རྩོམ་པ་པོ། ར་སེ་དཀོན་མཆོག་རྒྱ་མཚོ། ༼འོས་སྦྱོར།༽
ངེས་འབྱུང་བློ་ཡིས་འཁོར་བ་སྐྱོན་དུ་མཐོང་།།
འཚོ་གནས་རིག་པ་འཁོར་བའི་རྩ་བར་རིག།
སྙིང་པོ་མེད་ཅེས་མི་རབས་བརྒྱུད་མར་བསྒྲགས།།
འཁོར་བ་ད་དུང་མ་སྟོངས་ཅི་ཡིས་ནོངས།།
འཇིག་རྟེན་སྙིང་པོ་མེད་པར་རབ་བསྒྲགས་ཀྱང་།།
འཇིག་རྟེན་པ་ལ་མ་བརྟེན་འཚོ་ཐབས་བྲལ།།
འཇིག་རྟེན་སྤོང་ཐབས་ལྷ་ཁང་རྟེན་གསུམ་ཀུན།།
འཇིག་རྟེན་པ་ཡིས་འབད་པའི་འབྲས་བུ་ཡིན།།
གལ་ཏེ་འཚོ་གནས་སྙིང་པོ་མི་འདུག་ཅེས།།
ཁྱིམ་པའི་ཚོགས་ཀྱིས་ཞིང་འབྲོག་སོགས་སྤང་ནས།།
ཀུན་ཀྱང་ཆོས་གྲའི་ནང་དུ་འཚང་བྱུང་ན།།
བསོད་ནམས་བྱ་བའི་མཐུན་རྐྱེན་གང་ནས་འབྱུང་།།
རབ་བྱུང་ཤ་བཟས་སྤང་བ་བསྟན་པའི་རྒྱན།།
འབྲོག་པ་ཤ་སྤང་བཤས་འདོར་གྲོང་དུ་སྤོས།།
ར་ལུག་ཚེ་ཐར་བདག་མེད་ཁྱི་སྤྱང་གསོས།།
བོད་ཀྱི་འབྲོག་ལས་མར་ངོའི་ཟླ་ལ་འགྲན།།
རབ་བྱུང་འབུ་སྲིན་མི་གསོད་དྭངས་པའི་རྒྱན།།
ཞིང་པས་སྡིག་པར་སྐྲག་ནས་ཞིང་ཁ་ཡང་།།
ཚེ་ཐར་བཏང་ཞེས་འགྲན་ཏེ་འདེབས་ལས་དོར།།
བོད་ཀྱི་ཞིང་ལས་དགུན་གྱི་ཆུ་བོར་འགྲན།།
མགར་བཤན་རྗ་མཁན་ཀོ་མཉེད་དམན་པར་བལྟ།།
རང་གི་ལག་ཤེས་གཞན་གྱིས་ལག་ཏུ་ཤོར།།
སྲོལ་རྒྱུན་ཕལ་ཆེར་རང་བདག་མ་ནུས་པའི།།
བོད་ཀྱི་བཟོ་རིག་ལག་ཤེས་གཞན་དབང་བསྒྱུར།།
ཁ་ལ་ངེས་འབྱུང་ཐོགས་པའི་ལས་གཡོལ་བ།།
འཁོར་བ་ཆོ་མེད་སྒྲོག་པའི་ཉལ་དགའ་བ།།
འཇིག་རྟེན་ཕུན་ཚོགས་ཐམས་ཅད་ལོངས་སྤྱོད་པ།།
ད་ནི་དམངས་ཀྱི་རྐང་ལག་མ་བཅིངས་འཚལ།།
རང་ཉིད་སྔ་དེང་ཐོན་རྫས་ཀུན་ལ་དགྱེས།།
གཞན་ལ་འདི་དག་སྙིང་པོ་མེད་དོ་ཟེར།།
སྙིང་པོ་ལེན་ན་ངེད་ཚོར་འབུལ་དགོས་ཟེར།།
གཞན་མགོ་ཐབས་ཀྱིས་གཡོགས་པ་ངོ་རེ་ཚ།།
ལོ་ངོ་སྟོང་ལ་བོད་དམངས་མགོ་བོ་བསྐོར།།
ཚོགས་གསོག་ཡིན་ཟེར་བྲན་དང་གཡོག་ཏུ་བཀོལ།།
ལས་མེད་མང་པོ་གསོ་བའི་ལམ་ལུགས་འདི།།
ཡང་དག་དོན་གྱི་ནང་ཆོས་ག་ལ་ཡིན།།
སྔ་ནས་ད་བར་སེར་མོ་ཆེན་པོ་ཀུན།།
ཆོས་ལུགས་ཁོ་ནའི་ཁེ་ཕན་ཐུགས་ལ་བཞག།
ཐམས་ཅད་ཆོས་ཕྱོགས་ཁོ་ནར་དེད་དྲགས་པས།།
རིགས་ཀྱི་ལས་དབང་བསམ་མཁན་ཅིག་ཀྱང་མེད།།
གང་ན་ཆོས་ལུགས་དར་རྒྱས་ཡོད་མེད་དང་།།
གང་ན་གྲྭ་བཙུན་མང་ཉུང་འགྲན་པ་ལས།།
གང་ན་རིགས་ཀྱི་མདུན་ལམ་ཡོད་མེད་ལ།།
སྙིང་པོ་མེད་ཅེས་ཀུན་གྱིས་སྣང་མེད་བྱེད།།
དོན་དུ་འཚོ་གནས་རིག་པ་མེད་གྱུར་ན།།
ཁ་བདེ་ཉལ་དགའི་འཚོ་བ་གང་ནས་འོང་།།
ད་ལྟའི་འཚོ་གནས་རིག་པ་ཉམ་ཐག་འདི།།
སྙིང་པོ་མེད་པའི་བསམ་བློའི་མཇུག་འབྲས་ཡིན།།
གྲྭ་བཙུན་རྣམས་ནི་རྐང་ཞ་ལག་རྡུམ་བཞིན།།
འཚོ་བའི་མཐུན་རྐྱེན་གཞན་ལ་ལག་པ་བཟེད།།
གཞན་གསོས་བུ་ཡི་གཡོ་འཕྲུལ་རྗེས་འགྲོ་བའི།།
སངས་རྒྱས་སྒྲུབ་ཟེར་དྲང་པོ་གང་དུ་ཡོད།།
མདོར་ན་བོད་ཀྱི་ཆེན་པོ་མཐོན་པོ་ཀུན།།
སངས་རྒྱས་བྱང་སེམས་སྤྲུལ་ཆེན་གང་ཡིན་ཀྱང་།།
མཐོན་པོའི་ཁྲི་དང་བསྟོད་པས་མཁར་བཏེགས་མོད།།
གཞན་ལ་ལག་པ་བཟེད་མཁན་ཤ་དག་ཡིན།།
རང་ཉིད་གཞན་གྱི་ལག་པར་བཟེད་དགོས་པ།།
མངོན་སུམ་ཡིན་མོད་གཞན་གྱི་ལག་པ་ཟུང་།།
རང་གིས་བཅད་ན་རང་ལག་བཅད་པ་སྟེ།།
རང་ཉིད་དེ་ཡི་ལག་པར་བཟེད་པས་སོ།།
འཚོ་བའི་དཀའ་ངལ་སེལ་བའི་ཐབས་ལམ་དུ།།
ལྐོག་གྱུར་ཕན་ཡོན་མང་པོའི་ཆོས་ལུགས་སྤེལ།།
ལེགས་པར་བརྟགས་ན་ཕྱིས་བྱུང་ཕན་ཡོན་རིགས།།
ཤཱཀྱ་ཐུབ་པའི་སྲོལ་དང་རྒྱབ་འགལ་ཡིན།།
འགྲོ་བ་རིགས་དྲུག་འདྲེན་ཁུལ་རྫུན་གཏམ་སྤོང་།།
ཉམ་ཆུང་རིགས་འདིའི་འཚོ་གནས་མ་བརླག་རོགས།།
ཁྱེད་རང་མི་ཡི་ཟས་གོས་མི་དགོས་ཀྱང་།།
རིགས་འདི་སྣ་མང་ཁྲོད་དུ་རྒྱུན་བསྲིངས་དགོས།།
ད་ནི་བོད་དམངས་བསམ་བློ་སྒེར་བསྡམས་འགྲོལ།།
སྔ་དེང་འཚོ་གནས་རིག་གནས་སློབ་པར་བསྐུལ།།
མི་རིགས་གཞན་གྱི་རྐང་འོག་མ་ལུས་པར།།
རང་མགོ་ཐོན་པའི་ལམ་དུ་གཏོང་བར་འཚལ།།
མི་བུ་ཤེས་རབ་དཔལ་གྱིས་གསོལ་བ་བཏབ་པའོ།།
རྒྱང་མིག་གིས་ «ཁྱུང་ཡོན་བོད་རིག་གནས་ཀྱི་འཕྲིན་སྟེགས།» ནས་དྲངས།
ངེས་འབྱུང་བློ་ཡིའི་འཁོར་བ་སྤོང་འདོད་ཀྱང་།
ལས་དབང་དྲག་པོའི་འཁོར་བའི་འདམ་དུ་ལྷུང་།
རྒྱུ་འབྲས་རྣམ་བཞག་ལས་ཀྱི་འཁོར་ལོ་ལ་།
རང་དབང་ཁབ་རྩེ་མེད་པ་ལས་ཀྱི་མཐུ་།
བདེ་འདོད་བསམ་མཁན་སྲོག་ལྡན་ཀུན་།
རང་དབང་ཁབ་རྩེ་མེད་པ་ལས་ཀྱི་དེད་།
སྔོན་བསགས་དཀར་མིན་ལས་ཀྱི་མཐུ་བཙན་ནས་།
གང་བསམ་རང་དབང་ཤིན་རྗེའི་ཁྲིམས་སུ་གསལ་།
༅༅། ཁ་ནས་ཇི་ལྟར་བཤད་ན་ཡང་།། དོན་དངོས་ཐོག་དུ་མི་ཕན་ཞིང།།
བདེ་བ་ཇི་ལྟར་འདོད་ན་ཡང།། མི་འདོད་བཞིན་དུ་སྡིག་ཏུ་གཡོ།།
སྔོན་ལས་རང་བཞིན་གཉིས་ལས་བྱུང།།
འཇིག་རྟེན་སྙིང་པོ་མེད་པ་ཀུན་གྱིས་ཤེས།། ཤེས་ཤིང་ཤེས་ནས་སྙིང་མེད་ནང་དུ་ལྷུང།།
སྔོན་ལྷུང་ད་ལྷུང་མ་འོངས་དེ་བཞིན་ལྷུང།། འདི་ལས་གཡོལ་ཐབས་གཞན་པ་ཅི་ཡང་མེད།།
འདི་ན་ཡང་ནག་ཁུང་ནག་རྐྱང་གི་འཇིག་རྟེན་ཞིག་ནས་སྐད་ངན་ལུང་བ་གང་བརྒྱབ་འདུག སངས་རྒྱས་ཆོས་ལུགས་ནང་འཁོར་བ་སོགས་སྡུག་བདེན་ཕྱོགས་ཀྱི་ཆོས་ཀུན་དང་། སངས་རྒྱས་ཀྱི་གོ་འཕང་སོགས་རྣམ་བྱང་ཕྱོགས་ཀྱི་ཆོས་ཐམས་ཅད་ལ་འདྲ་མཉམ་གྱིས་ཞེན་ཆགས་བྱེད་མི་ཉན་ཚུལ་གསུངས་ཡོད་པ་མ་གཏོགས་འཁོར་བ་ལ་ཞེན་ཆགས་སྤོང་། ཐར་བ་དང་དཀོན་མཆོག་གསུམ་ལ་ཞེན་ཆགས་བྱེད་དགོས་ཚུལ་གང་དུ་ཡང་ཟུར་ཙམ་གསུང་མེད། ཚེ་འདི་དང་ཕྱི་མ་གཉི་གར་ཞེན་ཆགས་གནང་མི་ཉན་ཚུལ་གསུང་བ་མ་གཏོགས་ཚེ་འདིའི་ནོར་ལོངས་སྤྱོད་སོགས་བེད་སྤྱོད་གཏོང་མི་ཉན། དཔལ་འབྱོར་ཡར་རྒྱས་གཏོང་མི་ཉན་ཟེར་ནས་གང་དུ་ཡང་གསུང་མེད། ལྷག་ཏུ་བསྟན་པའི་སྦྱིན་བདག་མངའ་ཐང་དར་བའི་བསྔོ་བ་སྨོན་ལམ། འབོད་སྐུལ་གནང་བཞིན་པ་དེ་ལྟར་རེད། བདེན་མིན་མི་ཤེས་ན་ཁྱེད་ཀྱི་འཇིག་རྟེན་དེར་སྒྲོན་མེ་ཞིག་སྦོར་དང་མཐོང་ངེས་ཡིན། ཆོས་ལུགས་པར་ཁས་འཆེ་བ་འགའ་ཤས་ལ་སྐྱོན་དེ་ལྟར་ཡོད་པ་བདེན་པ་རེད། འོན་ཀྱང་དེ་ཆོས་ཀྱི་སྐྱོན་དུ་བལྟ་ན་ཁྱེད་ཀྱི་ནོར་འཁྲུལ་རེད།
སྟོན་པ་སངས་རྒྱས་ཚད་མའི་སྐྱེས་བུ་ཡིན།།
དེ་ཡི་བསྟན་པ་མ་ནོར་ལམ་བཟང་ཡིན།།
དེ་འཛིན་མགོ་རེག་དེང་འདིར་སྲོལ་རྫུན་ཡིན།།
དེ་གཉིས་སོ་སོར་མི་འབྱེད་ཐབས་ཤིག་མེད།།
བླུན་རྨོངས་དད་པའི་རྗེས་སུ་འབྲང་འབྲང་བས།།
རིགས་ཀྱི་འདུན་ལམ་འཇིགས་རུང་གཡང་དུ་སྐྱེལ།།
ད་ནི་ད྄པྱོད་པའི་ལམ་དུ་འཇུག་པ་ལས།།
ཟེར་རྗེས་མི་འབྲང་སེམས་ཐག་ཀོར་མོ་རྡོ།།
ར་སེ་དཀོན་མཆོག་རྒྱ་མཚོ་འདི་བོད་ནང་གི་མཁས་དབང་དེ་འེ་ཡིན་ནམ། གསལ་བོ་མ་ཤེས། ཚ་བ་མདའ་སྨྱུག་གིས་དགག་སྒྲུབ་ཚད་མེད་གཏོང་ས་དེ་ཡིན་ན་དངོས་དོན་གྱི་སྨྲ་བའི་སེང་ཆེན་ཞིག་ཡིན།
༅༅། སེམས་པ་འདི་སྐྱོ་བོ་ཞིག་རེད་ལགས། འཇིག་རྟེན་འདི་མ་སྟོང་བར་དུ་སྡུག་བསྔལ་ལ་
ཟད་མཐའ་མེད། སེམས་པ་རེ་རེ་ལ་འཇིག་རྟེན་གྱི་སྐྱོ་སྡུག་རེ་ཡོད།
སེམས་སྡུག་ནི་ནམ་ཡང་རྫོགས་མཐའ་མེད། འཇིག་རྟེན་འདི་ཟང་ཟིང་དང་འར་འུར་ཞིག་རེད།
རང་རྒྱལ་དང་གཞན་ཕམ་རྣག་ཁྲག་གིས་བཞེངས་པའི་གླུ་སྐད་གཅིག་
སེམས་སྡུག་ནི་ཟད་མཐའ་མེད། ཅི་བྱེད། འཇིག་རྟེན་གྱི་བདེ་བ་ནི་རང་ཉིད་རང་གིས་
འཚོལ་དགོས། ཀྱག་ཀྱོག་གི་ལམ་འཕྲང་བརྒལ་ནས་རང་ཉིད་འཚོལ་དགོས།
སྐྱོ་སྡུག་ཁྲི་འབུམ་གྱི་གསེབ་ནས་རང་ཉིད་ཀྱི་མི་ཚེ་རྫོགས་འགྲོ།
ནང་དོན་ཡོད་ཀི