བོད་པ་ཚོས་ལས་དབང་ལ་ཡིད་ཆེས་བྱེད་པ་དང་བྱེད་སྟངས་དེ་ཡང་ཁྱད་མཚར་ཞིག་ཡིན། སྒུག་ནས་བསྡོད་དགོས་པར་འདོད་ཀྱི་ཡོད། ང་རང་ནི་བོད་པ་ཞིག་ཡིན་པའི་ངོས་ནས་ལས་དབང་ལ་ཁས་ལེན་མཁན་གྱི་བོད་མི་ཞིག་ཡིན། འོན་ཀྱང་། ངས་དེ་ལྟར་གཏན་ནས་མི་འདོད། ལས་དབང་ཟེར་བ་དེ་ནི་རང་ཉིད་ཀྱིས་བྱེད་དགོས་པ་ཞིག་ཏུ་འདོད་ཀྱི་ཡོད། བྱས་པ་ཡིན་ན་གཟོད་ནས་ལས་ཀྱི་དབང་གིས་ཡོད་མེད་དེ་ཁ་གྲགས་ངེས་ཡིན།
ད་དུང་། ཕྱོགས་གཞན་ཞིག་ནས་བོད་མི་དག་གིས་ལྷ་ཀླུ་གཉན་གསུམ་གྱིས་རོགས་བྱེད་ཀྱི་མི་འདུག་ཟེར་མཁན་གྱི་གྲངས་ཤིག་ཀྱང་ཡོང་གི་ཡོད། དེ་ཡང་གཅིག་མཚུངས་རེད། རང་རང་མ་འགུལ་བར་ལྷ་ཀླུ་གཉན་གསུམ་འགུལ་རོགས་ཟེར་ན་དེ་ནི་གཏན་ནས་སྣང་བ་འགྲོ་བའི་སྐད་ཆ་ཞིག་མ་རེད། རང་རང་གིས་འགོ་བྱས་ནས་བདེན་པ་དང་རང་དབང་ལ་རྩོད་ལེན་བྱས་པ་ཡིན་ན། ལྷ་དང་བླ་མ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་སོགས་གང་ཡོད་པ་དེ་དག་གིས་ཀྱང་གྲོགས་བྱེད་པར་ང་ལ་ཡིད་ཆེས་ཡོད།
གཞན་བོད་མི་ཆེས་མི་ཉུང་བ་ཞིག་གིས་རྒྱལ་སྤྱིའི་སྟེང་དུ་བོད་དོན་ལ་ཐུགས་འཁུར་བྱེད་མཁན་གྱི་སྐྱེ་བོ་མེད་པར་དུས་རྒྱུན་དུ་གླེང་བར་དགའ་བ་ཡོད། ཕྱོགས་གཅིག་ནས་དེང་དུས་ཀྱི་རྒྱལ་སྤྱིའི་སྤྱི་ཚོགས་འདི་ནི་དངོས་གནས་ཆེས་ཉེན་ཁ་ཆེ་བའི་དུས་རབས་ཤིག་ལ་སླེབས་ཡོད། གཟབ་པར་མ་བྱས་ན། རྒྱལ་སྤྱིའི་དཔོན་རིགས་ཆེ་མཐོ་མང་བོ་ཞིག་ལ་དཔལ་འབྱོར་གྱི་ནད་ཚ་ཁོ་ནའི་འགྲོ་བ་མིའི་ཀུན་སྤྱོད་བརླག་ཉེན་ཡོད་ཀྱང་། ད་ལྟ་བོར་བརླག་སོང་མེད་ལ། ངས་ད་ལྟའི་དུས་རབས་འདི་ནི་ཤེས་རབ་ཀྱི་དུས་རབས་ཤིག་ལ་སླེབས་ཡོད་པ་ང་རང་གི་ངོས་ནས་ངེས་འཛིན་བྱེད་ཀྱི་ཡོད། ཤེས་རབ་ཀྱི་དུས་རབས་འདི་ལ་འགྲོ་བ་མི་རྣམས་ཀྱིས་གཅིག་གིས་གཅིག་ལ་བལྟ་སྐྱོང་དང་རོགས་རམ་བྱེད་པའི་འགན་བབ་ཡོད་པ་ངེས་ཟིན་པའི་དུས་ཤིག་ཡིན། ཕན་ཚུན་ལ་གོ་བརྡ་འཕྲོད་པར་ཆེས་མྱུར་བའི་བརྡ་འཕྲིན་གྱི་དུས་རབས་ཀྱང་ཆགས་ཡོད། སྐབས་འདི་འདྲ་ཞིག་ལ་བོད་མི་ཚོས་དུས་ཚོད་དམ་འཛིན་བྱས་ནས། བོད་མི་རིགས་ཟེར་བ་འདིའི་རིག་གཞུང་དང་གོམས་གཤིས་ས་སྒང་འདི་ལ་གནས་པར་དོན་སྙིང་ཡོད་པ་དང་། རང་ཉིད་བོད་མི་ཞིག་ཡིན་པའི་འགན་འཁྲི་བཅས་ཕྲག་ཏུ་ལེན་དགོས་པར་འདོད་ཀྱི་ཡོད་ཚེ། གཞིས་ལུས་མི་མང་གི་རེ་འབོད་དང་ཐོབ་ཐང་ཀྱི་ཆེད་དུ། འགྲོ་བ་མིའི་བསམ་ཤེས་ཡོད་ཚད་ང་ཚོའི་རྒྱབ་ཏུ་ལངས་པར་སྐུལ་ལྕགས་གཏོང་བར་འཐབ་རྩོད་བྱེད་དགོས་ཀྱི་ཡོད།
ང་ཚོའི་འཐབ་རྩོད་འདི་ནི་མི་རིགས་གཞན་དག་ཁ་ཤས་ཀྱི་གསར་བརྗེ་དང་མི་འདྲ་བར། ཁོང་ཚོ་རང་གི་ཆོས་གོས་དང་གོམས་གཤིས་སོགས་ཀྱི་བདག་དབང་ཆ་ཚང་བར་ཡོད་པའི་སྒང་ལ། དབང་འཛིན་པ་ཁ་ཤས་ཤིག་མི་རྒྱུད་དབང་འཛིན་པ་བྱེད་པར་ངོ་རྒོལ་དང་གནའ་བོའི་གོམས་གཤིས་ཀྱི་དབང་འཛིན་ལ་མ་དགའ་བ་དེ་ཡི་ཆེད་དུ་འང་མིའི་སྲོག་ཆེས་མང་བོ་མང་བོ་ཞིག་གི་འགྲོ་སོང་བཏང་བ་རེད། ང་ཚོའི་གཞིས་ལུས་མི་མང་ལ་ཆོས་གོས་གོམས་གཤིས་དང་རང་གི་སྐད་དང་ཡི་གེ་ལ་བདག་དབང་མེད་པའི་དུས་ཚོད་དེ་འདྲ་ཞིག་ཐུག་ཡོད་དུས། ང་ཚོས་འདི་ནས་ལྟད་མོ་བལྟས་དེ། བོད་ནང་གི་ཡང་མི་ཞིག་མེ་རུ་སྒྲོན་འདུག ཡང་མ་ཎི་རེ་བཏོན་ཟེར་བ་དེ་ཙམ་གྱིས་བོད་མི་རིགས་ཀྱི་སྲོལ་རྒྱུལ་ལྟར་ཤི་བའི་ཤི་ཆོས་སུ་འགྲོ་ན་འང་རང་དབང་དང་ཞི་བདེ་བཅིངས་པའི་འབོད་སྒྲ་དང་༧རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་ཐུབ་པར་གང་ཡང་ཕན་ཁག་པོ་ཡིན། ང་ཚོའི་མི་རིགས་འདི་ལ་འཛམ་གླིང་འདི་ན་དཀོན་པའི་ཆེས་རླབས་ཆེ་བའི་ཞི་བའི་དབུ་ཁྲིད་ཅིག་ཡོད་པ་འདིས་བཀའ་དྲིན་ཉག་གཅིག་གིས་ད་ལྟའི་འཆར་བོད་མི་གཞིས་ལུས་དག་གིས་ཞི་བའི་མེ་ལྕེའམ་ཤེས་རབ་ཀྱི་མེ་ལྕེ་སྤར་ནས་རང་དབང་དང་ཞི་བདེ་རྩོད་ལེན་བྱེད་ཀྱི་ཡོད་པ་རེད། འདི་ལས་བརྒལ་ན། ནམ་ཞིག་བོད་མི་རིགས་ཀྱི་སྙིང་དང་འབྲལ་བའི་མིག ༧རྒྱལ་བ་རིན་པོ་ཆེ་ཞལ་མ་གཞུགས་པའི་ཉིན་དེ་དང་། ཡང་ན། ད་ནས་བརྩིས་པའི་མི་ལོ་ཉི་ཤུའི་རྗེས་སུ་ཞི་བའི་མེ་ལྕེའམ་ཤེས་རབ་ཀྱི་མེ་ལྕེ་འདི་ཞེ་སྡང་གི་མེ་ལྕེ་རུ་འགྱུར་མི་ཡོང་ངམ་སྙམ་པའི་བློ་འཚབ་ཆེན་པོ་ཡོང་གི་ཡོད་ལ། དེ་དུས་བོད་རྒྱ་མི་རིགས་ཆེས་ཉེས་མེད་མང་བོ་ཞིག་གི་ཚེ་སྲོག་ལ་གོད་ཆག་ཆེན་པོ་ཡོང་བར་བློ་འཚབ་དངོས་གནས་ཡོང་གི་འདུག་སྟབས། ངས་དེ་རིང་འདི་ནས་རང་ཉིད་ནས་འགོ་བརྩམས་དེ་གཞིས་ལུས་བོད་མིའི་ཚེ་སྲོག་གི་འགྲོ་སོང་གཏོང་ནས་རང་དབང་དང་ཞི་བདེ་ཡི་ཆེད་དུ་འབོད་སྒྲ་སྒྲོག་ཐུབ་ན། ང་ཚོས་འདི་ནས་ཞི་བའི་འཐབ་རྩོད་ཅིག་གི་ཁྲོད་དུ་རང་ཉིད་ཀྱི་ཉིན་རེའི་ཟས་གོས་ངན་ངོན་ཙམ་དང་ཁྱིམ་ཚང་ཆུང་ཆུང་ཞིག་གི་ཁ་ལྟོ་ཙམ་ལ་འགོ་འཁོར་ནས་བསྡད་པ་ཡིན་ན། རང་རེའི་མི་རིགས་འདི་ནི། ལས་རྒྱུ་འབྲས་ལ་དགའ་བ་དང་བརྩི་མཁན་ཞིག་ཡིན་དུས། དེ་ནི་ལས་འབྲས་དང་གཏན་འགལ་དུ་འདོད་ཀྱི་ཡོད།
ང་རང་ལ་མཚོན་ན་ཟླ་ངོ་དྲུག་ལ་སོན་མ་ཐག་པའི་བུ་ཆུང་ཞིག་དང་། ལོ་གཉིས་དང་ཕྱེད་ལས་མིན་པའི་བུ་མོ་ཞིག་བཅས་ཤ་ཁྲག་རུས་གསུམ་ལ་གཏོགས་པའི་བུ་རྒྱུད་གཉིས། ངས་དེ་གཉིས་རང་གི་ལོ་ངོ་གསུམ་ལྷག་གི་རིང་དུ་ཁྱིམ་ཚང་གཅིག་གི་སྐྱིད་སྡུག་ལྷན་མྱོང་བྱས་མྱོང་བའི་རྗོའུ་མི་རིགས་ཀྱི་བུད་མེད་དགའ་རོགས། ཡལ་ལགས་ཀྱི་གམ་ནས་བསྐྱུར་ནས་འདི་ལྟར་བློས་གཏོང་ཞིག་གི་རང་ཉིད་དེ་རིང་གི་འཐབ་རྩོད་འདིའི་སྔོན་དུ་ལངས་དུས་སུ། རང་ཉིད་ལ་ཆེས་བརྩེ་བ་ཟབ་མོ་སྤྲོད་མྱོང་བའི་རྗོའུ་མི་རིགས་ཀྱི་དགའ་རོགས་མ་ལ་ཚེ་སྡུག་མི་འཇོག་ཐབས་མེད་བྱུང་ནའང་། དེ་ཡི་བློས་གཏོང་ཡང་བྱས་དོན་སོགས། བློས་གཏོང་ཆེས་མང་བོ་ཞིག་ལ་ཁ་ཕྱོགས་དོན། མ་མཐའ་ཡང་རང་ཉིད་བོད་དུ་སྐྱེ་བའི་བོད་མི་ཞིག་གི་དངོས་གནས་བོད་མི་རིགས་བྱེས་སྡོད་པ་ཡོངས་ལ། ད་ལྟ་ནི་ང་ཚོས་རང་གི་སྤུན་ཟླ་གཞིས་ལུས་དག་གི་སྐྱིད་སྡུག་མཉམ་མྱོང་བྱས་ནས་ཡ་ང་སྙིང་རྗེ་མེད་པའི་སྲིད་གཞུང་ངན་པ་དེ་ཡི་གདུག་རྩུབ་འོག་ནས་རང་དབང་དང་ཞི་བདེ་ཐོབ་དགོས་པ་ཡིན་ན། བོད་མི་བྱེས་བསྡོད་པ་འབུམ་གཅིག་ལྷག་ཡོད་པ་དེ་དག་མཉམ་གཅིག་ཏུ་ང་ཡི་རྒྱབ་ཏུ་ལངས་ནས་བོད་ལ་ཁ་ཕྱོགས་ནས་ཞི་བའི་གོམ་བགྲོད། བོད་ལ་རང་དབང་དང་ཞི་བདེ་མ་ཐོབ་པར་དུ་བྱེད་ཐུབ་པ་ཡིན་ན། གཞིས་ལུས་མི་མང་གི་རྒྱབ་ཏུ་ལངས་པ་རེད་ཅེས་ཟེར་རྒྱུ་ཡིན་ལ། བདེན་པའི་རྒྱབ་ལངས་དང་ཞི་བའི་འཐབ་རྩོད་ཀྱི་གྲུབ་འབྲས་ཤིག་ཏན་ཏན་ཐོན་པར་ངས་ཡིད་ཆེས་བྱེད་ཀྱི་ཡིན། ༧རྒྱལ་བ་རིན་པོ་ཆེ་བོད་ཁ་བ་གངས་ཅན་པའི་ཕ་ཡུལ་ལ་སླེབས་ཐུབ་པར་ཡང་ཡིད་ཆེས་བྱེད་ཀྱི་ཡོད།
དེ་མིན་གཅིག་གིས་དེ་བྱེད་ཀྱི་མི་འདུག་ཟེར་གྱི་འདུག དེ་ཡིས་གན་ཟེར་གྱི་འདུག་འདྲ་བོ་བཤད་དེ་བསྡད་པ་ཡིན་ན། རྒྱལ་སྤྱིའི་སྟེང་ནས་ཡིན་ཡང་རོགས་བྱེད་སའི་བདེན་དཔང་མི་རེག་པ་མ་ཟད། ནུས་པ་སྤུངས་སའི་ལྟེ་བ་མེད་པ་ཆགས་དུས། ང་ཚོས་གཞིས་ལུས་སྤུན་ཟླ་དག་གི་ཞི་བའི་མེ་ལྕེའམ་ཤེས་རབ་ཀྱི་མེ་ལྕེ་དེ་ཡང་ས་ཁུལ་རེ་གཉིས་ཤིག་གི་གནད་དོན་དང་མི་སྒེར་རེ་ཟུང་གི་སྒེར་དོན་ལྟ་བུར་བསྒྲགས་ཀྱིན་པའི་རྒྱ་ནག་སྲིད་གཞུང་ངན་པའི་ཁྱབ་བསྒྲགས་འདི་དག་བདེན་པར་གྱུར་འགྲོ་ངེས་ཡིན་ལ། འདི་ལྟར་ག་ལེར་སོང་ན། བོད་ནང་གི་གཞིས་ལུས་སྤུན་ཟླ་མི་རིགས་ཀྱི་གོམས་གཤིས་དང་མི་རིགས་འདིའི་འཆི་གསོན་ལ་འགན་ལེན་པའི་སྐོར་རྣམས་ག་ལེར་མེད་པར་བཏང་རྗེས། གཞི་ནས་རྒྱ་ནག་སྲིད་གཞུང་གི་མེ་མདའི་འོག་ནས་ལངས་མི་ཕོད་པའི་སྤུན་ཟླ་དེ་དག་ཁྱིམ་དང་ཆུང་མ། བུ་ཕྲུག་དང་ལས་ཀ་ཙག་ཙག་བཅས་ལ་འགོ་འཁོར་ནས། རིམ་གྱིས་བོད་མི་རིགས་ཀྱི་མེས་པོ་གོང་མ་དག་གིས་དཀའ་སྤྱད་སྡུག་རུས་དང་། ཚེ་སྲོག་དང་གསེར་དངུལ་དུང་ཕྱུར་མང་བོ་བཏང་ནས་བོད་མི་རིགས་ཀྱི་རིང་གཞུང་དང་གོམས་གཤིས་བསྐྲུན་པ་དེ་དག་བོར་ངེས་ཡིན།
ལྷག་དོན་དུ་བོད་ནས་ཕྱིས་སུ་འབྱོར་བའི་ང་དང་འདྲ་བའི་གཞོན་སྐྱེས་དག་གིས་རང་རང་དེང་ཐོག་རྒྱ་གར་དུ་ཡོང་དགོས་པའི་དོན་དག་ལ་བསམ་གཞིགས་བྱེད་པ་དང་འགན་འཁུར་དགོས་པ་མ་ཟད། རང་ཉིད་ཀྱིས་རྒྱང་ནས་བཞག་པའི་དྲིན་ཆེན་ཕ་མ་དང་ཉེ་འདུ་དག་གི་རེ་འདོད་ཡང་། མི་ཚེ་ས་མཐའ་ནས་ཚར་དུ་འཇུག་རྒྱུ་དེ་མིན་པ་ཤེས་པའི་སྒང་ནས། རང་ཡུལ་ཁ་བ་ཅན་ལ་ལོག་པའི་ཉིན་མོ་དེ་ཡི་ཆེད་དུ་འབད་འབུངས་བྱེད་པའི་འོས་འགན་དེ་དང་༧བོད་མི་ས་ཡ་དྲུག་གི་སྙིང་དང་ཡ་ཐོད་ཀྱི་མིག ༧རྒྱལ་བ་རིན་པོ་ཆེ་ཚང་ས་མཐའ་ནས་ཞིང་གཞན་དུ་ཕེབས་མ་སོང་བའི་སྔ་རོལ་དེར། ཁོང་ཉིད་བོད་ཁ་བ་ཅན་ལ་གདན་འདྲེན་བྱེད་པའི་འགན་འཁྲི་དེ་ཉིད་བོད་མི་ཡིན་ཚད་ལ་ཡོད་པ་དེར་ངེས་ལེན་བྱེད་པའི་དུས་ཚོད་ཏན་ཏན་སླེབས་ཡོད་པ་ཡིན། ཡང་། དེང་སང་མི་ཁ་ཤས་ཤིག་གི་བཤད་ཚུལ་འདི་འདྲ་ཞིག་ཡོད་ཀི ༧རྒྱལ་བ་རིན་པོ་ཆེ་ཚང་གིས་དུས་དབང་སྐབས་སུ་ང་རང་ལོ་བརྒྱ་དང་བཅུ་གསུམ་ལ་བཞུགས་ངེས་ཡིན་གསུངས་སོང་། ཁོང་ཚང་གཞུགས་ནས་བསྡད་པ་ཡིན་ན། ང་ཚོ་ལ་རེ་བ་ཡོད་པ་རེད་ཟེར་གྱི་འདུག དེ་ལ་ཁོང་གིས་ཀྱང་བཀའ་ལན་གསལ་བོ་གནང་ཡོད་པ་རེད། ཚོགས་བསགས་དགེ་སྒྲུབ་ནི་སྐྱེ་བོ་སྒེར་རང་རང་གི་ངོས་ནས་གང་བསགས་པ་དེ་ཡི་འབྲས་བུའི་སྐྱེ་བོ་སྒེར་སོ་སོ་ལ་དབང་བ་ལས། བླ་མ་ལ་གང་ཡང་མི་དབང་གསུངས་པ་བཞིན། སྤྱི་མཐུན་གྱི་ལས་སྐལ་ཞིག་འགྲུབ་དགོས་པ་ཡིན་ན། སྤྱི་ཚོགས་ཁྱོན་ཡོངས་ནས་དེ་ཡི་ཐད་དུ་སྤྱི་མཐུན་གྱི་ལས་ལ་འབད་འབུངས་ཤིག་བྱེད་དགོས་པ་ཞིག་ཆགས་ཡོད་པ་ང་རང་གིས་ཁས་ལེན་བྱེད་ཀྱི་ཡོད། སྤུན་ཟླ་ཁྱེད་ཅག་གིས་ཀྱང་དེ་ཡི་སྟེང་ལ་ཐུགས་འགན་བཞེས་རོགས་ཞུ།
ད་དུང་། ཞུ་རྒྱུ་གཞན་ཞིག་ནི་ང་ལ་ཆེས་དྲིན་ཆེ་བའི་དྲིན་ཆེན་ཕ་མ་གཉིས་ད་ལྟ་རྒྱ་གར་རྡ་སར་ཕེབས་ནས་ལོ་ངོ་གཉིས་ལྷག་འགྲོ་བཞིན་ཡོད་ལ། ད་ལྟའི་འཆར་ལས་ཀ་དང་འཚོ་གནས་ཀྱི་དཀའ་ངལ་གང་ཡང་མེད་པའི་བཙན་བྱོལ་སྤྱི་ཚོགས་ཀྱི་འཚོ་བ་དང་རན་པ་ཞིག་གི་ཁྲོད་དུ་གནས་ཡོད་ཀྱང་། ངས་བཤད་པའི་མིའི་རིགས་ཀྱི་དེད་དཔོན་༧གོང་ས་མཆོག་ལ་དད་དམ་གཙང་མ་ཡོད་པར་དུས་རྒྱུན་དུ་བློ་རྩེ་གཅིག་སྒྲིལ་ཡིན་པའི་ཕ་མ་གཉིས་ལ་གནས་ཚུལ་འདི་འདྲ་ཞིག་བཤད་པ་ཡིན། ངས་བཤད་པའི་སྐད་ཆའི་སྔ་གཞུག་ཚང་མ་གོ་རྗེས། ཁོ་མོ་ཡང་མི་རིགས་ཀྱི་བདེན་མཐའ་གསལ་བའི་འཐབ་རྩོད་དང་༧གོང་ས་མཆོག་བོད་ཡུལ་ལ་གདན་འདྲེན་བྱེད་ཐུབ་པའི་ཉི་མ་ཞིག་བྱུང་ན། ཁོ་མོ་ལམ་སྐབས་སུ་ནད་མནར་སོགས་རྐྱེན་དབང་གིས་འདས་གྲོངས་སུ་བྱིན་པ་ཡིན་ནའང་བློ་འགྱོད་གང་ཡང་མེད་ཅེས་སེམས་ཐག་གཙང་བཅད་གནང་སྟབས། ངས་རང་གི་དྲིན་ཆེན་མ་ལོ་ཡང་ང་རང་གི་འཐབ་རྩོད་འདིའི་ཁྲོད་དུ་ཞུགས་རྒྱུར་དགའ་མོས་ཆེན་པོའི་སྒོ་ནས་དང་ལེན་བྱས་ཡོད་པ་བཞིན། དེ་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོ་བའི་བྱེས་གཞུགས་སྤུན་ཟླ་སུ་ཞིག་ཡིན་ན་ང་ཡི་རྒྱབ་ཏུ་ལངས་པར་དགའ་གུས་ཡོད་པ་མ་ཟད། ད་ལྟ་རང་ཉིད་ཀྱི་ནུ་མོ་ཡང་སློབ་གྲྭ་འགྲིམ་བཞིན་པའི་ལྷ་མོ་སྐྱིད་ཀྱིས་ཀྱང་རང་ཉིད་ཀྱི་མ་རྒན་དང་ཕུ་བོ་གཉིས་མི་རིགས་ཀྱི་བདེན་མཐའ་གསལ་བའི་ཞི་བའི་འཐབ་རྩོད་འདིའི་ཁྲོད་དུ་ཞུགས་བློ་ཡོད་པར་ཁ་པར་ཁྲོད་ནས་ཡང་ཡང་བཤད་པ་དེར། ངས་ཁོ་མོར་ཉིན་གཉིས་ཀྱི་བསམ་བློ་བཏང་བའི་དུས་ཚོད་སྤྲད་པ་ཡིན། མཐར་ཁོ་མོ་ཡང་འཐབ་རྩོད་འདི་ཡི་ཁྲོད་དུ་ཞུགས་པར་སེམས་ཐག་བཅད་འདུག དེ་ལ་ངས་དགའ་བསུ་ཆེན་པོའི་སྒོ་ནས་དང་ལེན་བྱས་པ་ཡིན། ངས་རང་གི་དྲིན་ཆེན་ཕ་ལོར་ཡང་མི་རིགས་ཀྱི་འཐབ་རྩོད་འདི་ཡི་ཁྲོད་དུ་ཞུགས་ཐུབ་མིན་དྲིས་དུས། ཁོང་གིས་ང་ཚོར་འགྲོ་བར་ངས་ཞུས་པ་དེ་ཡི་ངོ་བཟློག་དཀའ་བ་དང་དེ་ལ་རྒྱབ་སྐྱོར་བྱེད་མི་ཐུབ་ཀྱང་། རང་ཉིད་ལ་ད་ལྟ་དེ་ཡི་སྙིང་སྟོབས་དང་སྤོབས་པ་དེ་སླེབས་ཀྱི་མི་འདུག་གསུངས་སོང་། དེ་བཞིན་དུ་བོད་མི་བྱེས་པ་དག་གིས་ཀྱང་རང་རང་གིས་སེམས་ལ་དྲིས་ནས། ངས་རང་མི་རིགས་ཀྱི་འཆི་གསོན་དང་འབྲེལ་བ་ཏན་ཏན་ཡོད་པའི་ཆེས་ཉེན་འཕྲེང་གི་དུས་ཚོད་འདིའི་ནང་དུ་རང་ཉིད་བོད་མི་རིགས་ཀྱི་བདེན་དོན་ཆེད་དུ། འགན་ལེན་གཙང་མ་བྱེད་ཐུབ་པའི་མི་ཞིག་བྱེད་ཐུབ་པར་ཡིད་ཆེས་རྙེད་མཁན་སུ་ཞིག དུས་ཚོད་ག་དུས་ཡིན་མིན་ལ་མ་བལྟས་པར་ནང་དུ་ཞུགས་པར་དགའ་གུས་ཡོད་ལ། སྙིང་སྟོབས་དང་སྤོབས་པ་དེ་སླེབས་མ་ཐུབ་པའི་རིགས་ལ་གཏན་ནས་འགག་བྱ་ཡང་མི་བྱེད། དོན་དག་གཅིག་དངོས་གནས་གསལ་གསལ་དངས་དངས་ཤེས་དགོས་པ་ཞིག་ནི། བོད་མི་བྱེས་པ་ང་ཚོ་གཞིས་ལུས་བོད་མིའི་འགྲིན་ཚབ་དང་སྐྱིད་སྡུག་མཉམ་མྱོང་བྱེད་ཐུབ་མཁན་ཡིན་མིན་དེ་ཡི་ཐད་དུ་བསམ་བློ་གཏོང་རོགས་ཞུ་རྒྱུ་དང་། ༧རྒྱལ་བ་རིན་པོ་ཆེ་སྐུ་འཚོ་ཞིང་གནས་པའི་དུས་ཚོད་འདི་ལ་བོད་དུ་གདན་འདྲེན་བྱེད་པར་འདོད་པ་ཡོད་དམ་མེད་ཅེས་པ་དེ་རེད།
ད་ལྟ་ནི་ང་ཚོ་ལ་ཞི་བའི་དེད་དཔོན་༧རྒྱལ་བའི་དབང་བོ་མཆོག་ཞལ་བཞུགས་པའི་དུས་ཡིན་སྟབས། བོད་ཆོས་ལྡན་ཞིང་གི་སྐྱེ་བོ་ཕལ་ཆེ་བས་ཁོང་ལ་མི་དད་མཁན་མེད་པ་ཡིན་དུས། ཞི་བའི་མེ་ལྕེའང་ཤེས་རབ་ཀྱི་མེ་ལྕེ་ལྟ་བུའི་དོན་རྐྱེན་བྱུང་བ་ལས་གཞན་དྲག་སྤྱོད་ཀྱི་ལས་འགུལ་གང་དུའང་ཞུགས་མེད་པ་རེད། ངས་འདི་ནས་མི་རིགས་འདིའི་ཁོང་གི་བཀའ་ལ་ཉན་ནས་མེས་པོ་གོང་མ་དག་གི་བསྐྲུན་པའི་རྒྱལ་ཁབ་ཀྱང་བློས་གཏོང་བྱས་ནས་མི་རིགས་ཤིག་གི་རང་དབང་དང་ཞི་བདེ་ཞིག་ལ་ཁ་བསྒྱུར་ནས་མི་རིགས་སྣ་ཚོགས་འདུས་པའི་རྒྱ་ནག་རྒྱལ་ཁབ་འདི་ཁ་ཞེ་དོན་གྱི་སྤྱི་མཐུན་རྒྱལ་ཁབ་ཞིག་ཆགས་པར་འདོད་ཀྱི་ཡོད་པ་བཞིན། བོད་མི་དག་གིས་ཀྱང་དེ་ག་བཞིན་ཤར་བསྐྱོད་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་། ཤར་བསྐྱོད་འདི་ནི་མི་ལོ་ལྔ་བཅུ་ལས་བརྒལ་བའི་དེ་རིང་ད་ལྟ་ཁ་ཕྱོགས་ལ་འགྱུར་བ་ཕྲན་པུ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་འདི་ནི། རྒྱ་ནག་སྲིད་གཞུང་གིས་དཔོན་ངན་དེ་དག་གིས་གསལ་བོ་མ་ཤེས་པ་ཡིན་ན། མི་གྲངས་མང་ཉུང་དང་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་ཆུང་གི་སྐད་ཆ་མ་ཡིན་པར། བོད་མི་ཚོས་རེ་འདོད་ཆུང་ཆུང་འདི་མ་སྒྲུབ་པ་ཡིན་ན། ནམ་ཞིག་སྐད་ཆ་གཞན་དག་བཞག་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་ལ་ཤར་བསྐྱོད་བྱེད་པའི་འཐབ་མོ་བའི་སྡེ་ཚན་ཞིག་ཏུ་འགྱུར་དུས། མི་རིགས་སྣ་འདུས་ཀྱི་ཁྱིམ་ཚང་ཆེན་མོ་དེ་ལ་ཞི་བདེ་དང་རང་དབང་གི་ཉི་མ་ཇེ་རིང་ཇེ་རིང་བཏང་བ་མ་ཟད། མི་རིགས་མང་བོ་ཞིག་གི་ཤ་འཁོན་གྱི་འགོ་ཡང་དེ་དུས་དྲག་སྤྱོད་ཀྱི་ལམ་ནས་འཛུགས་ངེས་ཡིན། ང་དེ་ལ་བསམ་ན་དངོས་གནས་བློ་ཕམ་ཡོང་གི་འདུག་ལ། སེམས་པ་སྐྱོ་ཡི་འདུག འགྲོ་བ་མིའི་ཁྱིམ་གཞི་ཆེན་མོ་འདི་ནས་འགྲོ་བ་མིའི་འདྲ་མཉམ་ལ་བརྩི་བཀུར་དང་རིན་ཐང་ཡོད་པའི་ཁྱིམ་གཞིས་ཆེན་མོ་ཞིག་ལ་བསྐྲུན་རྒྱུར་ཁ་མི་ཕྱོགས་དོན་གང་ཡིན་ནམ། དོན་དངོས་ཐོག རྒྱ་ནག་གི་སྲིད་སྟེགས་སྟེང་དུ་འོང་མཁན་གྱི་དཔོན་པོ་དེ་དག་དང་དེ་ཡི་མཐའ་འཁོར་དུ་ཡོད་པའི་མི་དེ་དག་ང་ཚོ་བཞིན་ཨ་མ་ཞིག་གི་བརྩེ་བ་ལས་འཚར་ལོངས་བྱུང་མེད་དམ་ཟེར་ནས་ངས་འདི་ནས་དམིགས་སུ་བཀར་ནས་བོད་མི་ཚོ་ལོངས་ཤོག གཉིད་ལས་སད་རོགས། རང་ཉིད་བོད་མི་ཡིན་པ་དྲན་རོགས་ཞེས་མཇུག་བསྡུ་རྒྱུ་ཡིན། སྐད་ཆ་ཆེས་མང་བོ་ཞིག་ཡོད་ཀྱང་། ཚིག་ཚོགས་མང་དུ་འགྲོ་བར་དོགས་ནས་རེ་ཞིག་རིང་དེ་རིང་འགོ་བཙུགས་པའི་དུས་དང་བསྟུན། རེ་ཞིག་འདི་ནས་མཚམས་འཇོག དགོས་འཁོ་བྱུང་བ་དང་་སྐབས་དང་དུས་ཚོད་རེག་པ་འདྲ་བྱུང་ན་རང་ངོས་ནས་ཡི་གེར་འདེབས་པ་དང་བཅའ་འདྲི་སོགས་བྱེད་མཁན་ལ་དགོས་མཁོ་དང་བསྟུན་ནས་ལན་འདེབས་ངེས་ཡིན། སྤུན་ཟླ་ཚོ། ལོངས་ཤོག ང་ཚོ་བོད་མི་ཡིན། བོད་མི་རིགས་འདི་ཉིད་ས་སྒང་འདིར་གནས་པའི་དབང་ཆ་ཚང་མ་ཡོད། བོད་མི་རིགས་འདི་དཔའ་སྤོབས་དང་སྙིང་སྟོབས་ཡོད་པ། བློ་གྲོས་ཡོད་པ། ཤེས་རབ་ཡོད་པ། རླབས་ཆེ་བའི་མི་རིགས་ཤིག་ཡིན་པ་ཡིད་ཆེས་བྱེད་ཀྱི་ཡོད། དེ་ལ་འགན་འཁུར་བའི་ཐོབ་ཐང་དང་བདག་དབང་ཡང་ང་ཚོ་ཡོད། འཛམ་གླིང་མི་མང་གི་རྒྱབ་སྐྱོར་དགོས་ན་བོད་མི་རང་དབང་ཡོད་མཁན་དག་གིས་བོད་གཞིས་ལུས་མི་མང་གི་མགྲིན་ཚབ་པ་ངོ་མ་ལག་ལེན་དངོས་གནས་བྱེད་དགོས་པ་ལས། ཁ་ནས་གླེང་དེ་མི་ལོ་མང་བོ་ད་དུང་བསྐྱེལ་རྩིས་བྱས་པ་ཡིན་ན་བོད་ཀྱི་འཐབ་རྩོད་བོད་ཀྱི་མགྲིན་ཚབ་པའམ་བོད་བྱེས་ཀྱི་བོད་མི་དག་གི་ལག་ནས་ཤོར་བ་རེད། གཅིག་བྱས་ན་ངའི་སྐད་ཆ་འདི་དག་གིས་མཐོ་དམན་མང་བོ་ཞིག་གི་ཐུགས་བློ་དང་མ་མཐུན་པ་ཡོང་མི་སྲིད་པ་མིན་དུས། དེ་ཡི་རིགས་ལ་ད་ལྟ་འདི་ནས་དགོངས་ དག་ཞུ་ཟེར་རྒྱུ་ཡིན། གླིང་ཚ་ཚེ་བརྟན་རྡོ་རྗེ་འམ། ཚུལ་ཁྲིམས་རྒྱ་མཚོ། སྨྱུག་མིང་། བོད། ཤ་ཁྲག་རུས་གསུམ། བོད། ལྷ་ཀླུ་གཉན་གསུམ་ནས། སྤྱི་ཟླ་ཚེས་ལ་གུས་པ་དང་བཅས།
རྩོམ་སྒྲིག་པ་དང་ཀློག་པ་པོ་རྣམས་ལ་ཞུ་རྒྱུར།་རྩོམ་ཡིག་འདི་ནི་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བོད་བསྐྱོད་ཞི་བའི་གོམ་བགྲོད་ཀྱི་འགོ་འཛུགས་ཉིན་དེ་ཕྱི་ལོ ༢༠༡༢ ལོའི་ཟླ་༣ ཚེས་་༡༠ ཉིན་བསྒྲགས་པའི་འབོད་སྐུལ་གྱི་བསྒྲགས་གཏམ་ཡིན། དགོངས་སེལ་ཞུ་རྒྱུ་ཞིག་ལ་ཕྲན་གྱིས་ནར་འགྱངས་བྱས་པར་བརྟེན/ དེ་རིང་བར་འགོད་ཐབས་མ་བྱུང་བས་དགོངས་འགལ་མེད་པར་མཁྱེནམཁྱེན་ཞུ། ཆོས་རྫོང་བསྟན་པས།
ངས་ནི་ཅི་ཡང་མ་ནུས་པར་བསྡད་ཡོད། འོན་ཀྱང་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་ལ་དགའ་གུས་རྗེས་སུ་ཡི་རང་ཞུ།
ཁོམ་སྐབས་བྱུང་ན་ངའི་སེམས་ཀྱི་བཤོལ་འདེབས་ལ་གཟིགས་ཙམ་གནང་རོགས་ཞུ།
ང་ཚོ་མི་གང་མང་ཞིག་ལ་ལྟད་མོར་བལྟས་ཏེ་འདུག་པའི་གོམས་སྲོལ་རྙིངས་པ་ཞིག་འདུག
དངོས་གནས་བྱས་ན། བསྟན་འཛིན་བརྩོན་འགྲུས་དང་ཀླུ་མཁར་བྱམས། འཇམ་དབྱངས་ནོར་བུ། དོན་གྲུབ་ལྷ་དར་སོགས་ལྟ་བུ་ཁོང་དང་མཉམ་དུ་ཞི་བའི་གོམ་བགྲོད་ལ་ངེས་པར་ཞུགས་དགོས་པ་རེད།
དེ་རིང་ནས་ཁོང་ཚོ་རྡ་རམ་ས་ལའི་ཆབ་སྲིད་པ་རྫུན་མ་ཡིན་པ་ཤེས་སོང་། ཁོང་ཚོ་རང་ཉིད་ཀྱི་གྲོད་ཁོག་བཙོང་ཐབས་གཅིག་པུར་བསམ་བློ་གཏོང་བའི་མི་བུ་རྫུན་གྱི་རྐྱལ་བ་དག་རེད་ཅེས་ཀྱང་བཤད་འདོད་སོང་།
ཧ ལས་པ་ཅི་མི་འདུག འདི་ཚོ་དོན་དག་མི་འགྲུབ་པའི་ལས་འགུལ་རེད། ད་སྔོན་དེ་འདྲ་མང་དུ་བྱས་པ་རེད། རྒྱ་བལ་ས་མཚམས་ནས་བཙན་གཡེམ་དང་རྒྱབ་རྡུང་བྱས་ནས་བཙོན་དུ་བཅུག་པ་དུ་མ་བྱུང་ཡོད།
ཚེ་བརྟན་རྡོ་རྗེ་ཡི་ལྷག་བསམ་ཡང་དག་དེར་རྗེས་སུ་ཡི་རངས་དང་སྨོན་པ་སྐྱེས། སྙིང་ཐག་ནས་རྒྱབ་སྐྱོར་དང་ཡི་རངས་ཡོད། རྡ་སའི་ཆབ་སྲིད་གར་སྟེགས་ཀྱི་ཙི་ཙི་བསྟན་འཛིན་བརྩོན་འགྲུས་སོགས་ལ་ད་གོ་རྒྱུ་ལས་རྒྱུ་ཞིག་ཡོད་པ་མ་རེད།ཁོ་ཚོ་ལ་བྱས་རྗེས་འཇོག་ས་མེད་དུས་ཁ་རོག་གེར་བསྡད་རྒྱུ་དེ་རེད།
ལས་འགུལ་སྣེ་མང་ནས།
ནང་མི་གསུམ་གྱིས་ལས་འགུལ།
ད་ནས་འགོ་བཙུགས་འདི་ལ།
བོད་དོན་ལས་འགུལ་རྒྱས་སོང་།
ལྗང་མྱུག་ལགས། བོད་ཡིག་ཐབས་ཆག་ཅིག་འབྲི་ཤེས་པ་ཙམ་གྱི་རླབས་ཆེ་བའི་ལས་འགུལ་འདིར་ཁ་རྡུང་གཏོང་བའི་གཤིས་ངན་དེ་ཕྱི་ལ་མ་བསྟན་རོགས། ཁྱེད་རང་མདུན་ལ་ཐོན་དང་དེ་ནས་ལྟོས་ཆོག།
དངོས་གནས་རྗེས་སུ་ཡི་རངས་ཞུ། ངས་ནམ་རྒྱུན་འདི་ལྟར་རྒྱལ་གཅེས་པ་ཚོར་རྗེས་སུ་ཡི་རངས་ཞུ་རྒྱུ་ལས་གཞན་པའི་བློ་ཁོག་དང་སྤོབས་མེད་པའི་སྡར་མ་ངས། རང་ཉིད་ཀྱི་མིག་སྔའི་ལས་ཀ་ཙམ་ལས་ཅི་ཡང་མི་འཇོན་དོན་ག་རེ་ཡིན་ནམ། འདི་ལྟར་བསམ་དུས་ང་རང་དངོས་གནས་སྡར་མ་ཝ་འདྲ་བ་ཅི་ལ་མིན། ཐ་ན་གསུམ་བཅུའི་དུས་དྲན་གྱི་སྐད་འབོད་ཙམ་ལ་ཡང་འགྲོ་ཐུབ་ལ་་མི་ཐུབ་ལ་བྱེད་པའི་ང་དང་ངའི་རིགས། ད་དུང་ངོ་ཤེས་འགས། སྐད་འབོད་བྱས་པས་ཅང་ཕན་མིན་གླེང་གི་འདུག དྲང་མོ་བཤད་ན་ཕན་མི་ཕན་གྱི་གནས་ཚུལ་གཞན་ཞིག་རེད། དེས་སོ་སོའི་སེམས་ནང་གི་རྩ་དོན་ཞིག་དང་ཆོད་སེམས་ཤིག་གསལ་སྟོན་བྱས་པ་མིན་ནམ། འདི་ནི་ངས་ང་དང་ངའི་རིགས་ལ་གསལ་འདེབས་ཤིག་བྱས་པ་ཡིན།
ལྗང་སྨྱུག་ཏེ་་་་་ལྗང་སྨྱུག་སྐམ་པོ་སེམས་མེད་རང་རེད། སེམས་ཤུགས་མ་བཅག་རོགས། སྨོད་ངན་མ་བྱེད་རོགས། རང་བདེ་ས་ནས་གཞན་ལ་གང་དྲན་མ་བྲི་རོགས་གནང།
ལྗང་མྱུག་ཟེར་བའི་མི་འདི་རིགས་ལ་ཚང་མས་དོགས་ཟོན་ནན་མོ་བྱོས་ཕལ་ཆེར་རྒྱའི་སོ་ཉུལ་བ་ཡིན་པ་འདྲ་ག་དུས་ཡིན་ཡང་དཀྲུགས་ཤིང་ཁོ་ན་མ་གཏོགས་མི་འདུག་ ཁ་བརྡ་རྩོམ་སྒྲིག་ཁང་ལ་རེ་བ་ཞུ་རྒྱུར་རྗེས་ཕྱོགས་མཆན་དེ་རིགས་མི་འགོད་རྒྱུ་སྙིང་ནས་རེ་སྐུལ་ཞུ་བ་ཡིན། རང་ཉིད་ཅི་ཡང་མི་འཇོན་པའི་མི་འདི་རིགས་ལ་དོག་ཟོན་བྱོས
ཐུགས་རྗེ་ཆེ།
གོང་གི་ལྗང་སྨྱུག་འདི་རྫུན་མ་རེད། འདི་མཁན་རྫུན་དཔལ་རྒྱས་ཟེར་བ་དེ་རེད། དེ་དོན་རྣམ་པ་ཚོས་མཁྱེན་པར་མཛོད།
ཁྱེད་ཀྱི་ལྷག་བསམ་དང་སེམས་ཤུགས་རུམ་གང་བསྣན་ནས་འདི་ལྟར་ཕེབས་དུས།་་་་་ངོ་མ་ངས་ཅི་ལྟར་བཤད་དགོས་པའང་མི་ཤེས།་་་ཡིན་ན་ཡང་ཁྱེད་མ་བུ་གསུམ་པོའི་བསམ་དོན་བཞིན་རང་དབང་།་་་དྲང་བདེན།་་་འཐབ་རྩོད་འདི་རྒྱལ་གྱུར་ཅིག
ཁྱེད་ཀྱི་སྙིང་སྟོབས་ལ་ངས་ནམ་ཡང་ཡི་རངས་ཞུ།
ལྗང་སྨྱུག་རང་གི་མ་འཇོན་གཞན་ལ་འཕྱ། མ་འཇོན་གཏམ་ངན་དྲ་སྟེང་འདི་རུ་བཏོན། ལྗང་པ་རྩོམ་ལ་དགའ་བའི་ཐོན་པ་མིན། རང་གཏམ་དྲང་པོ་བཤད་དེ་བཏོན་པ་མིན། ལྗང་པའི་ལག་སྡང་རྒྱ་སྒོར་འབྲེལ་མིན་ནམ། ལྗང་པའི་གྲོད་ཁོག་རྒྱ་ལ་བཅོལ་མེད་དམ། ལྗང་པའི་སྨྲ་ལྕེ་རྒྱ་ཡི་ཉོས་མེད་དམ། དེ་མིན་བོད་མི་ཞིག་གི་དེ་འདྲའི་གཏམ། དྲ་ཐོག་འདི་སྟེང་བཏོན་ན་ངོ་ཡང་།
རྩོམ་པ་པོ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱི་སྐུ་ཚེ་ལ་བར་ཆད་མེད་པ་དང་། བོད་རང་གི་བདེན་མཐའ་མྱུར་དུ་གསལ་བར་ཤོག སྙིང་སྟོབས་དང་ལ་རྒྱ་ལ་ཡི་རང་ཡོད། སུམ་བཅུའི་དུས་དྲན་སྐབས་སུ་མིག་ཆུ་དང་བཅས་སྐྱེལ་མ་བྱས་པ་དེ་ཡིན།
ཚེ་བརྟན་རྡོ་རྗེའི་སྙིང་སྟོབས་དང་ལས་འགུལ་འདི་ལ་རྒྱབ་སྐྱོར་ཡོད། ཁ་ནས་སྐྱིད་པོ་བཤད་མཁན་་རང་བཙན་གཙང་མ་དགོས་ཟེར་ནས་སྐྱོན་བརྗོད་མཁན་ཚོ་ལ་ཡང་ལས་འགུལ་དང་འཐབ་རྩོད་བྱེད་རྒྱུའི་གོ་སྐབས་བཟང་བོ་ཞིག་འདུག. ལས་འགུལ་སྤེལ་རོགས།
དྲི་མེད་ཀུན་ལྡན་མ་བུ་སྲིང་གསུམ་གྱི་ལས་འགུལ་རྒྱལ་གྱུར་ཅིག བོད་རྒྱལ་ལོ།།
སྙིང་སྟོབས་དང་ལྷག་བསམ་ཧ་ལས་པ་རེད་།། རྗེས་སུ་ཡི་རངས་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད་།།ཁྱེད་མ་བུ་གསུམ་གྱི་བསམ་དོན་ལེགས་འགྲུབ་དང་སྐུ་གཟིགས་བདེ་ཐང་ཡོང་པའི་སྨོན་འདུན་སྙིང་ནས་ཞུ།།