ཨ་མཆོད་འཇམ་ཚུལ།
“འཚལ”་འདི་སྙན་ཚིག་འདི་ཡི་ཁ་ཡིག་མིན།
འདི་ནི་བསྟོད་ཚིག་ཅིག་གི་རྩོམ་ལུས་ཧྲིལ་པོ་ཡིན།
འདི་ནི་ཚེ་གཅིག་གི་འགྱོད་སེམས་དེ་གསོ་བའི་ཚིག་ཡིན།
འདི་ནི་ཚེ་གང་ལ་བསྟོད་ཚིག་ཅིག་མ་ཕུལད་པ་དེའི་དོད་པོ་ཡིན།
མགོ་བོ་སྔས་ཐོག་ལ་བཞག
ལག་པ་བྲང་ཐོག་ལ་བཀོད།
བསམ་བློ་མཛད་ཐོག་ལ་བསྡུས།
དྲན་པ་དྲིན་ཐོག་ལ་བཀུགས་ནས།
ཆུ་ཚོད་གྲངས་མེད་ཅིག་འདས་ཟིན་ཀྱང་།
རང་སྙིང་ཚིམ་པའི་བསྟོད་ཚིག་འབྲུ་གཅིག་ཀྱང་།
ད་བར་མ་ཕུལད་པ་མ་ཟད། ད་དུང་མི་ཕུལད་ཨང་།
འཕོང་བ་སྟེགས་ཐོག་ལ་བཞག
ལག་པ་ཅོག་ཐོག་ལ་བཞག
མཛུབ་མོ་ཤོག་ཐོག་ལ་བཞག
སེམས་པ་ཚོར་ཐོག་ལ་བཞག་ནས།
བདུན་ཕྲག་མང་པོར་བསམ་གཞིགས་བྱས་ཀྱང་།
རང་སྙིང་ཚིམ་པའི་བསྟོད་ཚིག་འབྲུ་གཅིག་ཀྱང་།
ད་བར་མ་ཕུལད་ཅིང་། ད་དུང་མི་ཕུལད་ཨང་།
འདུན་པ་སྔ་མོ་ནས་སྐྱེས།
ཀུན་སློང་ཡུན་རིང་ནས་བཅོས།
རྩོལ་བ་དུས་རྒྱུན་ནས་བསྟེན་ནས།
ལོ་རབས་འགའ་ཞིག་ཕྱིན་ཀྱང་།
རང་བློ་མགུ་བའི་ཤིས་ཚིག་འབྲུ་གཅིག་ཀྱང་།
ད་བར་མ་ཕུལད་ཅིང་། ད་དུང་མི་ཕུལད་ཨང་།
རང་གིས་ཟོས་པ་ནི་རི་རབ་དང་།
རང་གིས་འཐུང་བ་ནི་རྒྱ་མཚོ་ཡིན་ལ།
རང་ཉིད་ངོམ་པ་ནི་གྲངས་མེད་ཡིན།
འོན་ཀྱང་ཁྱེད་ཀྱི་བཀའ་དྲིན་གསོ་བའི་།
རང་ཉིད་ཀྱི་སྙིང་ཁ་ལ་ངལ་གསོ་སྟེར་བའི་ཚིག་འབྲུ་གཅིག་ཀྱང་།
ད་བར་མ་ཕུལད་ལ། ད་དུང་ཡང་མི་ཕུལད་ཨང་།
གྲོགས་པོ་གློ་ཉེ་ལ་གྲོས་དྲིས།
དགེ་རྒན་ཤེས་ཅན་ལ་བློ་ཞུས།
བླ་མ་བྱིན་ཅན་ལ་དངོས་གྲུབ་བསླངས།
ཐ་ན་སྲང་ལམ་གྱི་སྒྱུ་མ་མཁན་ལ་ཁ་གཙེས་ཀྱང་།
བདག་བློ་ལ་སིམ་པ་སྟེར་བའི་མཆོད་ཚིག་འབྲུ་གཅིག་ཀྱང་།
ད་བར་མ་ཕུལད་ཅིང་། ད་དུང་ཡང་མི་ཕུལད་ཨང་།
རྨི་ལམ་གྱི་འཁྲུལ་སྣང་ལ་རེ་བ་བཅོལ།
སྨོན་ལམ་གྱི་འཕྲུལ་ཚིག་ལ་ལམ་འདྲེན་བྱས།
རྩ་ལམ་གྱི་མྱོས་ཆང་ལ་རོགས་རམ་སྤྲན།
ཐ་ན་ཐོལ་བྱུང་གི་ཚིག་འབྲུ་རེ་ཨེ་ཡོང་བལྟས་ཀྱང་།
སྙིང་ཁུང་གི་ཡུན་རིང་བའི་ཟ་འཕྲུག་དེ་ཞི་ཐུབ་པའི་།
ཚིག་འབྲུ་གཅིག་ཀྱང་ད་བར་མ་ཕུལད་ལ། ད་དུང་ཡང་་་
ཚིག་འབྲུ་སྔོན་བསྒྲིགས་ནང་དོན་ཕྱིས་འཇུག་གི་ཐབས་ཤེས་བྱས།
གཞན་ཚིག་རྐུས་བཤུས་དོན་དག་རང་འཇུག་གི་བཀོད་པ་འཐེན།
ཟློས་གར་རང་འཁྲབ་ཟོལ་བརྫུ་དངོས་རློམ་གྱི་འཆར་གཞི་བཏིང་།
མདོར་ན་ཀླད་པ་འདིས་ལྕོགས་ཚད་ཀྱི་ཐབས་གང་ཞིག་བྱས་ཀྱང་།
རང་བློ་འདིས་ཁྱེད་ལ་བཞག་པའི་དུངས་ཞེན་དེ་མཚོན་ཐབས་ཡེ་ནས་མ་རྙེད།
རང་ངག་འདིས་ཁྱེད་ལ་གསོལ་བའི་མཆོད་པ་དེ་འཇལ་ཐབས་རྩ་ནས་མི་འདུག
རང་སེམས་ལ་བབ་པའི་ཚིག་འབྲུ་གཅིག་ཀྱང་མ་རག་པས།
ཐ་མ་“འཚལ”་སྒྲ་འདིས་ཚབ་མཚོན་ཙམ་ཨེ་ཡོང་བལྟས།
དེ་མ་ཡིན་པའི་བྱ་བ་ཞིག་བདག་ལ་མི་འདུག
དེས་ན་ངས་བསྟོད་ངག་ཅིག་ཁྱེད་ལ་འབུལ་འདོད་ཀྱི་རྡོག་ཁྲེས་དེ་དུས་ནམ་ཞིག་ལ་ཕོབས་སམ།
ངས་དུས་ནམ་ཞིག་ལ་ཁྱེད་ལ་ཚིག་འབྲུ་ཞིག་ཕུལད་དམ། དུས་ནམ་ཞིག་ལ་་་། དུས་ནམ་ཞིག་ལ་་་
ཁ་བརྡ་ཚང་གི་རྣམ་པ་ལ་འགྱུར་མང་ཙམ་འདུག ང་རང་ལ་སྔོན་མའི་རྣམ་པ་དེ་བདེ་བར་འདུག