་བྱ་ཁྲུང་ཁྲུང་ལ་སོགས་འཇའ་ལྟར་ཡལ།།
དེ་བཞིན་ཆུ་རྟའི་རྗེས་དང་ཆུ་གླང་གི།
ལྕི་བ་ལ་སོགས་ནམ་མཁའི་མེ་ཏོག་དཔེ།།
འབྲོག་ལམ་རིང་མོ་འགྲིམ་དུས་ལམ་ལ་ལྟོས།།
ཨ་བྲས་བྲུས་ཤུལ་དབྱར་རྩྭ་བརྐོས་པའི་ཤུལ།།
ས་ཁུང་ནང་ནས་རྐང་ཚིགས་ཕུད་དང་རུང་།།
ཨ་ཁུ་འབྲོག་པའི་སྙིང་རྗེ་ཆུང་དུ་ཕྱིན།།
སྔོན་ཆད་མིང་ཡང་མི་ཤེས་མེ་ཏོག་རྣམས།།
ལ་ལའི་འདྲ་པར་འགྲེམ་སྟོན་ཁང་དུ་མཐོང་།།
ད་སྐབས་རི་ཁུགས་རེ་ན་བྱེ་ཐང་གི།
ལེ་དབར་མང་པོ་བརྒལ་དགོས་ལོས་ཀྱང་ཤེས།།