འབྲོང་ངུར་བསྟན་འཛིན་ལམ་བཟང་།
འདི་ནི་སྐུ་ཞབས་ཞོགས་དུང་གི་དེབ་འབྲིང་བཞི་ཡི་དགོས་དམིགས་ངོ་མ་དེ་རེད་འདོད།
དང་པོ་ཁ་བྱང་གི་རྒྱབ་ལྗོངས་ནི། འཚོ་གནས་ཀྱི་བདག་ཅེས་པ་ནི་ཕྱི་རོལ་པས་འདོད་པའི་བདག་ལྟ་བུ་མ་ཡིན་ལ་ནང་སྡེས་བཏགས་ཙམ་གྱི་བདག་ཟེར་བ་དང་འབྲེལ་བ་མེད། སྐབས་འདིའི་བདག་ནི་མི་ཞིག་ཡིན་ནས་བཟུང་བདེ་བ་འདོད་ལ་དེ་ནི་འཚོ་གནས་ཀྱི་ཆེད་དུ་ཡིན་དགོས། ལ་ཏེ་བདག་དེ་འདྲ་ཞིག་མེད་ན་ཆུང་ས་ནས་རང་དང་ཆེ་ས་ནས་རང་རྒྱལ་ཁབ་དང་བཅས་པར་བརླགས་པར་བཞེད། དེ་ལྟར་འདོད་མཁན་སྐུ་ཞབས་ཞོགས་དུང་ལགས་ཡིན་ལ། ཁོང་ནི་དེང་སྐབས་བོད་ཕྱི་ནང་གཉིས་ཆར་རྩོད་གླེང་དང་གྲགས་འགུལ་ཆེས་ཆེ་བའི་རྩོམ་པ་པོ་ཞིག་རེད། ཁོང་གི་ད་བར་བརྩམས་པའི་ཆེད་དེབ་བཞི་ཡོད་དེ། དཔྱོད་ཤེས་རྒྱང་འབོད་དང༌། དོགས་སློང་སྙིང་སྟོབས་དང༌། རིག་ཤེས་ཀུན་གྲོལ་དང༌། གནམ་ས་གོ་འབྱེད་བཅས་ཡིན། དེབ་ཕྱི་མ་དེ་བརྩམས་ནས་ཁོང་པ་བཙོན་དུ་ཕེབས་དགོས་བྱུང་བ་རེད་ལ་བོད་མིའི་སྤྱི་ཚོགས་ཁྲོད་ནས་ཁོང་ལ་འཛིན་པའི་ལྟ་སྟངས་ཀྱང་འགྱུར་བ་ཤུགས་ཆེར་ཐེབས་ཏེ་ལྟ་ལོག་ནས་ལྟ་བ་ཡང་དག་ཅན་དང༌། ཉེས་ཅན་གྱི་མི་སྣ་ཞིག་རླབས་དང་བཟི་ཅན་གྱི་མི་སྣ་གལ་ཆེན་ཞིག་བགྲང་བཞིན་མཆིས། མ་གཞི་ཞོགས་དུང་གི་ལྟ་ཚུལ་ཆ་དུ་མ་ཞིག་ནས་བོད་པས་ད་དུང་ཡང་དང་ལེན་བགྱིས་མེད་པ་དང་སྔོན་མར་མཁས་དབང་ཚུལ་ཁྲིམས་བློ་གྲོས་སོགས་ཀྱིས་དགག་པ་ཚ་ནན་བརྒྱབས་སོང༌། འོན་ཀྱང་ཞོགས་དུང་ནི་ཁོང་ཚོས་བཤད་པ་ལྟ་བུའི་ནག་ཅན་ཞིག་མ་ཡིན་ལ་མི་རིགས་འདིའི་ཆེད་དུ་ཁོ་རང་གི་གཏམ་དོན་ཡོད་ཚད་བློས་བཏང་བྱས་ཡོད། དེ་ཡང་ཁོང་གིས་གལ་ཏེ་བོད་མི་རིགས་ཀྱི་འཕེལ་རྒྱས་དང་འཚོ་གནས་ལ་ཕན་ཐོགས་ཕྲན་བུ་རེ་འབྱུང་ཐུབ་ན། ང་རང་ཉིད་ལོ་རྒྱུས་ཉེས་ཅན་མི་སྣ་རུ་གྱུར་ཀྱང་འགྱོད་པ་སྤུ་ཙམ་ཡང་མེད་ཅེས་དང༌། རྩོམ་འདི་བཀྲམ་པའི་རྗེས་ལ། ནམ་ཞིག་མི་ཡུལ་གྱི་ཚ་དམྱལ་དང་གྲང་དམྱལ་དུ་སྡོད་ལོས་དགོས་སྙམ་སྟེ་འཇིགས་སྐྲགས་ཆེ་མོད། ཁ་ཡི་ཆེད་དུ་མགོ་བོ་ཤོར་ནའང་ལམ་འདི་རང་གིས་བདམས་པ་ཡིན་ཕྱིར་རང་འགན་རང་གིས་འཁུར་རྒྱུ་ཡིན་ནོ། །ཞེས་གསུངས་འདུག ཁོང་གིས་བདག་མེད་དང་སྟོང་ཉིད་ཀྱི་ལྡོག་ཟླ་རུ་ལངས་ཏེ་འཚོ་གནས་ཀྱི་བདག་ཅིག་དགོས་པར་བཤད། དེ་ལྟར་འདོད་མཁན་བོད་མི་ཐོག་མ་ཡིན་ལ་དེའི་དགོས་པའང༌། འུ་ཚོ་འཚོ་གནས་དང་འཕེལ་རྒྱས་མི་དགོས་པའི་གནས་ལུགས་སུ་ལའང་བཤད་རྒྱུ་མེད། མུ་མཐུད་དུ་འཚོ་གནས་གཏོང་དགོས་པ་གཞིར་བཞག་ཡིན་ན། འཚོ་གནས་ཀྱི་ཆ་རྐྱེན་ཇེ་ལེགས་སུ་བསྒྱུར་བར་བསམ་བློ་མི་གཏོང་དོན་ཅི་ཡིན། འཚོ་གནས་ཀྱི་གནད་དོན་ཞེས་པ་ནི་འཕེལ་རྒྱས་ཀྱི་གནད་དོན་རེད། འཕེལ་རྒྱས་ཞེས་པའང་གཙོ་ཆེར་དངོས་པོའི་དཔལ་ཡོན་གྱི་ཆ་ནས་བཤད་ཀྱི་འདུག དངོས་པོའི་དཔལ་ཡོན་གོང་འཕེལ་དུ་གཏོང་བའི་ཆ་ནས་བལྟས་ན་འུ་ཚོའི་བག་ཆགས་ན་ཡོད་ལས་དབང་དང་བསོད་ནམས་ཀྱི་ལྟ་ཚུལ་དང༌། བདག་མེད་དང་སྟོང་ཉིད་ཀྱི་ལྟ་ཚུལ། ལྷ་འདྲེ་ལ་མཆོད་བསྟོད་བྱ་བའི་གོམས་སྲོལ། གོམས་གཤིས་ངན་པ་དང་དཔེ་ལུགས་ངན་པ་དང་མཛེས་དཔྱོད་ལྟ་ཚུལ་ངན་པ་དང་རིན་ཐང་ལྟ་ཚུལ་ངན་པ་སོགས་ནི་འཕེལ་རྒྱས་ཀྱི་གེགས་མ་རེད་ཅི་རེད། གེགས་ཞེས་པ་དངོས་པོ་རྡོག་རྡོག་ཅིག་མངོན་གསུམ་དུ་སྟོན་རྒྱུ་གང་ན་ཡོད། གེགས་ཟེར་བ་འུ་ཚོའི་སེམས་ན་ཡོད། འུ་ཚོའི་བག་ཆགས་ན་ཡོད། དེ་དག་གིས་འུ་ཚོའི་དངོས་པོའི་དཔལ་ཡོན་དང༌། དཔལ་འབྱོར་ལོངས་སྤྱོད། མི་གཤིས་ཁེ་དབང་སོགས་ལ་རྩ་་བ་ནས་གནོད་ཀྱི་འདུག ཅེས་གསུངས། འཚོ་གནས་ཀྱི་བདག་འཚོལ་བ་ཞེས་པ་སྐབས་འདིར་ཁ་བྱང་ཡིན་མོད་རྩ་བ་སྐུ་ཞབས་ཞོགས་དུང་གི་ལྟ་ཚུལ་ཞིག་ཆགས་ཡོད། ཁོང་ལྷ་འདྲེ་གང་ཡིན་དང་ཁོང་ལ་དད་པ་ཡོད་མེད་སྐྱེ་ཁུངས་མཐོ་དམན་སོགས་ལ་མི་དཔྱོད་པར་ལྟ་གྲུབ་དེས་ང་ཚོའི་སྤྱི་ཚོགས་ལ་ཕན་ཐོགས་ཡོད་མེད་བལྟ་རྒྱུུ་དེ་གལ་ཆེན་རེད་སྙམ། མདོར་ན་ལེགས་སྤེལ་ཉེས་འགོག་གི་ལམ་སྟོན་དལ་འགྲོའི་རྒྱུན་ལྟར་སྩོལ་གནང་ཡོང་བའི་རེ་བ་བཅས་སོ།།
གཉིས་པ་འཚོ་གནས་ཀྱི་ལམ་བུ་ནི།
ཡང་དག་པའི་འཚོ་གནས་ཤིག་འཐོབ་དགོས་ན་འཚོ་གནས་ཀྱི་ལམ་བུ་བསྟེན་རྒྱུ་གལ་ཆེན་པོ་རེད། འཚོ་གནས་ཀྱི་འགལ་རྐྱེན་ངོས་མ་ཟིན་ན་དོན་དེ་བསྒྲུབ་དཀའ་བར་དགོངས་ཏེ། ཞོགས་དུང་གིས་འུ་ཚོའི་ཕུང་སྒྲ་དེ་ཡུལ་གཞན་ལ་བཙལ་རྒྱུ་མེད། འུ་ཚོའི་ཕུང་དགྲ་ནི་འུ་ཚོ་རང་ཉིད་ཀྱི་བག་ཆགས་རྙིང་པ་རེད། བག་ཆགས་རྙིང་པས་ད་ལྟའི་བར་དུ་འུ་ཚོའི་འཚོ་གནས་ཀྱི་སྲོག་དབུགས་ཚར་གཅོད་བཏང་ནའང༌། ད་ལྟ། ང་ཚོས་བག་ཆགས་རྙིང་པའི་རྩ་ལག་དང་བཅས་པ་བཅོམ་བརླག་བྱ་ཆེད། འགས་གཏོར་གྱི་མདའ་ཁ་རང་སེམས་ལ་གཏོད་ཅིང༌། ཕྱིར་རྒོལ་གྱི་དབུ་སྒོ་རང་ཉིད་ནས་རྩོམ། བག་ཆགས་རྙིང་པའི་ངོས་ཀྱི་དགྲ་འདྲེ་འཕུང་སྦྱོར་གྱི་དཔུང་ཚོགས་དེ་དག་དབྱེ་ན་རིགས་དང་རྣམ་གྲངས་མཐའ་ཡས་པ་ཡོད་སྲིད་ནའང༌། ང་ཚོས་གནས་སྐབས་སུ་རིམ་པ་བཞི་རུ་ཕྱེས་ནས་རེ་རེ་བཞིན་གཞོམ་གཞིག་གཏོང་དགོས་ཏེ། རིམ་པ་དང་པོ་ཡ་ཐོག་ལྷ་འདྲེའི་བག་ཆགས། རིམ་པ་གཉིས་པ་ཡ་ཐོག་ཤེས་རིག་བག་ཆགས། རིམ་པ་གསུམ་པ་དམ་པ་ལྷ་ཆོས་བག་ཆགས། རིམ་པ་བཞི་པ་དཔེ་ལུགས་དང་གོམ་སྲོལ་བག་ཆགས། ཞེས་འཚོ་གནས་ཀྱི་ལམ་བུ་བསྟེན་ཐབས་ཀྱི་བསྒྲགས་གཏམ་ཟིལ་ཤུགས་ཅན་ཞིག་གངས་རིའི་རྩེ་མོར་འཇིགས་པ་དང་བག་མི་ཚ་བའི་དཔའ་རྒོད་དེས་སྨྲས་སོང༌། འཚོ་གནས་ནི་ཅི་འདྲ་ཞིག་ཡིན་མིན་གོང་དུ་བསྟན་པ་དེ་ག་རང་ཡིན་མོད་འདིར་དེ་ལྟ་བུའི་འཚོ་གནས་ཤིག་འཐོབ་དགོས་ན་དེའི་འགལ་རྐྱེན་དུ་གྱུར་པའི་བག་ཆགས་རྣམ་བཞི་རྨང་མེད་འཇོམས་དགོས་པ་ལམ་གྱི་རིམ་པ་གལ་ཆེན་ཞིག་ཡིན་པར་དགོངས་ཏེ། དེ་དག་སྐོར་ཕྲ་ཞིབ་གསུངས་དོན་གནད་འགག་ཀྱང་དེ་ཡིན།
དེ་དག་མདོར་བསྡུས་ན་ཆོས་སྲིད་ཟུང་འབྲེལ་མེད་པ་དང་ཆོས་འཇིག་རྟེན་ཁ་ཁ་འབྱེད་དགོས་པ་དང༌། ཆོས་པས་འཇིག་རྟེན་ལ་ཇུས་གཏོགས་བྱ་མི་རུང་བ་ཆོས་ཀྱིས་འཇིག་རྟེན་ལ་ཕན་མི་ཐོགས་པ་བཅས་རེད། གང་ལྟར་དཔྱད་གཞི་དང་རིན་ཐང་ཧ་ཅང་ཆེ་བའི་ཞོགས་་དུང་གི་རྩོམ་རིགས་འདི་དག་ལྟ་ཀློག་བགྱིས་ན་མིའི་སེམས་ལ་སྔ་ན་མེད་པའི་བློ་གྲོས་འཕེལ་བར་གོར་མ་ཆགས། རྨོངས་ཐུམ་གྱི་སྤྱི་ཚོགས་སུ་འདི་ལྟ་བུ་སྨྲ་བ་ནི་སྲོག་ལ་ཐུག་པའི་གནད་དོན་ཞིག་ཡིན་ནའང༌། མི་རིགས་དང་འཚོ་གནས་ལ་དུང་ཞེན་ཆེ་དྲགས་པ་དང་གང་གི་བདེ་དོན་ཁོ་ན་ལ་ཐུགས་གཞོལ་ཏེ་རང་ཉིད་ལ་ཡོད་ཚད་བློས་བཏང་བྱས་པ་འདིས་ཁོང་གི་ལྷད་མེད་ཀྱི་མི་གཤིས་དང་བླ་ན་མེད་པའི་སྙིང་སྟོབས་མཚོན་ཐུབ། དུས་རབས་ཀྱི་འཕེལ་ཕྱོགས་ཇེ་མགྱོགས་སུ་སྐུལ་བའི་དུང་སྒྲ་དེས། ཧི་མ་ལ་ཡ་ཡི་མདུན་རྒྱབ་ཏུ་འཚོ་བའི་རང་རིགས་ཀུན་རྨོངས་གཉིད་ལས་དཀྲོགས་སོང་ལ་འདབ་འབྲེལ་གྱི་སྤྱི་ཚོགས་ལའང་ཤུགས་་རྐྱེན་ཟབ་མོ་ཞིག་བསྐྲུན་སོང༌། མདོར་ན་སྐུ་ཞབས་ཁོང་བཙན་པོའི་དཔའ་རྒོད་ཀྱི་སྙིང་སྟོབས་གསོན་དཔེ་བླ་ན་མེད་པ་ཞིག་ཡིན་པར་ང་ཚོས་དང་ལེན་བགྱིད་དགོས། ལྟ་གྲུབ་གསར་པ་དང་རིག་གསར་ཞིག་ནང་འདྲེན་བྱེད་སྐབས་དཀའ་ངལ་མི་ཉུང་བ་འཕྲད་ཀྱི་ཡོད་པ་ལོ་རྒྱུས་ཀྱིས་བདེན་དཔང་བྱེད་ཐུབ་ཀྱི་ཡོད་པ་འཛམ་གླིང་སྤྱི་ཡོངས་ལ་བྱུང་མྱོང་ཡོད་པ་ཤ་སྟག་ལས་བོད་པ་གཅིག་པུ་ལས་ཡོང་མ་མྱོང་ཞིག་ག་ལ་ཡིན། འོན་ཀྱང་ང་ཚོ་ལ་ནད་ངན་ཞིག་ཡོད་དེ་ཆབ་སྲིད་པ་དང༌། བསམ་བློ་བ། ལྟོས་འཇོག་གིས་དཔལ་འབྱོར་ཅན། རྣམ་དཔྱོད་ཅན་སོགས། སྐྱ་སེར་རིགས་གང་འདྲ་ཞིག་བྱུང་མ་ཐག་གཅེས་སྲིང་བྱེད་རྒྱུ་ལས་ལྡོག་སྟེ་འབོར་འཇོམས་ཁོ་ན་དམིགས་ཏེ། རྒྱུ་མཚན་ཡོད་མིན་གྱིས་རྒྱ་མིས་ཉུལ་མ། ཤུགས་ལྡན་ཕྱོགས་གཏོགས་སོགས་མིང་ངན་སྣ་ཚོགས་གཡོག་སྟེ་ཆོས་སྒྲུབ་པར་སྐད་ཀྱང་དོན་དུ་ཆོས་མིན་སྤྱོད་པའི་མི་རིགས་འདིའི་གང་ཟག་རེ་རེ་ནས་བསམ་རྣོ་ལེགས་པར་བཏང་སྟེ་ཡ་རབས་ལས་ལ་མ་སྤྱོད་ན་ང་ཚོ་ཉན་ཁ་ཤིན་ཏུ་ཆེ་བར་འདོད། ཅེས་ས་རཱ་སློབ་གྲར་བྲིས་ཏེ་གངས་སྐྱིད་དུ་ཐ་མའི་བཅོས་སྒྲིག་བགྱིས་པ་པོ་ནི་འབྲོང་ངུར་ཕོ་ཉས་སོ།།
གྲོགས་པོ་ལགས། བསམ་ཚུལ་གསུང་པར་བཀའ་དྲིན་ཆེ། དག་ནོར་མང་ཙམ་འདུག་བསམས། བཟི་ཅན། གཟི་བརྗིད་མིན་ནམ་སྙམ། འབོར་འཇོམས། འབུར་འཇོམས་མིན་ནམ་སྙམ། རྒྱ་མིས་ཉུལ་མ། རྒྱ་མིའི་ཉུལ་མ། དེ་ལྟར་མིན་ནམ་སྙམ། གལ་ཏེ་དེ་ལྟར་མིན་པར་ཁྱེད་ལ་ལུང་འདྲེན་དང་གོ་རྒྱུ་གཞན་ཞིག་ཡོད་ན་དགོངས་འགལ་མེད་པ་ཞུ།
ཡག་པོ་བྲིས་གནང་འདུག མུ་མཐུད་དུ་འདི་འདྲའི་དཔྱད་རྩོམ་གང་མང་སྤེལ་རོགས་ཞུ་རྒྱུ་ཡིན།
བློ་ལ་འབབ་པ་ཞིག་བྲིས་འདུག ཞོགས་དུང་གསལ་སྟོན་བྱས་འདུག བག་ཆགས་རྙིང་པ་ནི་ཞོགས་དུང་ལ་ཡང་ཡོད་པ་རེད། མར་ཁེ་སིའི་ལྟ་བའི་བག་ཆགས་དེ་ཡང་དུས་རབས་ཉེར་གཅིག་པར་ཧ་ལམ་རྙིང་པ་ཆགས་ཚར་པ་རེད། ད་ནི་ང་ཚོར་དམར་ཕྱོགས་དང་ཆོས་ལུགས་པ་གཉིས་ཀའི་ལྟ་བ་ལས་གྲོལ་བའི་ལྟ་བ་དབུ་མ་ཞིག་དགོས་ཀྱི་འདུག ཡང་ན་དམར་ཕྱོགས་པ་དང་ཆོས་ལུགས་པ་གཉིས་ཀའི་ལྟ་བ་མཉམ་བསྲེས་བྱས་ནས་བོད་རང་གི་མི་རབས་གསར་རྙིང་གཉིས་ལ་མཐུན་པའི་དཀར་པོ་ཆིག་ཐུབ་ཀྱི་ལྟ་བ་ཞིག་གསར་བཏོད་བྱེད་དགོས་ཀྱི་འདུག ངས་བསམས་ན་རྫོགས་ཆེན་གྱི་ལྟ་བ་དང་རྒྱ་ནག་ཟེན་ཆོས་ལུགས་ཀྱི་ལྟ་བ་འདི་ནི་ང་ཚོར་འཚམ་པའི་འཚོ་གནས་ཀྱི་ལྟ་བ་ངོ་མ་དེ་རེད་འདོད། དེ་ནི་ཚིག་ཕྲེང་གཉིས་ལ་འདུ་སྟེ། “སངས་མ་རྒྱས་སྔོན་ལ་ཤིང་གཏུབ་ཅིང་ཆུ་འཁུར། སངས་རྒྱས་པའི་རྗེས་ལ་ཤིང་གཏུབ་ཅིང་ཆུ་འཁུར། “
ཕུག་རོན་དཀར་པོ་སོགས་ཀྱིས་དག་བཅོས་དང་མཛུབ་སྟོན་གནང་བར་ཐུགས་རྗེ་ཆེ། ནར་མ་སོན་པའི་སྨྱུ་གུ་འཆང་བ་ཕྲན་པར་རྩོམ་རིག་གི་སྐྱེད་ཚལ་འགྲོ་བར་གོལ་ས་ལས་གྲོལ་ཕྱིར། གེག་སེལ་དང་བོགས་འདོན་དལ་འགྲོ་བཞིན་རྒྱུན་རྩོལ་ཡོད་པ་ཞུ་རྒྱུ་བཅས་། བཀྲ་ཤིས་བདེ་ལེགས།
གྲོགས་བསྟན་འཛིན་ལམ་བཟང་ལགས། སྐུ་ཁམས་བཟང་། ཁྱོད་ཀྱིས་འཚོ་གནས་ཀྱི་བདག་འཚོལ་བ་ཞེས་པའི་རྩོམ་ཡིག་ཅིག་སྤེལ་བར་ཕྲན་མགུ་ནས་ཡོད། བཙན་མེ་སྟག་གིས