འབྲོང་ངུར་ཕོ་ཉ་བསྟན་འཛིན་ལམ་བཟང་ །
༄༅། །ཨོཾ་སྭ་སྟི། བདེ་ལེགས་སུ་གྱུར་ཅིག།
མཁྱེན་གཉིས་དཔལ་གྱི་དཀྱིལ་འཁོར་རྫོགས་ཤིང་སྐུ་བཞིའི་རྒྱལ་ཐབ་བདག་གིར་མཛད། །
མཁྱེན་བརྩེའི་འོད་ཀྱི་ཆ་ཤས་རེ་ཡིས་འགྲོ་བློའི་ཀུ་མུད་གྲངས་མེད་འབྱེད། །
མཁྱེན་རབ་ཐུགས་ཀྱི་གཏེར་ཁ་རྡོལ་བས་བརྒྱད་ཁྲི་བཞི་སྟོང་ཕ་འབབ་བསྩལ། །
མཁྱེན་པ་ཟླ་མེད་སྨྲ་བའི་དབང་ཕྱུག་ཤཱཀྱའི་སྲས་པོ་རྟག་ཏུ་མཆོད། །
རྒྱལ་བའི་གསང་མཛོད་གཏད་རབས་བདུན་སོགས་གནས་བརྟན་དགྲ་བཅོམ་འཕགས་པའི་ཚོགས། །
རྒྱལ་བའི་ལུང་བསྟན་ཤིང་རྟ་རྣམ་གཉིས་འཛམ་གླིང་མཛེས་བྱེད་པཎ་ཆེན་དྲུག །
རྒྱལ་སྲས་གྲུབ་ཆེན་བརྒྱད་བཅུའི་གྲངས་ལྡན་གཞན་ཡང་བསྟན་པའི་ཉིན་བྱེད་ཆེ། །
རྒྱལ་བློན་སེམས་དཔའ་ལོ་པཎ་རྒྱ་མཚོ་བདག་བློ་དད་པས་བསྟོད་ཕྱག་འབུལ། །
གངས་ལྗོངས་སྣང་བའི་སྒྲོན་མེ་ཆེན་པོ་མཁན་སློབ་རྣམ་གཉིས་མེས་དབོན་གསུམ། །
གངས་ལྗོངས་སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་བསྟན་སྲོལ་འཛུགས་པའི་རྣམ་འདྲེན་ཚོགས། །
གངས་ལྗོངས་ལེགས་ཚོགས་ཕན་བདེའི་འབྱུང་གནས་ྋསྐྱབས་མགོན་ཕྱག་ན་པད་དཀར་འཆང༌། །
གངས་ལྗོངས་རིས་མེད་མཁས་གྲུབ་མ་ལུས་ཟུང་འཇུག་ཐོབ་ཀྱང་གཙུག་ཏུ་བཀུར། །
དུས་གསུམ་ཀུན་མཁྱེན་རིག་འཛིན་ཡོངས་ཀྱི་གཙོ། །སྙིགས་ལྔའི་རྨུ་རྒོད་འདུལ་ལ་ཆེས་དཔའ་བའི། །
ཨོ་རྒྱན་མཁའ་འགྲོའི་ཚོགས་དཔོན་པད་འབྱུང་རྗེ། །བཀྲིན་དྲན་པས་སླར་ཡང་བསྟོད་ཕྱག་འབུལ། །
ཐོས་པའི་གོ་ཡུལ་མ་ལུས་སྒྲོ་འདོགས་བཅད། །སྒོམ་པའི་རྩ་གསུམ་མཉེས་པའི་དབུ་འཕགས་བསྟེགས། །
དམ་ཆོས་བསྒྱུར་ཞུས་བསིལ་ལྗོངས་རྟེན་དུ་བཞག །ཡེ་ཤེས་སྙིང་པོ་སྐད་གཉིས་སྨྲ་བའི་གཙོ། །
མཁས་གྲུབ་བྱེ་བའི་ཏོག་ལྟར་ཆེར་འཕགས་ཤིང༌། །སྒྲུབ་བརྒྱུད་བསྟན་སྲོལ་འཛིན་པའི་སྙིང་སྟོབས་བརྟས། །
བྱང་ཕྱོགས་བསྟན་པའི་ཉི་མ་འབྲོང་ངུར་པ། །རིམ་བྱོན་བརྒྱུད་པ་བཅས་ལ་དད་ཕྱག་འབུལ། །
སྔོན་ཚེ་རྒྱལ་དབང་པདྨའི་བཀའ་བསྐོས་ལྟར། །ཐུབ་བསྟན་སྤྱི་དང་གསང་ཆེན་བཀའ་སྲོལ་གྱི། །
རིང་ལུགས་སྤེལ་བའི་གཡར་དམ་མ་གཡེལ་ནས། །བར་ཆད་དམིགས་མེད་སྒྲོལ་ཞིག་རྫིང་བཙན་ཀྱེ། །
འདི་རུ་འོད་གསལ་ནང་བརྒྱུད་སྡེ་གསུམ་གྱི། །ཞི་ཁྲོ་ཕུར་གསུམ་བརྒྱུད་རིམ་བཀའ་བབས་ཚུལ། །
མ་འདྲེས་མངོན་པར་བཀྲ་བ་ཉུང་ངུའི་ངག །འགོད་ལ་མཆོག་གསུམ་བཀའ་ཡིས་གནང་བ་སྩོལ། །
དེ་ཡང་མདོ་རྒྱ་ཆེར་རོལ་པ་ལས། བསོད་ནམས་རྣམ་སྨིན་བདེ་སྟེ་སྡུག་བསྔལ་ཐམས་ཅད་སེལ། །བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། །ཅེས་དང༌། ཀླུ་གྲུབ་ཀྱིས། བསྟན་བཅོས་བྱེད་པོས་སྟོན་པ་ལ། །མཆོད་པ་བརྗོད་པ་འབྲས་མེད་མིན། །སྟོན་པ་དང་ནི་བསྟན་བཅོས་ལ། །དད་དང་འདུན་པ་བསྐྱེད་ཕྱིར་རོ། །ཞེས་གསུངས་པ་ལྟར། སྐྱེས་བུ་དམ་པའི་རྣམ་ཐར་རྗེས་སུ་སློབ་པའི་ཕྱིར་ཡུལ་གོང་མ་རྣམས་ལ་ཤིས་ཚིག་གཏམ་གྱི་སྨྲ་སྒོ་ལེགས་པར་ཕྱེས་ཏེ་གང་ཞིག་གླེང་བར་འདོད་པ་ནི། ལྷོ་རོང་ཆོས་འབྱུང་ལས། རིན་ཆེན་འོད་ཟེར་འདི་བས་ཡབ་ཀྱི་ཐུགས་ཅུང་མ་ཚིམ་ནས་རིན་པོ་ཆེ་ཇོ་མོ་སྒང་ལ་བཞུགས་དུས་མཇལ། བཀའ་བརྒྱུད་ཀྱི་ཆོས་བཀའ་རྣམས་ཞུས་པས་ཐུགས་ངེས་ཆེན་པོར་འཁྲུངས། དེར་སྒྲུབ་པ་མཛད་པས་གངས་དཀར་བ་མཚན་དུ་ཐོགས། སོ་ཡེ་ཤེས་དབང་ཕྱུག་ལས་སྒྱུ་འཕྲུལ་ཞི་ཁྲོའི་སྐོར་གསན། བྱ་བ་འབྲོང་བུའི་དགོན་རྙིང་བཏབ། དེའི་དབོན་བརྒྱུད་ཀྱི་བར་དུ་དགོན་གསར་རྙིང་རྣམས་བཟུང་ནས་དར་རྒྱས་ཆེ་ཞིང་ཀམ་ཚང་གི་ཞབས་ཏོག་ཆེ་བར་གྲགས་སོགས་དང༌། གུ་བཀྲའི་ཆོས་འབྱུང་ལས། རྒྱལ་བ་གངས་པ་རིན་ཆེན་འོད་ཟེར་གྱི་རྗེ་དུས་གསུམ་མཁྱེན་པའི་ཞབས་ལ་བཏུད་ནས་བཟུང་བཀའ་བརྒྱུད་པར་གྱུར་ཡང་ཡབ་མེས་ཆོས་ལུགས་ཀྱང་མ་འདོར་བར་བསྐྱངས་ཤིང་སོགས་དང་དེང་སང་གི་བར་དུ་མི་བརྒྱུད་དང་ཆོས་བརྒྱུད་མ་ཆད་པར་ཡོད་དོ། །སོགས་དང༌། དེ་བཞིན་འབྲི་གུང་ྋསྐྱབས་མགོན་མཆོག་གིས། སྔ་མ་སྔ་མ་སྐུ་ཐོག་དང་པོ་དེ་ལ་ཡར་འགྲོ་བ་ཡིན་ན། གསང་སྔགས་རྙིང་མའི་ཡབ་མེས་དེ་ཚོ་གསང་སྔགས་རྙིང་མའི་ཆོས་ལུགས་གནང་མཁན། དེ་ཡང་གསང་སྔགས་རྙིང་མའི་ནང་བཀའ་མ་གཙོ་བོ་གནང་མཁན། དེ་ཡི་རྗེས་ལ་གཤིན་རྗེའི་ཆོ་ག་ལ་སོགས་པ། ཞི་ཁྲོ་པདྨ་རྒྱན་ལྡན་ལ་སོགས་པ། རྡོ་རྗེ་ཕུར་པ་ལ་སོགས་པ་དེ་འདྲའི་གནང་བྱས་སོགས་དང༌། སྔ་འགྱུར་བསྟན་པའི་ཉི་མ་མཁན་ཆེན་པདྨ་ཤེས་རབ་མཆོག་གིས། རྒྱུད་དོན་ཇི་བཞིན་མངོན་གཟིགས་ལོ་ཙཱ་ཆེ། །ཡེ་ཤེས་སྙིང་པོའི་ཟློས་གར་ཉེར་བཟུང་བ། །འབྲོང་ངུར་ཆོས་རྗེ་རིམ་བརྒྱུད་ལེགས་སྐྱོང་བའི། །ཞི་ཁྲོ་ཕུར་གསུམ་བསྟན་པ་རྒྱས་གྱུར་ཅིག །གསུངས་པའང་དོན་ཆེན་པོ་ལྡན་ཞིང༌། དེ་ཡང་མཁས་བླུན་རང་མཐོང་ཆེ་ཁར་གཞན་ཕྱོགས་དུག་ལྟར་བརྩི་ཞིང་ཡོད་ཚད་ང་དང་ང་ཡི་ཡིན་དགོས་མཁན་དེ་ཚོ་དང་གཏན་ནས་མི་འདྲ་སྟེ། ཟབ་ཡངས་དཀྱིལ་ཆེའི་དགོངས་པ་དང་ལེགས་ཉེས་དཔྱོད་པའི་ཤེས་རབ་ལྡན་པས་གཟུ་བོར་གནས་པའི་དམ་པ་དག་གིས་ལེགས་བཤད་འགྲན་བྲལ་ཡང་ཡང་བསྔགས་ཡུལ་ཉག་གཅིག་ཏུ་གྱུར་པ་དེ་ལྟ་མོད། རང་ཕྱོགས་ཁ་ཅིག་འབྲོང་ངུར་བྱ་བའི་མིང་ཙམ་འབྲི་བརྗོད་ཙམ་ལས་དོན་དུ་གང་ལས་བརྒྱུད་པའི་ཕ་ཆོས་དུག་ལྟར་སྤངས་ནས་གཞན་ཟེར་ཚད་མར་འཛིན་པའི་ཕ་གསོད་རྒྱལ་རྔ་བརྡུང་བའི་ཚུལ་འཛིན་དུ་མ་དང། ཅིག་ཤོས་ཆེན་པོའི་མིང་གི་བཟི་ནས་བསྟན་པ་དང་སྟོན་པ་གང་ཡང་མི་ཤེས་ཤིང་སྐུ་འདྲ་དང་ལྷ་ཁང་ཆེན་པོ་གཙིགས་སུ་འཛིན་པས་ཁ་ནས་ཕ་ཆོས་ཞི་ཁྲོ་ཕུར་གསུམ་ཞེས་མ་ཎི་ལྟར་བགྲངས་ཀྱང་བླ་མ་བརྒྱུད་པའི་རིམ་པ་སོགས་རྒྱུས་མེད་དུ་གྱུར་གཤིས་སྐྱོ་བའི་གནས་སུ་འཁུམས། རིག་འཛིན་པདྨ་འབྱུང་གནས་ནས་འབྲོང་ངུར་རྒྱལ་སྲས་རས་ཆུང་བར་བླ་རབས་ལྔ་བཅུ་རྩ་བདུན་གྱི་ལོ་རྒྱུས་ཡོད་པ་འདི་ཉིད་ཉམས་པར་མི་བཟོད་པས། ཆེན་པོའི་མིང་དང་མཐོ་པོའི་གོ་ས་གང་ཡང་མེད་པའི་སྤྲང་རྒན་ཕྲན་གྱིས་བསྟན་དང་སྟོན་ལ་རྒྱུ་མཚན་རྙེད་པའི་དད་པའི་ཀུན་ནས་བསླངས་ཏེ་རང་འདྲའི་སྐལ་མཉམ་རྣམས་ལ་ངོ་སྤྲོད་བྱ་བ་དང་སྦྲགས་རང་བློ་གོམས་ཕྱིར་ངལ་བའི་འབད་པ་ལས། སུ་དང་གང་ལ་ཅོ་འདྲི་བྱ་འདོད་པའང་མིན། རང་ཉིད་ཀྱི་བསྟན་པ་རང་གིས་འཛིན་དགོས་པ་དང་གྲུབ་མཐའ་གཞན་ལ་དག་སྣང་སྦྱོང་བ་ནི་དམ་པའི་བསྔགས་ཡུལ་ཡིན་པས་བག་འཁུམ་དང་ངོ་ཚ་དགོས་པའི་ལས་ཤིག་གཏན་ནས་ག་ལ་ཡིན། མདོར་ན་གོང་དུ་གསལ་བ་ལྟར་དཔལ་ལྡན་འབྲོང་ངུར་ཆོས་རྗེ་གངས་པ་ལ་རྙིང་བརྒྱུད་དང་བཀའ་བརྒྱུད་ཟུང་དུ་འཇུག་པའི་བཀའ་བབས་བརྒྱུད་པའི་རིམ་པ་ལས་འདི་སྔ་འགྱུར་བཀའ་མའི་ཆར་གཏོགས་འབྲོང་ལུགས་ཞི་ཁྲོ་ཕུར་གསུམ་བྱུང་རིམ་སྐོར་ལས་སོ།།
དང་པོ།།
དེ་ཡང༌། མིང་དུ་བཏགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེས་ན་རྨོངས་པ་བསལ་བའི་ཕྱིར། །མགོན་པོས་མིང་དུ་བཏགས་པར་མཛད། །ཞེས་པ་ལྟར་གཟུགས་ནས་རྣམ་མཁྱེན་གྱིས་བསྡུས་པའི་ཆོས་ཐམས་ཅད་མིང་དུ་མ་གྱུར་པ་མེད་ལ་དེ་ཡང་འདོད་སྦྱར་དང་རྗེས་གྲུབ་གཉིས་སུ་དབྱེ་ཆོག སྤྱིར་ན་མིང་དུ་བཏགས་པའི་དགོས་པའམ་དེའི་བྱེད་ལས་ཁྱབ་ཚད་སོགས་སྤྲོས་ན་དཀྱུས་སུ་སྒྲིབ་པར་དོགས་ཏེ་བརྗོད་བྱ་དངོས་ལ་འཇུག་པ་ཡིན། གནའ་དེང་གི་དེབ་ཐེར་མང་པོར་འབྲོང་བུ་དང༌། འབྲོང་ངུར་ཞེས་འབྲི་ཚུལ་མི་འདྲ་བ་གཉིས་དང་ཕ་ཡུལ་དམངས་ཁྲོད་དུ་འབོང་ངུ་ཞེས་བརྗོད་དེ་མི་འདྲ་བ་གསུམ་དུ་མཐོང༌། དེ་ཡང་ཡོངས་གྲགས་བར་པ་དེ་འབྲི་བརྗོད་བྱེད་ཀྱིན་ཡོད་པ་རེད་ལ་དེ་ནི་ཆོས་རྗེ་དགེ་བའི་དབང་པོས་མེ་མོའི་གནས་ཡིག་སོགས་བརྩམས་ནས་གཏན་སྲོལ་ཆགས་པར་མངོན་ནོ། མིང་ཕྱི་མ་སྒྲ་ཟུར་ཆག་པ་སྟེ། དཔེར་ན་འབྲོང་ལ་འབོང་ཞེས་འདི་དང་འདྲ་བ་དབྱངས་དང་སྨད་འདོགས་ཟུར་མ་ཐོན་པའམ་ཉམས་པ་མང་པོ་ཡོད་པ་རྟོགས་སླའོ། །དང་པོ་དང་གཉིས་པའི་སྐོར་ཁོ་བོས་སྔོན་མར་གཞན་དུ་སྤེལ་ཟིན་བས་སླར་སྤྲོས་པ་མ་བསྟེན་ནོ།། འབྲོང་ངུར་བྱ་བ་ནི་རྒྱལ་བ་ཆོས་རྗེའི་མཚན་ཡིན་ལ་དེ་ཡང་ཆོས་རྗེ་སྐུ་ཕྲེང་དང་པོ་འགྲོ་མགོན་གངས་པ་རིན་ཆེན་འོད་ཟེར་ལ་ཐོགས་ཏེ། ཅི་ལྟར་སྙམ་ན་བརྗོད་པར་བྱའོ། རྗེ་ཉིད་ཞོ་མོ་གངས་ལ་སྐུ་མཚམས་བཞུགས་སྐབས་འབྲོང་དཀར་པོ་གཞན་ལས་ཆེ་བ་ཞིག་གིས་ངུར་སྒྲ་བཅས་ཟངས་མདོག་དཔལ་རི་ལ་གདན་དྲངས་པས་དེ་ཕྱིན་དེ་སྐད་དུ་ཐོགས་སོ། །ཡང་ཡིག་རྙིང་རྣམས་སུ་རྒྱལ་བ་འབྲོང་ངུར་པ། དཔལ་གྱ་བ་འབྲོང་ངུར་པ། འབྲོང་ངུར་མཆོག བྱང་འབྲོང་རིག་པ་འཛིན་པ་སོགས་སྐབས་ཐོབ་ཅི་རིགས་སུ་གསལ་བ་དེ་དག་ཆོས་རྗེ་དམ་པ་ཉིད་ཁོ་ན་ལ་གོ་དགོས་པ་དེ་ལྟ་བས་ན་མི་འཁྲུལ་བར་བློ་གྲོས་འཇུག་ལྡོག་མི་སྣོལ་བར་བྱའོ། ། དེ་ཡང་གུ་བཀྲའི་ཆོས་འབྱུང་ལས། རྒྱལ་བ་གངས་པ་རིན་ཆེན་འོད་ཟེར་གྱིས་རྗེ་དུས་གསུམ་མཁྱེན་པའི་ཞབས་ལ་བཏུད་པ་ནས་བཟུང་བཀའ་བརྒྱུད་པར་གྱུར་ཀྱང་ཡབ་མེས་ཀྱི་ཆོས་ལུགས་ཀྱང་མ་འདོར་བར་བསྐྱངས་ཤིང་འབྲོང་བུ་དགོན་རྙིང་དགོན་གསར་སོགས་རིམ་པར་བཏབ་པས་དེ་ཕྱིན་མི་བརྒྱུད་ལ་འབྲོང་བུ་བར་གྲགས་ཞེས་མི་བརྒྱུད་ཅེས་པ་སྤྲུལ་བརྒྱུད་དང་གདུང་བརྒྱུད་གཉིས་ཀ་ལ་གོ་དགོས་ཤིང་ཡོངས་སུ་གྲགས་པའི་དོན་དང༌། ཆོས་རྗེ་དགུ་པ་པཎྜིཏ་དགེ་བའི་དབང་པོ་སོགས་ཀྱིས་འདི་དང་མཐུན་པ་ཡང་ཡང་གསུངས་འདུག་པ་ཡིག་ཆ་ཕྱི་མ་ལས་སྔ་མ་བཙན་པར་འཛིན་པ་ལོ་རྒྱུས་བྱུང་བ་རིག་པའི་གཏན་སྲོལ་ལྟར་གྱིས་དེང་སྐབས་ལོག་བཤད་རྣམས་བསལ་ལོ། ། དེ་བཞིན་འབྲོང་ངུར་པ་སྭ་ཡེ་ཤེས་སྙིང་པོ་དང༌། འབྲོང་ངུར་པ་སེང་གེ་རྒྱལ་མཚན་སོགས་བྲིས་མི་འདུག་གམ་ཟེར་ན། དེ་ལྟ་མོད་དང་པོ་འབྲོང་ངུར་ཆོས་རྗེའི་སྐྱེ་རབས་ཡིན་པ་དང་ཕྱི་མ་གང་གི་ཆོས་དང་རིགས་བརྒྱུད་འཛིན་པས་དེ་ལྟར་འབོད་པ་ལས་རྒྱུ་མཚན་གཞན་མེད་པར་ཤེས་དགོས་སོ།།
གཉིས་པ།།
ཀུན་གྱི་དགོངས་པར་མངའ་བ་བཞིན་རང་ཅག་རྣམས་ཀྱི་སྟོན་པ་ཐུབ་པའི་དབང་པོ་དེ་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་གྲངས་མེད་གསུམ་ལ་ཚོགས་བསགས། མཐར་རྡོ་རྗེ་གདན་དུ་མངོན་པར་རྫོགས་པར་སངས་རྒྱས་ཏེ་སེམས་ཅན་ཁམས་དབང་མི་འདྲ་བ་སྣ་ཚོགས་ཇི་བཞིན་གཟིགས་པས་གདུལ་བྱའི་རྒྱུད་ཚོད་དང་མཐུན་པའི་ཆོས་ཕུང་གྲངས་དཀའ་བ་ཞིག་གསུངས་ཏེ་དེ་ཡང༌། ཇི་སྐད་དུ། གྲུབ་མཐའ་འཁྲུལ་བ་ལྡན་པ་མིན། །ནོར་བ་ཐམས་ཅད་རྣམ་པར་སྤངས། །དོན་གསུམ་ཐེ་ཚོམ་མེད་པའི་བློ། །ཞེས་གསུངས་པ་ལྟར་གཞལ་བྱ་མངོན་ལྐོག་དང་ཤིན་ཏུ་ལྐོག་གྱུར་གང་ལ་ཡང་ཚད་མ་གསུམ་དང་མི་འགལ་བའི་འཛམ་གླིང་ན་ཆེས་སྙན་གྲགས་ཅན་གྱི་གྲུབ་མཐའ་སྨྲ་བ་ཀུན་ལས་མངོན་པར་འཕགས། སྟོན་པ་མཆོག་སྐུ་འདས་རྗེས་གཏད་རབས་མཆེད་བདུན་སོགས་ཀྱིས་བཀའ་བསྡུ་གསུམ་སོགས་མཛད་དེ་རྒྱལ་བསྟན་ཉམས་མེད་བསྐྱངས། ལྷག་པར་ཐུབ་པའི་ལུང་གིས་བསྔགས་པའི་ཤིང་རྟའི་སྲོལ་འབྱེད་རྣམ་གཉིས་གཙོས་པཎ་གྲུབ་རྣམས་ཀྱིས་བསྲེགས་བཅད་བརྡར་གསུམ་གྱིས་ཕུན་སུམ་ཇེ་ཚོགས་དང་འཛིན་སྐྱོང་རྒྱ་ཆེར་མཛད་ཚུལ་སོགས་ཡོངས་སུ་གྲགས་པས་སྤྲོས་པའི་ངལ་བ་བསྐྱུར། འོག་མིན་སྟུག་པོ་བཀོད་དུ་སྟོན་མཆོག་རིགས་བརྒྱའི་ཁྱབ་བདག་སྐུར་བཞེངས་ཏེ་ཕུན་སུམ་ཚོགས་པ་ལྔ་ཡི་སྒོ་ནས་འབྲས་བུའི་ཐེག་པ་དཔག་དཀའ་བ་གསུངས། ཕྱིས་སུ་འབྲས་དཀར་སྤུངས་པའི་གནས་སོགས་ལྷ་མིའི་རིག་འཛིན་རྣམས་ལ་བཟླས་ཏེ་གསུངས་པ་དག་འཇམ་དབྱངས་ཕྱག་རྡོར་སོགས་ཀྱིས་བཀའ་བསྡུ་མཛད། རྒྱལ་པོ་ཛ་ཡི་ཁང་སྟེང་རིན་ཆེན་གླེགས་བམ་བབས་པས་གང་གིས་བསྒྲུབ་པར་རྡོར་སེམས་སོགས་ཀྱི་ཞལ་གཟིགས་ངོ་མཚར་བའི་ལྟས་དུ་མ་མངའ་རིམ་བཞིན་མི་ཡུལ་དུ་དར་རྒྱས་གྱུར། གྲུབ་ཆེན་བརྒྱད་བཅུ་སོགས་གཞལ་བའི་ཡུལ་ལས་འདས་པའི་རྣལ་འབྱོར་པ་བྱུང༌། ཁྱད་པར་དུ་མདོ་ལས། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཅུ་རུ་གཉིས་ཆད་ན། །འོ་མ་ཅན་གྱི་མཚོ་གླིང་དུ། །ང་ལས་ལྷག་པའི་སྐྱེས་བུ་བྱུང༌། །ཁྱེད་རྣམས་མྱ་ངན་མ་བྱེད་ཅིག །གསུངས་པའི་ལུང་མཐུན་པཎ་གྲུབ་བྱེ་བའི་ཁྱུ་མཆོག་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་འཁྲུངས་ཏེ་ངོ་མཚར་བའི་རྣམ་ཐར་འཛམ་གླིང་ཁྱབ་པར་མཛད།།
དེ་བཞིན་སྡེ་བཞིའི་དཔལ་གྱི་རབ་ཏུ་ཕྱུག་པའི་རབ་དཀར་ཁ་བའི་ལྗོངས་ཆེན་པོ་ཡོངས་གྲགས་བོད་ཅེས་འབོད་པའི་ཡུལ་འདིར་མཉའ་ཁྲི་ནས་རྒྱལ་རབས་ཉེར་བརྒྱད་རིང་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་ཀྱང༌། ལྷ་ཐོ་ཐོ་རིའི་སྐུ་རིང་དམ་པའི་ཆོས་ཀྱི་དབུ་བརྙེས། མི་རྗེ་སྲོང་བཙན་སྒམ་པོས་སྲོལ་བཙུགས། དེ་ནས་མི་རབས་ལྔ་པ་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་ཁྲི་སྲོང་སྐུ་རིང་སྔོན་གྱི་ལས་སྨོན་དུས་སུ་སྨིན་པའི་མཁན་སློབ་གཉིས་གདན་དྲངས་པས་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས། དགེ་འདུན་སྡེ་བཙུགས། དམ་ཆོས་བསྒྱུར་ཞུས་གཏན་ལ་ཕབ་སྟེ་ལུང་རྟོགས་བསྟན་པ་ཉི་མ་ལྟར་ཤར་བར་མཛད་པའི་བཀའ་དྲིན་བླ་མེད་དུ་འཁུམས། དེ་རྗེས་གླང་དར་མའི་བྱས་ཉེས་ཀྱིས་རབ་བྱུང་རྣམས་མི་མངོན་པར་བྱས་ཀྱང་གནུབས་ཆེན་མཐུ་རྩལ་ལ་ཞེད་ནས་གསང་སྔགས་སྒྲུབ་སྡེ་ལ་འཚེ་བ་མ་བྱུང་བས་གསང་སྔགས་ནང་བརྒྱུད་སྡེ་གསུམ་ད་བར་ཡང་ཉམས་མེད་གནས་པ་དེ་ལྟར་ལགས། ཇི་སྐད་དུ། ཇི་སྲིད་སེམས་ཀྱི་འཇུག་པ་མ་རྫོགས་བར། །བསམ་ཡས་ཐེག་པའི་གྲངས་མཐར་ཐུག་པ་མེད། །གསུངས་པ་ལྟར། གང་ཟག་ཐར་པ་ཐོབ་པའི་ཐབས་གྲངས་མེད་གསུངས་པ་དེའང་འགྲོ་བའི་ཁམས་དབང་མི་མཐུན་པའམ་འདོད་པ་མ་ཁེངས་པས་ཕྱི་འགྱུར་ལོ་ཙཱ་གྲགས་ཅན་དུ་མ་བྱུང་ཏེ་སྔགས་རྒྱུད་དུ་མ་བསྒྱུར་བས་དེ་ཕྱིན་གསང་སྔགས་གསར་རྙིང་གི་ཐ་སྙད་ཆགས། དོན་དངོས་སངས་རྒྱས་བསྟན་པ་གཅིག་ནའང་ཚིག་དོན་འགར་འགྲེལ་ཚུལ་མི་འདྲ་བ་ཡོད་པའམ་གདམ་ངག་གི་བབས་སོ་མི་འདྲ་བ་རེ་ལ་བརྟེན་ནས་གངས་ལྗོངས་སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་ཅེས་གྲགས། དེ་དག་གི་སྲོལ་འཛིན་སློབ་དཔོན་དང་བཀའ་བབས་བརྒྱུད་ཚུལ་སོགས་དེབ་ཐེར་ཀུན་ལ་སྐབས་དོན་ཅི་རིགས་སྒོ་ནས་ཡོངས་སུ་གྲགས་པས་འདིར་ཟློས་པའི་དགོས་པ་མེད་གཤིས་ངལ་རྩོལ་སྤངས།།
གསུམ་པ།
རང་ལུགས་ཞི་ཁྲོ་ཕུར་གསུམ་བཀའ་བབས་ཅིང་ཇི་ལྟར་དར་ཚུལ། འབྲོང་ངུར་པ་རྣམས་ཀྱི་ཕ་ཆོས་ཞི་ཁྲོ་ཕུར་གསུམ་ཞེས་སྲོག་ལས་གལ་ཆེན་བརྩི་བ་ཡིན་ཞིང་དེ་ཡང་སྔ་འགྱུར་བཀའ་གཏེར་གཉིས་ལས་དང་པོའི་ཁོང་དུ་གཏོགས། ཇི་སྐད་དུ་འབྲོང་ངུར་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་ཞི་ཁྲོ་ན་རག་དོང་སྤྲུགས་ཅེས་བྱ་བ་འདི་ཉིད་ལ། བཀའ་གཏེར་སོགས་ཀྱི་བརྒྱུད་པ་མང་ན་ཡང་རང་ལུགས་ནི། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དངོས་ཀྱི་འབྲོང་ངུར་པ་ཡེ་ཤེས་སྙིང་པོ་ལ་གནང་ཏེ། མི་ཁྱེད་གནམ་ལ་རིག་འཛིན་གྱི་བརྒྱུད་པ་ཟམ་མ་ཆད་པ། ས་ལ་དཀྱིལ་འཁོར་གྱི་བཀྲག་མ་ཡལ་པ། བར་ལ་རྡོ་རྗེའི་གྲལ་རྐང་མ་ཞིག་ཞིང༌། མི་བརྒྱུད་ཆུ་བོའི་གཞུང་ལས་རིང་བ། འགྲོ་དོན་ནམ་མཁའ་དང་མཉམ་པ་ཡོང་གསུངས་ཤིང་ཀུན་ཏུ་བཟང་པོའི་ཐུགས་རྗེས་བྱིན་རླབས་ནས། ཁྱོད་ཀྱི་གདུང་རབས་བརྒྱ་དང་བཅུ་གསུམ་བར། ཆོས་མ་བྱས་ཀྱང་སངས་རྒྱས་པ་ཐེ་ཚོམ་མེད། ཀུན་རྫོབ་དོན་དམ་ཆོས་སྤྱོད་གང་བྱས་ཀྱང༌། གང་ཟག་གཞན་ལས་འགྲོ་ལ་ཕན་ཐོགས་ཆེ། ཞེས་སོགས་གསུངས་ནས་ཞི་ཁྲོ་ཕུར་གསུམ་གྱི་དབང་ལུང་མན་ངག་དང་བཅས་པ་དང༌། སོགས་ནས་འགྲོ་མགོན་གངས་པ་ལ་ཐུག་པ་ཡིན་ཞེས་པ་ལྟར་རོ།། རྡོ་རྗེ་ཕུར་པ་ནི། ཇི་སྐད་དུ་འབྲོང་ལུགས་ལས། ཕུར་པ་རིག་པ་མཆོག་གི་རྒྱུད་བྱེ་ཏོ་ཏ་མ་འབུམ་སྡེའི་ནང་ནས་བཏུས་ཤིང་ལྟ་བ་ཨ་ཏི་ཡོ་གར་རྟོགས་ཤིང་སྐྱེད་པ་མ་ཧ་ཡོ་གར་གཏོགས་ལ། གཉིས་ཀ་དང་མི་འགལ་བས། ལུང་ཨ་ནུ་ཡོ་ག་གཙོ་ཆེ་བར་གདའ་བས་གསུངས། གཞན་དུ་དེ་ལྟར་སྔོན་རབས་པ་རྣམས་ཀྱིས་ཡི་དམ་ཡོངས་ཀྱི་གཙོ་བོ་ཕུར་པ་ཁོ་ནས་བཟུང་པ་ཡིན་པས་ཡང་དག་སྐོར་དེས་ཤེས་ལ་རྡོ་རྗེ་ཕུར་པ་ཇི་ལྟར་དར་ཚུལ་ནི། ཨོ་རྒྱན་གྱི་མཁན་པོ་པདྨ་སམ་བྷ་བའི་ཞབས་ལ་བརྒྱུད་དེ། ཕུར་པ་རྒྱལ་པོ་ལུགས། ཇོ་མོ་ལུགས། ལྕམ་ལུགས། ཡང་སྣ་སྣམ་རང་ལུགས། ལྷ་ནག་ལྷ་ཁྲ་སྟེ་སྐུ་མདོག་ལས་གྲགས་པ་སོགས་རྣམ་གྲངས་ཐ་དད་པ་མང་མོད། དེ་དག་ཀྱང་ངོ་བོ་གཅིག་ལ་མན་ངག་གི་ལྡོག་ཆ་དང༌། བཀའ་བབས་ཀྱིས་ཁྱད་པར་ལས་དེ་དང་དེར་གྲགས་པའོ་ཞེས་གསུངས་པ་དོན་ལ་གནས་ཤིང༌། རང་ལུགས་འདི་ལོ་ཙཱ་ལུགས་ཡིན་པ་མཁྱེན་དགོས་ལ་ཕྱིས་སུ་ཇོ་མོ་ལུགས་དང༌། བརྒྱུད་པ་གཅིག་འདྲེས་སུ་གྱུར་པ་ཡིན་ཞེས་ཚད་ལྡན་འགའི་གསུངས་ལས་ཐོས་སོ།། ཆུ་མགོ་གངས་ལས་བབས་པ་དེ་བཞིན་བསིལ་ལྗོངས་ཁ་བའི་ལྗོངས་སུ་ཞི་ཁྲོ་ཕུར་གསུམ་བརྒྱུད་རིམ་ཇི་སྙེད་ཐམས་ཅད་རིག་འཛིནཆེན་པོ་པདྨ་འབྱུང་གནས་ཞལ་ལས་མ་བརྒྱུད་པའི་བཀའ་སྲོལ་གང་ཡང་མེད་པར་མངོན་ནོ།།
དེ་ཡང་སློབ་དཔོན་ཧཱུྃ་ཀ་ར་དང་པདྨ་འབྱུང་གནས་རྣམ་གཉིས་བལ་ཡུལ་ཡང་ལེ་ཤོད་དུ་སྒྲུབ་ལ་བཞུགས་ཚེ་ལོ་ཙཱ་ཡེ་ཤེས་སྙིང་པོའི་ཐོག་དྲངས་པུ་རང་མི་བརྒྱ་སྐོར་ཞིག་དེར་ལྷགས། དུས་དེར་སློབ་དཔོན་རྣམ་གཉིས་ལ་ཕྱག་དང་ངེད་རྣམས་རྒྱ་གར་དུ་ཆོས་སློབ་ཏུ་འགྲོ་བར་བར་ཆད་མེད་པར་མཁྱེན་ཞུས་ཏེ་གཞན་རྣམས་འཕགས་ཡུལ་དུ་ཕྱིན། གོང་མའི་བཀས་བསྐུལ་བ་ལྟར་བཞུགས་ཏེ་ཡེ་ཤེས་སྙིང་པོར་ཞི་ཁྲོ་ཕུར་གསུམ་དབང་ལུང་མན་ངག་རྟེན་རྫས་སྒྲུབ་རྫས་བཅས་གནང་ཏེ་དབེན་པར་སྒྲུབས་ཤིག་གསུངས་པ་དང་དུ་བླངས་བས་རྩོད་མེད་གྲུབ་ཆེན་དུ་གྱུར། དམ་པ་འདི་ཉིད་སྤྱི་ལོའི་དུས་རབས་དགུ་པའི་དུས་མགོ་ཙམ་དུ་སྐུ་འཁྲུངས། རྟེན་རབ་བྱུང་ཡིན་ལ། སྒྲ་བསྒྱུར་ལ་ལེགས་པར་མཁྱེན་པས་རྒྱལ་བའི་བཀའ་དང་བསྟན་བཅོས་སོགས་བོད་ཡིག་ཏུ་བསྒྱུར་བར་མཛད་དེ། སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། སྒྱུར་རྩོམ་ནི། བཀའ་འགྱུར་ལས། འཕགས་པ་བཅོམ་ལྡན་འདས་ཀྱི་ཡེ་ཤེས་རྒྱས་པའི་མདོ་རིན་པོ་ཆེ་མཐའ་ཡས་པ་མཐར་ཕྱིན་པ། བམ་པོ་ཉི་ཤུ་རྩ་ལྔ་པ་དང༌། འཕགས་པ་རིན་ཆེན་དྲྭ་བ་ཅན་གྱིས་ཞུས་པའི་མདོ། བམ་པོ་གཅིག་པ། འཕགས་པ་སེངྒེའི་སྒྲ་བསྒྲགས་པ་ཞེས་བྱ་བའི་མདོ། བམ་པོ་གཅིག་པ་སོགས་བཞུགས་སོ། །ཞེས་གཞན་དུ་གསལ། བཀའ་དྲིན་ཆེ་བའི་ལོ་ཙཱ་དེ་ཉིད་ཀྱིས་ཞི་ཁྲོ་ཕུར་གསུམ་དབང་ལུང་མན་ངག་དང་བཅས་པ་རྒྱས་པར་མཐའ་དག་བཀྲིས་དབང་གྲུབ་ལ་བཤད། དེ་ནས་ཛ་ཡེར་འཁྲུལ་གྱི་གཤོག་རྒོད། རྡོ་རྗེ་ནག་པོ། ཁོ་དེ་དབང་གྲུབ། མེས་པོ་རྒྱ་བྱིན། ཡབ་ཆེན་ཇོ་ནག་གི་བར་དུ་དར་ཞིང་ཡབ་མེས་རྣམས་ཕུར་བུའི་གྲུབ་ཐོབ་ཡིན་པ་ཚད་ལྡན་ཡིག་རྙིང་རྣམས་སུ་གསལ་བ་ལྟར་ཡིན། ཁྱད་པར་དུ་རྒྱལ་བ་འབྲི་གུང་པས། མར་མེ་མཛད་སྐབས་ཉ་པ་སྤང་ལེབ་འཛིན། །ཐུབ་པའི་སྤྱན་སྔར་བྲམ་ཟེ་ཧ་ལུར་སྤྲུལ། །པད་འབྱུང་ཐུགས་སྲས་ཡེ་ཤེས་སྙིང་པོ་སོགས། །ཞེས་དང༌། བསྟན་པའི་དཔལ་གྱུར་གུ་ཤྲཱི་འབྲོང་ངུར་པ། །ཞེས་གསུངས་པ་ལྟར་འཕགས་བོད་རྣམས་སུ་སྐྱེ་འཕྲེང་རིམ་པར་བྱོན་ཞིང་ལོ་ཙཱ་ཡེ་ཤེས་སྙིང་པོའི་སྐྱེ་མཐའ། དཔལ་ཀརྨ་པ་དུས་གསུམ་མཁྱེན་པའི་ཐུགས་སྲས་བུ་བཞིའི་ཡ་གྱལ་འོག་མིན་མཚུར་ཕུའི་ཁྲི་རབས་བཞི་པ་རྒྱལ་བ་འབྲོང་ངུར་ཆོས་རྗེ་སྐྱེ་འཕྲེང་དང་པོ་རྒྱལ་བ་འགྲོ་མགོན་གངས་པ་རིན་ཆེན་འོད་ཟེར་མཆོག སྤྱི་ལོ་ ༡༡༧༥ ལོར་ཡབ་རྗེ་ཇོ་ནག་གི་སྲས་སུ་འཁྲུངས། ༡༢༥༨ མྱ་ངན་མ་འདས་བར་བསྟན་འགྲོའི་དོན་ཁོ་ནར་རྩོམ་པའི་རྣམ་ཐར་དཔག་ཏུ་མེད་ཀྱང་མེ་མོའི་གནས་ཡིག་སོགས་སུ་གསལ་བས་འདིར་མ་སྤྲོས། རྗེ་འདི་ཉིད་ཆུང་དུས་ནས་ཡབ་ལས་སྔ་འགྱུར་བཀའ་མའི་ཆོས་ལེགས་པར་གསན་ཏེ་ཐུགས་ཉམས་སུ་བཞེས་པས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། དག་སྣང་ཞིག་ལ་ཟངས་མདོག་དཔལ་རིར་ཕེབས་ཏེ་ཨོ་རྒྱན་སངས་རྒྱས་གཉིས་པའི་དྲུང་ནས་ཞི་ཁྲོ་ཕུར་གསུམ་བྱིན་རླབས་ཚན་ཁ་འབར་བ་ཉེ་བརྒྱུད་དུ་ཐོབ། སྒྲུབ་རྟེན་མགུལ་ཕུར་སོགས་བསྩལ། དབུགས་དབྱུངས་གཟེངས་བསྟོད་ལུང་བསྟན་ལྟར་མདོ་ཁམས་སུ་སྤྱི་ལོ་ ༡༢༤༨ ལོར་ས་སྤྲེལ་ཟླ་བ་བདུན་པའི་ཚེས་བཅོ་ལྔར་ལུང་ཟིན་ལྟར་མེ་མོར་སྒོ་དབྱེ་དང་འབྲེལ་ཤག་འབྲོང་ངུར་དགོན་ཕྱག་བཏབ། ནགས་སོག་ལ་འགྲོ་ཕན་ཤིན་ཏུ་ཆེ། འདས་རྗེས་སྐྱེ་འཕྲེང་རིམ་པར་ཕེབས་པའི་ད་ལྟར་བཅུ་དྲུག་ངེས་དོན་བསྟན་པའི་རྒྱལ་མཚན་ཞབས་བརྟན་བཞིན་པའི་བར་དུ་ཕེབས། དེ་དག་གི་སྐོར་གཞན་དུ་གསལ་བས་འདིར་མ་བཀོད། འབྲོང་ལུགས་དོན་བརྒྱུད་གསེར་གྱི་ཕྲེང་བ་ནི། གོང་གསལ་རྒྱལ་བ་འགྲོ་མགོན་གངས་པས་རྒྱ་མཚོ་བླ་མ་ལ་གནང༌། དེ་ནས་རིམ་པར། གདན་ས་རིན་གྲགས། སངས་རྒྱས་རིན་སྲུང༌། འབྲོང་ངུར་ཆོས་རྗེ་སྐུ་འཕྲེང་གཉིས་པ་རྣལ་འབྱོར་གྲགས་པ་རྒྱལ་པོ། མཁས་བཙུན་རིན་ཆེན་རྒྱལ་མཚན། འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་གསུམ་པ་གུ་རུ་ཁྱུང་སྟོན་འོད་པོ། གླིང་རས་འོད་ཟེར་རྒྱལ་མཚན། མཉམ་མེད་རིན་ཆེན་ལྷུན་པོ། མཁས་བཙུན་བུདྷ་རཏ྄ན། ཆོས་སྐུ་རིན་ཆེན་བཟང་པོ། འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་བཞི་པ་ཁྱུང་སྟོན་ལྷུན་གྲུབ་རྒྱལ་མཚན། བཀའ་བཞི་འཛིན་པ་སངས་རྒྱས་རྒྱལ་མཚན། རྣལ་འབྱོར་དབང་ཕྱུག་གྲགས་པ་བློ་གྲོས། སྔགས་འཆང་ཀུན་དགའ་བློ་གྲོས། གདན་ས་པ་ཀུན་དགའ་བཟང་པོ། མཐུ་སྟོབས་དབང་ཕྱུག་སངས་རྒྱས་ལྷུན་གྲུབ། སྤྲུལ་སྐུ་ཡེ་ཤེས་རྒྱ་མཚོ། གྲུབ་ཆེན་རིན་ཆེན་བཀྲ་ཤིས། ནུས་ལྡན་ཀུན་དགའ་བློ་གྲོས། ཀརྨ་ཨ་མི་སམ་ལི། ཀརྨ་དཔའ་བོ་བརྒྱ་ཡོ། འབྲོང་ངུར་ཆོས་རྗེ་ལྔ་པ་ཀརྨ་པདྨ་དྷོ་ཛ། ཀརྨ་ངག་དབང་རྒྱལ་མཚན། འབྲོང་ངུར་ཆོས་རྗེ་དྲུག་པ་ཀརྨ་ཨརྱ་སིདྷི། ཀརྨ་གུ་རུ་རྒྱལ་མཚན། འབྲོང་ངུར་ཆོས་རྗེ་བདུན་པ་ཀརྨ་དགེ་བའི་དབང་པོ། ཀརྨ་རིན་ཆེན་མཚན་ཅན། ཀརྨ་བུདྡྷ་རབ་བརྟན། བླ་མ་ཀརྨ་དཔལ་འབར། འབྲོང་ངུར་ཆོས་རྗེ་བརྒྱད་པ་བླ་མ་གངས་པ་མཆོག་རྒྱལ། བརྒྱུད་འཛིན་བསོད་ནམས་རྒྱ་མཚོ། འབྲོང་ངུར་ཆོས་རྗེ་དགུ་པ་དགེ་བའི་དབང་པོ། ཀརྨ་འཕྲིན་ལས་རང་གྲོལ། ངག་དབང་མཐུ་སྟོབས་མེ་འབར། འབྲོང་ངུར་ཆོས་རྗེ་བཅུ་པ་རཏ྄ན་བསྟན་འཛིན་བྷ་དྲ། གུ་རུ་རཏ྄ན་ཀིརྟི། འབྲོང་ངུར་ཆོས་རྗེ་བཅུ་གཅིག་པ་རཏ྄ན་བསྟན་འཛིན་དོན་གྲུབ། ངེས་ལེགས་ཆོས་ཀྱི་དབང་པོ། འབྲོང་ངུར་ཆོས་རྗེ་བཅུ་གཉིས་པ་དཀོན་མཆོག་བསྟན་འཛིན་རྣམ་གྲོལ། བསྟན་འཛིན་འཕྲིན་ལས་ལྷུན་གྲུབ། ཀརྨ་ཨོ་རྒྱན་འགྲོ་འདུལ། འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་བཅུ་གསུམ་པ་ཀརྨ་བྷ་དྲ། ཀརྨ་ཤེས་རབ། བླ་མ་ངག་དབང༌། འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་བཅུ་བཞི་པ་དཀོན་མཆོག་བསྟན་འཛིན། འབྲོང་ངུར་ཐུབ་དབང༌། འབྲོང་ངུར་ཆོས་རྗེ་སྐུ་ཕྲེང་བཅོ་ལྔ་པ་བསྟན་འཛིན་འགྲོ་འདུལ། འབྲོང་ངུར་རས་ཆུང་རིན་པོ་ཆེའི་བར་ཉམས་མྱོང་དང་རྟོགས་པ་བར་མ་ཆད་པར་བརྒྱུད་ཅིང་ལོ་དང་རྫ་དམར་ཤག་སོགས་འབྲོང་ངུར་གདན་ས་ཡས་མས་རྣམས་སུ་དུས་ད་བར་ཡང་མ་ཉམས་པར་གནས་ཡོད་ཀྱང་ད་དུང་ཉམས་པ་སླར་གསོ་མི་ཉམས་གོང་འཕེལ་བྱ་རྒྱུ་རང་ལུགས་འཛིན་པ་ཀུན་གྱིས་གཅེས་པར་བྱོས།
ཟབ་རྒྱས་མདོ་སྔགས་ཆོས་ཚུལ་དྲི་མེད་ལམ། །ཡང་གསང་ནང་བརྒྱུད་ཡོ་ག་སྡེ་གསུམ་གྱི། །
དྭངས་མ་འབྲོང་ལུགས་ཞི་ཁྲོ་ཕུར་གསུམ་ཡང༌། །ཉམས་མེད་དེང་འདིར་འཕེལ་བ་ལྷ་མིའི་རྟེན། །
འདི་ནི་ཀུན་གྱིས་རྟོགས་སླ་གྲོང་ཆོག་མིན། །ང་བདག་ཉོན་མོངས་འཕེལ་བའི་ས་བོན་མིན། །
རིག་འཛིན་བརྒྱུད་པའི་བྱིན་རླབས་མ་ཉམས་པའི། །དྲང་སྲོང་མེས་བོའི་ཤུལ་བཞག་གཅེས་ནོར་རོ། །
ཞེས་བར་སྐབས་ངལ་གསོ་བའི་ཚིག་གོ།།
བཞི་པ།།
འདི་ཉིད་ཀྱི་བརྒྱུད་པ་གོང་བྲིས་ལྟར་དང་འཕགས་ཡུལ་ནས་པདྨ་འབྱུང་གནས་བར་དུ་བརྒྱུད་ཚུལ་རང་གཞུང་དབང་ཆོག་རྣམས་སུ་གསལ་བས་འདིར་མ་བྲིས་ཤིང༌། བོད་དུ་ལོ་ཙཱ་ཡེ་ཤེས་སྙིང་པོ་སློབ་དཔོན་ཞབས་ལ་གཏུགས་པ་བརྗོད་ཟིན་ལྟར་དང༌། ལྷག་པར་འགྲོ་མགོན་གངས་པ་མཆོག་ལ་རིང་བརྒྱུད་བཀའི་ཆུ་བོ་བབས་པ་མ་ཟད་ཉེ་བརྒྱུད་པད་འབྱུང་ལས་ཐོབ་པའི་བཀའ་གཏེར་གཉིས་ལྡན་ཡིན་པ་སྨྲོས་ཅི་དགོས་ཀྱང་ཡོངས་གྲགས་བཀའ་མའི་ཁོངས་སུ་གཏོགས་པ་དེ་ལྟར་ལགས། ཡང་ལྷོ་རོང་ཆོས་འབྱུང་ལས། མྱེས་སེངྒེ་རྒྱལ་མཚན་གྱིས་རྒྱ་གར་གྱི་པཎྜིཏ་ཕྲ་ལ་རིང་མོ་ལས་ཕུར་པ་ལྷན་སྐྱེས་གཅིག་གི་སྒྲུབ་དཀྱིལ་རྣམས་གསན་ནས་མི་རབས་ཡ་ཟུང་དུ་ཕུར་བུའི་སྒྲུབ་ཐོབ་ཏུ་གྲགས་སོགས་དང༌། གངས་དཀར་བ་མཚན་ཏུ་ཐོགས། སོ་ཡེ་ཤེས་དབང་ཕྱུག་ལས་སྒྱུ་འཕྲུལ་ཞི་ཁྲོའི་སྐོར་རྣམས་གསན་སོགས་མཁས་པ་རྣམས་ཀྱིས་གསུངས་ཚུལ་མི་འདྲ་བ་ཅུང་ཡོད་ཀྱང་འགལ་བ་ཆེར་མེད་དེ། རང་ལུགས་སྨིན་གྲོལ་གཞུང་ནི་ཆུ་གངས་ལ་ཐུག་པ་ལྟར་རྡོ་རྗེ་འཆང་ནས་པདྨ་འབྱུང་གནས་བར་དང་དེ་ནས་གོང་དུ་བརྗོད་པ་བཞིན་ལོ་ཆེན་མཆོག་ལ་བཀའ་བབས་པའི་ལོ་ཙཱ་ལུགས་དང་ཕྱིས་འབྲོང་ལུགས་སུ་གྲགས་པ་རྩ་བ་བཟུང་བ་གང་ཞིག་ལ་བརྒྱུད་པ་གཞན་རྣམས་ཀྱང་ཆུ་བོ་གཅིག་འདྲེས་སུ་མཐོང་ཏེ། དཔེར་ན་བརྒྱུད་འདེབས་སུ་མི་མཆོག་སེང་གེ་རྒྱལ་མཚན་དང༌། སོ་ཡེ་ཤེས་དབང་ཕྱུག་སོགས་གསལ་བའི་ཕྱིར་རོ།། གཞན་ཡང་གསར་དུ་འཕྲུལ་ཡིག་བཏབ་པའི་ཞི་ཁྲོ་ཕུར་གསུམ་གླེགས་བམ་ཞིག་ཏུ་བླ་བརྒྱུད་ཀརྨ་ཨོ་རྒྱན་འགྲོ་འདུལ་མཚམས་ནས། དེའི་དཀོན་མཆོག་གཞན་ཕན་དབང་ཕྱུག་བཟང་པོ་ལ། དེའི་ཆོས་རྗེ་ཀརྨ་བྷ་དྲ་ལ། དེའི་ངག་དབང་དཀོན་མཆོག་རིན་ཆེན་ལ། དེའི་དམ་ཆོས་ཀུན་བཟང་རང་གྲོལ་ལ། དེའི་དཀོན་མཆོག་བསྟན་འཛིན་འགྲོ་འདུལ་ལ། དེའི་བསྟན་འཛིན་ཆོས་ཀྱི་ཉི་མ་ལ་བཤད། དེའི་འབྲོང་ངུར་དཀོན་མཆོག་བསྟན་འཛིན་ལ་བཤད་ཅེས་བྲིས་འདུག་པ་ཁོང་ཅག་གི་ལྷག་བསམ་ལ་རྨ་མེད་ཀྱང་བྱེད་འབྲེལ་ཙམ་གྱི་ཁྱད་མི་ཤེས་བཞིན་དུ་གང་བྱུང་འབྲི་བརྗོད་བྱེད་པ་བསྟན་པ་ཉམས་སུ་འཇུག་པའི་བདེན་རྟགས་སུ་མཐོང༌། སྤྱི་བཏང་བླ་བརྒྱུད་རིམ་པ་ནི་གོང་མས་བྱིན་རླབས་འོག་མར་ཞུགས་ཞིང་འོག་མས་གོང་མའི་བརྒྱུད་པ་ཟིན་ཐུབ་ངེས་དམ་སེལ་མེད་པ་ཞིག་དགོས་པ་ལས་ག་གེ་མོ་ལས་དབང་ལུང་ཞིག་ཐོབ་མྱོང་ཡོད་པ་ཙམ་གྱིས་དོན་བརྒྱུད་དུ་ཆུད་ཐབས་གཏན་ནས་མེད་པ་ཡོངས་གྲགས་ལྟར་རེད། དེར་ཁ་བསྐང་བགྱིས་པར་གོ་རིམ་འཆལ་བ་དང༌། གང་བྱུང་བཙུད་པ་སོགས་བྱས་འདུག་པ་རེ་རེ་ནས་བསལ་བར་འདོད། དམ་ཆོས་ཀུན་བཟང་རང་གྲོལ་སྐུ་འཕྲེང་བཅུ་པ་དང༌། དཀོན་མཆོག་གཞན་ཕན་དབང་ཕྱུག་བཟང་པོ་དེའི་སྐུ་ཕྲེང་བཅུ་གཉིས་པ་རེད། དེ་བཞིན་དཀོན་མཆོག་བསྟན་འཛིན་འགྲོ་འདུལ་འབྲོང་ངུར་ཆོས་རྗེ་བཅོ་ལྔ་པ་དང༌། འབྲོང་ངུར་ཆོས་རྗེ་དཀོན་མཆོག་བསྟན་འཛིན་ནི་ཆོས་རྗེ་སྐུ་རབས་བཅུ་བཞི་པ་རེད། མ་ཟད་བསྟན་འཛིན་ཆོས་ཀྱི་ཉི་མ་ནི་ཛམ་དམར་གོང་མ་སྟེ་ཆོས་རྗེ་བཅོ་ལྔ་དང་ན་མཉམ་ཡིན་ལ་ཁོང་ཆོས་རྗེ་ལས་ཞི་ཁྲོ་ཕུར་གསུམ་ཞུས་པའི་ལོ་རྒྱུས་གང་ཡང་མེད། མདོར་ན། ཀརྨ་ཨོ་རྒྱན་འགྲོ་འདུལ་ཕྱིན་ཆད་བརྒྱུད་རིམ་གོང་འོག་འཁྲུགས་ཡོད་པས་གོང་གསལ་ཁོ་བོས་བསྒྲིགས་པ་ལྟར་ཡིན་ནོ། དེ་ཡང་མཁས་གྲུབ་ཀརྨ་ཆགས་མེད་ཀྱིས། ཕྱིན་ཆད་མཁས་བླུན་མཐོ་དམན་གང་ཡིན་གྱིས། །བཅོས་བསླད་མི་བྱ་དྲང་པོར་བཞག་པར་ཞུ། །གལ་སྲིད་རྩོམ་དགོས་རང་སྟོབས་ཀྱིས་བསྐྲུན་པའི། །གཞུང་ཆེན་མང་པོ་མཛོད་དང་ཡི་རང་ངོ༌། །འདི་ཉིད་སྐྱོན་བྲལ་བཅོས་བསླད་དགོས་པ་མེད། །གཏེར་ཆོས་ཕལ་ཆེར་བཅོས་དྲག་བྱིན་རླབས་ཡལ། །ཞེས་གསུངས་པ་ཐུགས་ལ་བཅངས་ཏེ་བག་ཡོད་པར་བགྱི་ན་མི་ལེགས་སམ། འདི་ཙམ་མ་ཟད་དོང་སྤྲུགས་ཆོ་ག་ཡིག་རྙིང་ལྟར་ལས་གསར་དུ་འཕྲི་བསྣན་བྱེད་པའང་མཐོང་བས་ལེགས་པའི་ངང་ཚུལ་ཞིག་མིན་ཞེས་སྨྲ་འདོད། ཁ་ཅིག་གིས་ཁྱེད་རང་གིས་བསྒྲིགས་པ་ཚད་ལྡན་ཡིན་པའི་སྒྲུབ་བྱེད་ཅི་ཡོད་ཅེ་ན། འདི་ལྟ་ཡིན་ཏེ། འབྲོང་ངུར་བླ་མ་ཐུབ་དབང་རིན་པོ་ཆེའི་ཕྱག་དཔེ་དོང་སྤྲུགས་དབང་ཆོག་བྲིས་རྙིང་ནང་དུ་ཀརྨ་ཨོ་རྒྱན་འགྲོ་འདུལ་བར་གསལ་ཡོད་པ་ལྟར་དང༌། རང་གྲོལ་སྐུ་ཕྲེང་བཅུ་གཉིས་དཀོན་མཆོག་གཞན་ཕན་དབང་ཕྱུག་བཟང་པོས་ཞི་ཁྲོ་ཕུར་གསུམ་བརྒྱུད་འདེབས་ཁ་བསྐང་བགྱིས་པར། ཆོས་རྗེ་ཀརྨ་བྷ་དྲ་དང༌། ཀརྨ་ཤེས་རབ༌། བླ་མ་ངག་དབང༌། འབྲོང་ངུར་དཀོན་མཆོག་བསྟན་འཛིན་བར་བརྗོད་རིམ་གསལ་པོར་འཁོད་པར་འཁྲུལ་བ་མེད་མོད། དེས་འབྲོང་ངུར་ཐུབ་དབང་རིན་པོ་ཆེ་དང༌། དེས་ཆོས་རྗེ་བསྟན་འཛིན་འགྲོ་འདུལ། དེས་འབྲོང་ངུར་རས་ཆུང་བར་དུ་མ་འཁོད་པ་ལས་འཁྲུལ་བར་མངོན་ནོ། །འདི་ཉིད་ཀྱི་ཐོབ་ཚུལ་ཇི་ལྟར་ཤེས་ཞེ་ན། ཆོས་རྗེ་གོང་མ་ཁྲིར་བཀོད་རྗེས་ཐུབ་དབང་རྡོ་རྗེ་འཆང་འབྲོང་ངུར་གདན་སར་བསུས་ཏེ་ཆོས་རྗེ་གོང་མ་དང༌། ཛམ་དམར། འབྲོང་ངུར་སྲས་ཆུང༌། རང་གྲོལ་བཅུ་གཉིས་པ་གཞན་ཕན་དབང་ཕྱུག་བཟང་པོ་སོགས་ཀྱིས་རང་ལུགས་སྨིན་གྲོལ་ཆ་ཚང་ཞུས་ཡོད་པས་རྒན་རབས་ཀུན་གྱིས་མཁྱེན་གསལ་བཞིན་ནོ། །གཞན་རྣམས་ལས་བརྒྱུད་པ་མེད་ཀྱང་འབྲོང་ངུར་ཆོས་རྗེ་དང་སྲས་ཆུང་ཟུང་གིས་མ་འོངས་སྔོན་གཟིགས་བསྟན་རྒྱུན་ལ་དགོངས་ཏེ་སྤྱི་ལོ་་ ༡༩༥༨ ལོར་རང་དགོན་དུ་ཕུར་སྒྲུབ་དང་སྦྲགས་སྨིན་གྲོལ་ཆ་ཚང་བསྩལ་བ་ཡོངས་གྲགས་ཡིན་ལ། ལྷག་པར་རིགས་དང་ཆོས་ཀྱི་གདུང་འཛིན་པ་པོ་འབྲོང་ངུར་རས་ཆུང་ལ་བཀའ་ལུང་བརྒྱུད་པ་བབས་པས་གཟུར་གནས་དོན་གཉེར་རྣམས་ཀྱིས་ཕྱི་བཤོལ་མེད་པར་བསྟེན་དགོས་སོ། །དེ་ལྟར་གཟུ་བོར་བློས་དཔྱད་ཙམ་བགྱིས་ཏེ་རེ་ཞིག་མཚམས་འདིར་འཇོག་པར་འདོད་དོ།།
སླར་སྨྲས་པ།
གཞན་ཟློས་བྱེད་དང་གཞན་སྐྱོན་འཚོལ་བ་སོགས། །དམ་པའི་སྨད་པའི་སྤྱོད་ངན་རིང་དོར་ཏེ། །
ཡང་དག་ལྷག་བསམ་ཆབ་ཀྱིས་སེམས་སྦྱངས་ནས། །ངལ་བའི་སོར་མོའི་འདུ་བྱེད་ཁོ་བོས་བསྟེན། །
འདི་ནི་ཆེན་པོས་བསྐུལ་དང་ཆེན་པོའི་ངག །མིན་ཡང་གཟུར་གནས་ངལ་གསོའི་བབ་བསྟེགས་སམ། །
རང་རེའི་ཆེན་པོས་བསྐྱུར་བ་མ་བཟོད་དེ། །དྲི་མེད་བསྟན་རྒྱུན་གསོ་བའི་སྔོན་བརྡ་ཙམ། །
ཨེ་མ་མཚོ་སྐྱེས་རྒྱལ་བ་གཉིས་པ་ནས། །ཡེ་ཤེས་སྙིང་པོའི་སྐྱེ་མཐའ་འབྲོང་ངུར་པས། །
ལེགས་པར་སྤེལ་བའི་གདམ་ཟབ་རིན་ཆེན་གཏེར། །བདག་མེད་ཡལ་བོར་ལུས་འདི་ཞེ་ནས་སྐྱོ། །
ཉམ་ཆུང་གྲོགས་ཀྱི་བློ་སེམས་དཀར་ན་ཡང༌། །ལྟ་སྤྱོད་རྩིང་པས་རང་བཟོས་ཆོ་ག་བསླད། །
སྐྱེས་སྦྱངས་ཞན་པས་བརྒྱུད་པའི་གོ་རིམ་བསྣོལ། །ཉག་ཕྲའི་ཚུལ་གྱིས་རང་ཡིད་སྐྱོ་ལ་ཕྱོགས༌། །
ཁ་ཅིག་རིས་མེད་གཏམ་གྱིས་ཚིག་འགྲོས་སྙན། །ཁ་ཅིག་རང་ལྟ་མཆོག་འཛིན་གཞན་ཕྱོགས་སྣུབ། །
ཆེན་པོས་ཆུང་ངུ་ཟ་བའི་དུས་སྐབས་འདིར། །རང་འཁྲིའི་ལས་སྐལ་མ་ཤོར་མཆེད་གྲོགས་རྣམས། །
ཀུན་གྱིས་ལེགས་སོ་སྟེར་བའི་རེ་བ་དང༌། །མི་འདོད་ཁྲོ་ཚིག་བརྗོད་ཀྱང་ཞུམ་པ་མེད། །
འོན་ཀྱང་བསྟན་སྲོལ་འདི་ཉིད་ཉག་ཕྲ་བས། །སྲི་ཞུ་ཅུང་ཟད་ཙམ་ཡང་འགྲུབ་ན་སྙམ། །
ཞེས་རྒྱལ་བ་འབྲི་འབྲོང་ཡབ་སྲས་ཀྱི་བསྟན་ཞབས་སུ་སྐྱེས་པའི་རྒྱལ་བ་འབྲོང་ངུར་ཕོ་ཉ་བསྟན་འཛིན་ལམ་བཟང་འབོད་པས་སྤྱི་ལོ་ ༢༠༠༨ ཟླ་བ་ ༥ ཚེས་ ༡༠ ཉིན་སྔ་འགྱུར་མཐོ་སློབ་ཏུ་བྲིས། །
ཡག་པོ་ཡོད་ས་རེད། ཆ་ཚང་ཀློག་ཁོམ་མ་སོང་ལགས།
གོང་ས་ལྔ་པའི་སྐབས་སུ་ཆོས་རྗེ་སྐུ་འཕྲེང་དགུ་པ་དགེ་བའི་དབང་པོར་མཐོང་ཆེན་གནང་བ་ལྟར་སྣང་ཙམ་དུ་ཡིན་པ་དང་། དོན་ངོས་མ་སོག་འབྲོང་ངུར་དགོན་ནམ་ཙན་དན་དགོན་པ་དགེ་ལུགས་གཙང་མར་བསྒྱུར་བ་དང་། དགེ་བའི་དབང་པོའི་གདན་ས་ཤག་འབྲོང་ངུར་དེ་ཉིད་ཡང་དགེ་བསྒྱུར་བྱེད་ཡག་གི་སླད་དུ་དགོན་པའི་མིང་ཡང་༼ཞབས་དགོན་བཀའ་འགྱུར་རི་ཕུག་༽ཅེས་བཏགས་ཡོད་པ་དང་། ཀརྨ་བཀའ་བརྒྱུད་པའི་ཆོས་ལུགས་རྨང་ནས་མེད་པ་བཟོས་ཡོད་ཀྱང་། ད་དུང་དེང་དུས་མཁས་དབང་ནང་གི་ཡང་མཁས་འགའ་ཞིག་གིས་དགེ་བའི་དབང་པོར་ལྔ་པས་གོ་གནས་བསྩལ་རབས་སོགས་མེད་པར་ཡོད་པ་བཟོ་བ་དང་། ཡོད་པར་ལྷན་པ་རྒྱག་པ་སོགས་ངོམས་སོ་བྱེད་བཞིན་པ་དག་ནི་ཕ་བསད་རྒྱལ་རྔ་བརྡུང་བའི་ངང་ཚུལ་ཞིག་དང་ཅོལ་ཆུང་བྱིས་པའི་རང་བཞིན་ཞིག་ཡིན་པ་ལས་དོན་ངོ་མར་རྟོགས་ཡག་གི་དབང་རྩ་ཡོངས་སུ་འགུམ་ཚར་བ་འདིས་མི་སྐྱོ་འམ།
གོང་ས་ལྔ་པའི་སྐབས་སུ་ཆོས་རྗེ་སྐུ་འཕྲེང་དགུ་པ་དགེ་བའི་དབང་པོར་མཐོང་ཆེན་གནང་བ་ལྟར་སྣང་ཙམ་དུ་ཡིན་པ་དང་། དོན་ངོས་མ་སོག་འབྲོང་ངུར་དགོན་ནམ་ཙན་དན་དགོན་པ་དགེ་ལུགས་གཙང་མར་བསྒྱུར་བ་དང་། དགེ་བའི་དབང་པོའི་གདན་ས་ཤག་འབྲོང་ངུར་དེ་ཉིད་ཡང་དགེ་བསྒྱུར་བྱེད་ཡག་གི་སླད་དུ་དགོན་པའི་མིང་ཡང་༼ཞབས་དགོན་བཀའ་འགྱུར་རི་ཕུག་༽ཅེས་བཏགས་ཡོད་པ་དང་། ཀརྨ་བཀའ་བརྒྱུད་པའི་ཆོས་ལུགས་རྨང་ནས་མེད་པ་བཟོས་ཡོད་ཀྱང་། ད་དུང་དེང་དུས་མཁས་དབང་ནང་གི་ཡང་མཁས་འགའ་ཞིག་གིས་དགེ་བའི་དབང་པོར་ལྔ་པས་གོ་གནས་བསྩལ་རབས་སོགས་མེད་པར་ཡོད་པ་བཟོ་བ་དང་། ཡོད་པར་ལྷན་པ་རྒྱག་པ་སོགས་ངོམས་སོ་བྱེད་བཞིན་པ་དག་ནི་ཕ་བསད་རྒྱལ་རྔ་བརྡུང་བའི་ངང་ཚུལ་ཞིག་དང་ཅོལ་ཆུང་བྱིས་པའི་རང་བཞིན་ཞིག་ཡིན་པ་ལས་དོན་ངོ་མར་རྟོགས་ཡག་གི་དབང་རྩ་ཡོངས་སུ་འགུམ་ཚར་བ་རེད།
ཆོས་རྗེ་སྐུ་འཕྲེང་བཅུ་གཅིག་པ་དཀོན་མཆོག་དོན་འགྲུབ་སྐབས་སུ་༧འབྲི་གུང་སྐྱབས་མགོན་པདྨའི་རྒྱལ་མཚན་གྱིས་ཞབས་དགོན་བཀའ་འགྱུར་རི་ཕུག་མིང་དུ་༼ཤག་ཝ་ཐང་བཀའ་བརྒྱུད་འཕེལ་རྒྱས་གླིང་༽ཞེས་མཚན་གསོལ་ནས་བཟུང་དེང་བར་འབྲི་གུང་བཀའ་བརྒྱུད་ཀྱི་རིང་ལུགས་སུ་འཛིན་པར་གྱུར་ཏེ་གཞིས་ཀྱི་ནང་དུ་ཕ་ཆོས་བུ་ཆོས་སུ་ལྟ་བུ་ཆགས་ཡོད་པ་མ་ཟད། རྩོད་གཞི་དང་དགག་རྒྱག་གང་ཡང་མེད་པར་ཞི་བདེ་ངང་གནས་ཡོད་པར་ཉིད་ཀྱི་ཡུལ་དུས་དང་། གནས་སྐབས་འདུག་ས་སོགས་ལ་མ་ལྟོས་པར་མནོ་བསམ་ནས་མནོ་བསམ་ཞིག་ཀྱང་བཞེས་དགོས།
འབྲོང་ལུགས་ཞི་ཁྲོ་ཕུར་གསུམ་གྱི་བརྒྱུད་རིམ་འདི་ཅུང་ཟད་རྒྱས་དྲགས་པས་ཞིབ་ཕྲ་ཀློག་པའི་དུས་ཚོད་མ་བྱུང་། ཕར་ལྟས་ཚོད་ལ་ཡག་པོ་ཡོད་ས་རེད། དགོན་པ་འདི་སྔར་ནས་ད་བར་ཕལ་ཆེར་རྙིང་མ་རྙིང་རྐྱང་ཞིག་ཡིན་པར་མཚན་མས་ངེས་ཀྱི་འདུག གལ་སྲིད་བཀའ་བརྒྱུད་པའི་རིང་ལུགས་འཛིན་མཁན་གྱི་དགོན་གཞིས་ཤིག་ཡིན་ཚེ། བདེ་དགྱེས་གསང་གསུམ་གྱི་རྐང་འཛིན་དགོས་པ་ནི་ཕ་ཆོས་བུས་འཛིན་པའི་སྲོལ་བཟང་ཡིན་པས། ནམ་ཡང་རྩ་བ་བོར་ནས་ཡ་གར་འཇུག་མི་རུངས་བ་ཞིག་རེད། རྙིང་མ་སྡུག་ཅག་རེད་རྩ་བ་ནས་ཞུ་ཡི་མེད། ཡིན་ནའང་ལམ་དང་ལུགས་སྲོལ་མ་ནོར་བ་བྱེད་རྒྱུ་མཁས་པའི་གཤིས་ཡིན་པས་མཁྱེན་པར་མཛོད།།
ཡག་པོ་འདུག འབྲོང་ངུར་དགོན་དེ་ས་ཕྱོགས་གང་དུ་ཡོད། དགེ་འདུན་ཅི་ཙམ་བཞུགས། གྲུབ་མཐའ་གང་ཞིག་འཛིན། གདམས་པའི་བཀའ་བསས་སུ་ཡིན། གདུང་བརྒྱུད་ཡོད་མེད་སོགས་ཀྱང་གསུག་བར་ཞུ། མ་ཟད་བཀའ་མ་ན་བཞུགས་པའི་ཞི་ཁྲོ་པདྨ་བརྒྱ་་ལྡན་དང་། ཀཿ་དམ་པའི་ཞི་ཁྲོ་ཕུར་གསུམ། བྱང་ཆུབ་གླིང་པའི་ཞི་ཁྲོ་ཕུར་གསུམ་སོགས་དང་ཁྱད་པར་ཅི་ཡོད་ཀྱང་དང་། །ཞི་ཁྲོ་ཕུར་གསུམ་རྒྱུད་གང་ལ་བརྟེན་པ་ཡིན། །བཀའ་འདུས། དྲིལ་སྒྲུབ། བཀོལ་བྱང་གང་གི་ཀོངས་སུ་གཏོགས་ཀྱང་ཞལ་གསལ་ཞིག་བཀའ་དྲིན་སྐྱོང་བར་ཞུ། །།
དྲ་གྲོགས་ཚང་མར་ཐོག་མར་བཀྲ་ཤིས་བདེ་ལེགས་ཞུ་གི་ཡིན།
ཞི་ཁྲོ་ཕུར་གསུམ་དབང་རྒྱུན་ལུང་རྒྱུན་ཙམ་ཞིག་བྱིན་རླབས་བརྒྱུད་པ་ཨེ་ཡིན་ན།བྱིན་རླབས་བརྒྱུད་པ་ཡིན་ན་ད་ལྟ་གྲུབ་སུ་བཞུགས་ཡོད་རེད། སྔར་མེད་གསར་བྱུང་ད་ལྟ་འབྲོང་ངུར་གྲུབ་མཐའ་གསར་བཟོ་བྱས་པ་ཡིན་ནམ།གང་ལྟར་བོད་གངས་ཅན་ཡུལ་ན་སྔོན་མ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་མ་བཏོགས་དགུ་གོ་མ་མྱོང་ག་འདྲ་ཡིན་ཁྱེད་ཀྱི་གསལ་བཤད་ཞིག་གནང་རོགས་ཞུ།།
ཡང་སྐྱར་ཞུ་རྒྱུ། ཐུགས་རྗེ་ཆེ། ཡག་པོ་འདུག ཆོས་བརྒྱུད་འདི་ལོ་རྒྱུས་ལ་འཁོད་ཙམ་ལས་གྲགས་དེ་ཙམ་མི་ཆེ་བས་སླར་ཡངགླེང་པས་བོད་ཀྱི་ཆོས་དང་རིག་གཞུང་ལ་ཁ་སྣོད་དང་ཉམས་གསོའི་ཆ་རྐྱེན་ཏུ་འགྱུར་ངེས། འབྲོང་ངུར་དགོན་དེ་ས་ཕྱོགས་གང་དུ་ཡོད། དགེ་འདུན་ཅི་ཙམ་བཞུགས། གྲུབ་མཐའ་གང་ཞིག་འཛིན། ད་ལྟ་ཆོས་བརྒྱུད་དང་དགོན་སྡེ་ཅི་ཙམ་བཞུགས། གདམས་པའི་བཀའ་བབས་སུ་ཡིན། གདུང་བརྒྱུད་ཡོད་མེད་སོགས་ཀྱང་གསུང་བར་ཞུ། མ་ཟད་བཀའ་མ་ན་བཞུགས་པའི་ཞི་ཁྲོ་པདྨ་བརྒྱ་་ལྡན་དང་། ཀཿདམ་པའི་ཞི་ཁྲོ་ཕུར་གསུམ་སོགས་བཀའ་མ་དང་། བྱང་ཆུབ་གླིང་པའི་ཞི་ཁྲོ་ཕུར་གསུམ་དང། པདྨ་བདེ་ཆེན་གླིང་པའི་ཞི་ཁྲོ་ཕུར་གསུམ་སོགས་གཏེར་མ་དང་ཁྱད་པར་ཅི་ཡོད་། །ཞི་ཁྲོ་ཕུར་གསུམ་རྒྱུད་གང་ལ་བརྟེན་པ་ཡིན། །བཀའ་རྒྱས། བཀའ་འདུས། དྲིལ་སྒྲུབ། བཀོལ་བྱང་། ལུས་དཀྱིལ་གང་གི་ཁོངས་སུ་གཏོགས། པོད་ག་ཚོད་བཞུགས། སྟོད་ལས་སྨད་ལས་སོགས་ལས་མཐའ་རྒྱས་པ་བཞུགས་མིན། འགྲེལ་ཟིན་སོགས་ཡིག་སྣ་ཅི་ཙམ་ཡོད། པར་ཏུ་འཁོད་པ་ཡོད་མིན། ཡི་གེ་ཐོབ་པར་བྱེད་པ་ལ་སུ་དང་འབྲེལ་བ་བྱེད་དགོས་སོགས་ཞལ་གསལ་ཞིག་བཀའ་དྲིན་སྐྱོང་བར་ཞུ། །།
དྲ་གྲོགས་ཚང་མར་མཚམས་འདྲིའི་གུས་འདུད་ཞུ། ཝ་ཐང་འབྲོང་ངུར་དགོན་ནི་ད་ལྟ་བོད་ལྗོངས་ནག་ཆུ་ཁུལ་འབྲི་རུ་རྫོང་ཁུངས་ཤག་ཆུ་གྲོང་དུ་ཡོད་ལ། ད་ལྟ་དགེ་འདུན་༥༠།ཙན་ལས་མེད། འབྲོང་ངུར་གདུང་བརྒྱུད་ནག་ཆུའི་ཨ་མདོ་རྫོང་དུ་ཡོད་པར་ཐོས། དབང་ལུང་མན་ངག་ད་བར་ཡང་གནས་ཡོད་ཚུལ་གོང་བཀོད་ལྟར་ལགས།
དགོན་དེར་ཐུན་མིན་ཟབ་ཆོས་སྔ་འགྱུར་བཀའ་མ་ཡིན་ནའང་ཆོས་བརྒྱུད་འགྲོ་མགོན་དྭགས་པོ་བཀའ་བརྒྱུད་ཀྱི་ཁོངས་སུ་རྟོགས། འབྲོང་ལུགས་ཞི་ཁྲོ་ཕུར་སུམ་གྱི་དཔེ་ཆ་བྲིས་མ་པོད་གསུམ་ཙམ་ཞིག་བོད་ནས་ད་ལྟ་ཁོ་བོ་ལག་འབྱོར་ཡང་ད་དུང་ཆ་ཚང་མེད། འོན་ཀྱང་བོད་ལྗོངས་གསོ་རིག་དགེ་རྒན་གཡང་དགའ་སོགས་ཀྱི་ཆ་ཚང་ཞིག་སྤར་སྐྲུན་བྱ་འཆར་འདུག་པས་རྗེས་སུ་དགོས་མཁན་ཡོད་ཚེ་འབྲེལ་བ་གནང་མཐུན་ཞུ།
དྲ་གྲོགས་ཚང་མར་མཚམས་འདྲིའི་གུས་འདུད་ཞུ། ཝ་ཐང་འབྲོང་ངུར་དགོན་ནི་ད་ལྟ་བོད་ལྗོངས་ནག་ཆུ་ཁུལ་འབྲི་རུ་རྫོང་ཁུངས་ཤག་ཆུ་གྲོང་དུ་ཡོད་ལ། ད་ལྟ་དགེ་འདུན་༥༠།ཙམ་ལས་མེད། འབྲོང་ངུར་གདུང་བརྒྱུད་ནག་ཆུའི་ཨ་མདོ་རྫོང་དུ་ཡོད་པར་ཐོས། དབང་ལུང་མན་ངག་ད་བར་ཡང་གནས་ཡོད་ཚུལ་གོང་བཀོད་ལྟར་ལགས།
དགོན་དེར་ཐུན་མིན་ཟབ་ཆོས་སྔ་འགྱུར་བཀའ་མ་ཡིན་ནའང་ཆོས་བརྒྱུད་འགྲོ་མགོན་དྭགས་པོ་བཀའ་བརྒྱུད་ཀྱི་ཁོངས་སུ་རྟོགས། འབྲོང་ལུགས་ཞི་ཁྲོ་ཕུར་སུམ་གྱི་དཔེ་ཆ་བྲིས་མ་པོད་གསུམ་ཙམ་ཞིག་བོད་ནས་ད་ལྟ་ཁོ་བོ་ལག་འབྱོར་ཡང་ད་དུང་ཆ་ཚང་མེད། འོན་ཀྱང་བོད་ལྗོངས་གསོ་རིག་དགེ་རྒན་གཡང་དགའ་སོགས་ཀྱི་ཆ་ཚང་ཞིག་སྤར་སྐྲུན་བྱ་འཆར་འདུག་པས་རྗེས་སུ་དགོས་མཁན་ཡོད་ཚེ་འབྲེལ་བ་གནང་མཐུན་ཞུ།
དྲ་གྲོགས་ཚང་མར་མཚམས་འདྲིའི་གུས་འདུད་ཞུ། ཝ་ཐང་འབྲོང་ངུར་དགོན་ནི་ད་ལྟ་བོད་ལྗོངས་ནག་ཆུ་ཁུལ་འབྲི་རུ་རྫོང་ཁུངས་ཤག་ཆུ་གྲོང་དུ་ཡོད་ལ། ད་ལྟ་དགེ་འདུན་༥༠།ཙམ་ལས་མེད། འབྲོང་ངུར་གདུང་བརྒྱུད་ནག་ཆུའི་ཨ་མདོ་རྫོང་དུ་ཡོད་པར་ཐོས། དབང་ལུང་མན་ངག་ད་བར་ཡང་གནས་ཡོད་ཚུལ་གོང་བཀོད་ལྟར་ལགས།
དགོན་དེར་ཐུན་མིན་ཟབ་ཆོས་སྔ་འགྱུར་བཀའ་མ་ཡིན་ནའང་ཆོས་བརྒྱུད་འགྲོ་མགོན་དྭགས་པོ་བཀའ་བརྒྱུད་ཀྱི་ཁོངས་སུ་རྟོགས། འབྲོང་ལུགས་ཞི་ཁྲོ་ཕུར་སུམ་གྱི་དཔེ་ཆ་བྲིས་མ་པོད་གསུམ་ཙམ་ཞིག་བོད་ནས་ད་ལྟ་ཁོ་བོ་ལག་འབྱོར་ཡང་ད་དུང་ཆ་ཚང་མེད། འོན་ཀྱང་བོད་ལྗོངས་གསོ་རིག་དགེ་རྒན་གཡང་དགའ་སོགས་ཀྱི་ཆ་ཚང་ཞིག་སྤར་སྐྲུན་བྱ་འཆར་འདུག་པས་རྗེས་སུ་དགོས་མཁན་ཡོད་ཚེ་འབྲེལ་བ་གནང་མཐུན་ཞུ།
ཕོ་ཉ་བསྟན་འཛིན་ལམ་བཟང་ཁྱོད་ཀྱིས། རང་ཕྱོགས་ཁ་ཅིག་འབྲོང་ངུར་བྱ་བའི་མིང་ཙམ་འབྲི་བརྗོད་ཙམ་ལས་དོན་དུ་གང་ལས་བརྒྱུད་པའི་ཕ་ཆོས་དུག་ལྟར་སྤངས་ནས་གཞན་ཟེར་ཚད་མར་འཛིན་པའི་ཕ་གསོད་རྒྱལ་རྔ་བརྡུང་བའི་ཚུལ་འཛིན་དུ་མ་དང། ཅེས་པའི་རང་ཕྱོགས་ཡིན་པ་ལ་འབྲོང་ངུར་མིང་ཙམ་འབྲི་བརྗོད་ལས་གང་ལས་བརྒྱུད་པའི་ཕ་ཆོས་དུག་ལྟར་སྤང་སྟེ་གཞན་ཟེར་མཚན་མ་འཛིན་པའི་ཕ་གསོད་རྒྱལ་རྔ་རྡུང་མཁན་དུ་མ་ཡོད་པའི་དུ་མ་དེ། སུ་དང་སུ་ཡིན་དྲ་རྒྱ་འདི་ཡི་ནང་ནས་མཛུབ་ཚུགས་སུ་སྟོན་རོགས་གནང་།
ཡང་། ཅིག་ཤོས་ཆེན་པོའི་མིང་གི་བཟི་ནས་བསྟན་པ་དང་སྟོན་པ་གང་ཡང་མི་ཤེས་ཤིང་སྐུ་འདྲ་དང་ལྷ་ཁང་ཆེན་པོ་གཙིགས་སུ་འཛིན་པས་ཁ་ནས་ཕ་ཆོས་ཞི་ཁྲོ་ཕུར་གསུམ་ཞེས་མ་ཎི་ལྟར་བགྲངས་ཀྱང་བླ་མ་བརྒྱུད་པའི་རིམ་པ་སོགས་རྒྱུས་མེད་དུ་གྱུར་གཤིས་སྐྱོ་བའི་གནས་སུ་འཁུམས། ཅེས་པའི་གཅིག་ཤོས་མིང་གིས་བཟི་ནས་བསྟན་པ་དང་སྟོན་པ་གཉིས་ཀར་མི་ཤེས་ཤིང་ད་དུང་ལྷ་ཁང་ཆེན་པོ་གཙིགས་སུ་འཛིན་མཁན་དེ་ཡང་སུ་ཡིན་གསལ་འདོན་ཞིག་བྱེད་ཐུབ་ན་སླད་ཀྱང་རྔ་རྡུང་སྟངས་ལ་དཔག་པའི་འཆམ་ཡང་འཁྲབ་སྟབས་བདེ་བའི་དགེ་མཚན་འདུག་ན་དེ་ཡང་གསལ་འདོན་བྱེད་རོགས་གནང་།
ནག་ཆུ་མངའ་སྡེ་འབྲི་རུ་རྫོང་ཁོངས་སུ། ཤག་ཝ་ཐང་བཀའ་བརྒྱུད་འཕེལ་རྒྱས་གླིང་དགོན་པ། ཡོད།
ནག་ཆུ་མངའ་སྡེ་ནག་ཆུ་རྫོང་ཁོངས་སུ་འབྲོང་ངུར་དགོན་ཐུབ་བསྟན་རྣམ་རྒྱལ་གླིང་། ཡོད།
སྐྱབས་སུ་མཆི། བཀའ་བརྒྱུད་པའི་དགོན་པ་རྣམ་དག་ཞིག་ཡིན་ཐག་ཆོད།
བཀའ་བརྒྱུད་དགོན་པ་ཞིག་ལ་མི་མགོ་གཉིས་ཞིག་རྙོག་སྒྲ་བཟོ་གི་ཡོད་པའདྲ་དེ་མིན་ན་ཁྱེད་ཀྱི་གྲོགས་པོ་འཐོབ་ཐང་ཆེན་པོ་དེ་འདྲ་ཡོད་ན་བོད་གཞུང་ནང་ཁྲི་མཐོན་པོ་ཞིག་ཡོད་པ་ལོ་རྒྱུས་ཐོག་ཐག་གི་ཆོད་དེ་གོ་སྐབས་མ་ཤོར་པ་བྱས་ནས་སྔོན་མའི་འཐོབ་ཐང་ད་ལྟ་ལེན་དགོས་རེད།བོད་གཞུང་གི་བླ་ཆེན་ཚོ་སྔོན་མའི་འཐོབ་ཐང་ཆ་ཚང་ཕུལ་གྱི་ཡོད་རེད་ཁྱེད་རང་གྲོགས་པོ་ལ་ཕུལ་གི་རེད་བསམས་འདུག །
ད་དུང་འབྲོང་ངུར་དགོན་པ་མང་པོ་འདུག་གཙང་དུ་འབྲོང་ངུར་དགོན་གསར་རྙིང་གཉིས་་དང་རྫ་དམར་ལ་འབྲོང་ངུར་ཚེས་བཅུ་དགོན་དང་མ་དགོན་གཉིས་ཡོད། ནག་ཆུ་རུ་གསར་ལ་འབྲོང་ངུར་ཐེག་མཆོག་ཕན་བདེ་གླིང་འདུག བྱང་ཕྱོགས་ཀྱི་པན་ཆེན་དང་གུ་ཤྲི།་བོད་ཀྱི་དཔའ་བོ་སོགས་ཀྱི་མཚན་སྙན་ཅན་འབྲོང་ངུར་ཆོས་རྗེའི་གདན་ས་ནི་ཁམས་སྟོད་འབྲི་རུ་རྫོང་དུ་འདུག་ལ་ད་ལྟ་འབྲོང་ངུར་རྒྱལ་སྲས་འཛམ་དམར་དང་འབྲོང་སྲས་རས་ཆུང་རྣམ་གཉིས་ཀྱིས་གཙོ་འགན་བཞེས་མུན་ལགས།།་ ཨ་ཕོ་ཧོར་འབྲོང་ངུར་དགོན་དུ་འང་ཐུབ་དབང་རྡོ་རྗེ་འཆང་དངོས་འཕྲིན་ལས་ཀུན་ཁྱབ་ཀྱིས་རྫོགས་ཆེན་ཆོས་འཁོར་སྐོར་བཞིན་གནས་མུས་རེད་འདུག་གཱཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ་ད་ལྟས་མོ་འདུག
འདི་ནི་ཡག་པོ་འདུག་ངོ་མ་སྐྱབས་སུ་འཆི། བོད་ཀྱི་ལོ་རྒྱུས་ཐོག་འབྲོང་ངུར་ཆོས་རྗེ་འགྲོ་འདུལ་མཆོག་གིས་མཛད་རྗེས་ཆེན་པོ་བཞག་འདུག ཟམ་གདོང་རིན་པོ་ཆེ་ཡིས་སྙན་ངག་གིས་ལམ་ནས་དྲངས་པའི་ཁོང་ལ་བསྡགས་བརྗོད་ཧ་ལས་གནང་འདུག་པའང་དོན་གནས། ང་ཚོས་དཔའ་བོ་མཛད་རྗེས་ལ་ནམ་ཡང་བསྟོད་གླུ་འབུལ་དགོས