མི་མང་པོ་ཞིག་གིས་རང་གི་རྣམ་རྟོག་གི་རྒྱུ་བར་ཚོད་འཛིན་ཐུབ་ཀྱི་མེད། རྣམ་རྟོག་ཚོད་འཛིན་མ་ཐུབ་པ་དེས་རང་ཉིད་ལ་སྡུག་བསྔལ་དང་། མ་བདེ་བ། སྐྱོ་སྣང་སོགས་སྤྲོད་བཞིན་ཡོད། དོན་དམ་པར་མི་རེ་རེར་ཚོར་ཤེས་ཀྱི་ནུས་པ་མ་འདྲ་བ་རེ་དང་། ནུས་པ་མ་འདྲ་བ་རེ་རེར་མྱོང་སྣང་མ་འདྲ་བ་རེ། དེས་བསྐྱེད་པའི་བདེ་སྡུག་མ་འདྲ་རེ་ཡོང་གི་ཡོད། རྣམ་རྟོག་གམ། ཚོར་ཤེས། ཤེས་པ། བློ་རིག ཀླད་རྩ། ཀླད་པའི་འགུལ་སྤྱོད་སོགས་མིང་གང་ཞིག་གིས་བསྙད་ཀྱང་རུང་མི་རེ་རེར་དབང་སྒྱུར་བྱེད་པའི་འདུ་ཤེས་རེ་རེ་ཡོད་པ་མངོན་གསལ་རེད། འདུ་ཤེས་དེ་དོན་དངོས་ཐོག་དེ་འདྲའི་དབང་ཤུགས་ཆེན་པོ་ཞིག་མིན། འོན་ཀྱང་རང་ཉིད་ཀྱིས་འདུ་ཤེས་དེར་ཚོད་འཛིན་གྱི་བསམ་བློ་མ་བཏང་བའམ་རྒྱ་ཡན་དུ་བཏང་བ་དེ་སྲིད་འདུ་ཤེས་ཀྱི་རྒྱུ་བ་དེས་ཀྱང་ལྷག་པར་དུ་རང་ཉིད་ལ་དབང་སྒྱུར་བྱེད་འགོ་འཛུགས་ཀྱི་ཡོད། མི་སུ་ཡིན་ཡང་རང་ཉིད་ཀྱིས་རང་ཉིད་ངོ་མ་ཤེས་པའམ་རང་ཉིད་ལ་དབང་སྒྱུར་བྱེད་ཀྱི་འདུ་ཤེས་ཤིག་མི་མངོན་པའི་ཚུལ་དུ་རང་ཉིད་ཀྱི་ལུས་ཐོག་ཏུ་ཡོད་པ་མ་ཤེས་པ་དེ་སྲིད་དུ་རང་ཉིད་དབང་སྒྱུར་བྱེད་ཀྱི་འདུ་ཤེས་དེའི་བྲན་འོག་ནས་ཐར་ཐབས་མེད་ལ་དེས་རྐྱེན་པའི་འཚོ་བར་བདེ་སྐྱིད་མེད་པ་དང་། འདོད་ཚིམ་གྱི་ཚོར་སྣང་ཡལ་བ། ད་དུང་འཁོན་འཛིན་དང་། སྡང་སེམས། སྐྱོ་ཤས། སྡུག་བསྔལ་བ་སོགས་ཀྱི་གནས་སྟངས་འོག་རྒྱ་ཆེ་ས་ནས་མི་གསོད་འཕྲོག་བཅོམ་དང་། རྒྱལ་ཁབ་ཀྱི་བདེ་འཇག་གཏོར་བརླག་ནས་འགོ་བཙུགས་ཏེ་ཆུང་ས་ནས་རང་ཉིད་ཀྱི་གཉེན་ཉེ་སོགས་སྡུག་ལ་སྦྱོར་བ་དང་། རང་ཉིད་ཀྱི་ཚེ་སྲོག་ལའང་འཇིགས་སྔངས་འབྱུང་བཞིན་ཡོད། རྒྱལ་ཁབ་དང་མི་མང་གི་བདེ་འཇག་ཟེར་ནས་ཚང་མས་གླེང་བཞིན་ཡོད་ལ་དེའི་ཆེད་དུ་ཁྲིམས་ཀྱི་ནུས་ཤུགས་རྒྱ་བསྐྱེད་དང་། ཕྱིའི་འཁོར་ཡུག་གི་སྲུང་སྐྱོབ་གང་ཞིག་བསྐྲུན་དང་སྐྲུན་བཞིན་ཡོད། ཡིན་ཡང་ཉིན་རེའི་གསར་འགྱུར་དང་གནས་ཚུལ་ཁག་ནས་མི་བསོད་དོན་རྐྱེན་དང་། འཕྲོག་བཅོམ་དོན་རྐྱེན། བཙན་གཡེམ་དོན་རྐྱེན་སོགས་གཅིག་རྗེས་གཉིས་མཐུད་ཀྱིས་འབྱུང་བཞིན་ཡོད། ང་ཚོས་དེ་དག་ཡོང་ཆོག་དང་ཡིན་ཤག་ཤག་གི་གནས་ཚུལ་ཙམ་དུ་མ་བཞག་པར་ཞིབ་དཔྱོད་ཡང་དག་པ་ཞིག་བྱས་ན། དེ་ལས་རྟོགས་ཐུབ་པ་ནི་འདུ་ཤེས་ཀྱིས་དབང་སྒྱུར་བྱེད་པའི་མིའི་རིགས་ཀྱི་འདོད་རྔམ་དང་། ཧམ་ཤེད། འདོད་སྲེད། སྨྱོ་ཚུལ་སོགས་ལ་ཁྲིམས་གཞི་དང་དངོས་པོའི་འཛུགས་བསྐྲུན་གཅིག་པོས་འདང་མེད་པ་གསལ་བོ་རེད། དངོས་པོའི་ཆོས་ཉིད་ཀྱི་འབྱུང་ཁམས་ནང་དུ་ཆོས་ཉིད་རང་བཞིན་གྱི་གནས་ལུགས་གཅིག་རང་ཡོད་པ་ནི་འགལ་ཟླའི་དངོས་པོ་ཚོལ་ཞིབ་ཀྱིས་ཁ་གཏད་ནུས་ཆུང་ངམ་རྩ་མེད་གཏོང་བའི་གོ་རིམ་གྱི་རིགས་ལམ་དེ་ཡིན། དབང་རྩའི་མ་ལག་གམ་གསལ་རིག་གི་རྣམ་ཤེས་གང་ཡིན་ཡང་རུང་གི་རང་ཉིད་ལ་དབང་སྒྱུར་བྱེད་པའི་འདུ་ཤེས་དེའི་ཞན་ཕྱོགས་སམ་འགལ་ཟླ་བཙལ་ནས་རང་ཉིད་མི་འདོད་པའི་སྡུག་བསྔལ་གྱི་ནང་དུ་འཁྲིད་པའི་འདུ་ཤེས་དེའི་དབང་འོག་ལས་ཐར་ཐབས་བྱ་དགོས། དེ་ནི་དངོས་ཁམས་རིག་པའམ་ཆོས་ཉིད་རིག་པའི་གནས་ལུགས་རང་བཞིན་གྱི་ལམ་ཁ་དེ་རེད། བསམ་བློ་འདི་ལྟར་གཏོང་ཤེས་པའི་མིའི་འགྲོ་བ་ཞིག་ཡིན་ན་ནང་དོན་རིག་པའི་དཀའ་གནད་ཀྱི་ཁྱབ་ཁོངས་ཀྱི་འགལ་ཟླས་ལྡོག་ཕྱོགས་ནུས་ཆུང་ངམ་རྩ་མེད་དུ་གཏོང་བའི་འགྲེལ་བཤད་དེ་ཚོ་འགྲོ་བ་མིའི་བདེ་སྐྱིད་ཀྱི་འཚོ་བའི་རྨང་གཞིའི་ལས་རིམ་ཞིག་ཡིན་པ་ལས་ཆོས་ལུགས་རང་བཞིན་གྱི་འདུ་འཛིན་སྟངས་ཤིག་མིན་པ་མཁྱེན་ངེས་རེད། འགྲོ་བ་མིའི་བདེ་སྐྱིད་རྩོད་ལེན་གྱི་དུས་རིམ་ནང་དུ་སེམས་གཤིས་རིག་པ་དང་ལྡོག་གྲུབ་འགལ་འཇོམས་རིག་པའི་གྲུབ་དོན་ཁོ་ནས་འདང་གི་མེད་པ་དོན་དངོས་ཡིན་ཡང་འཚོ་བའི་བརྒྱུད་རིམ་གྱི་ཁྲོད་དུ་འདི་དག་ངེས་པར་དུ་དགོས་པའང་དོན་དངོས་རང་བཞིན་གྱི་གནས་ལུགས་ཤིག་རེད། རྩོམ་ཡིག་འདིར་གོ་རྟོགས་ཀྱི་ཤེས་རབ་དམའ་བའི་མི་བུ་ཚོས་གོ་བ་གང་འདྲ་ཞིག་ལོན་བདག་གིས་བཤད་མི་ཐུབ་ཀྱང་བསམ་བློ་བཏང་ཟབ་སར་གཏོང་ཐུབ་པའི་དཔྱོད་ཤེས་པ་ཞིག་གིས་བལྟས་ན་གནས་ལུགས་ཀྱི་འོད་འཚེར་བཞིན་པའི་ཡིད་ཆེས་བདག་ལ་ཟབ། ཚིག་འདི་སྒྲོབ་ཤོབ་ཀྱི་ཉམས་ཤིག་ཏུ་མངོན་ཡང་རང་སྣང་མཐོ་བའི་ང་རྒྱལ་གྱིས་འདི་ལྟར་བཤད་པར་ཤོར་སོང་ངོ་།།
༢༠༡༢/༡༢/༢༣ལ་བྲིས།
དོན་གྲུབ་རིན་ཆེན་ལགས།
ཁྱེད་ཀྱི་རྩོམ་འདི་ཆ་ཚང་མིན་འདུག ཁྱེད་ནས་རྩོམ་གྱི་མགོ་དཀའ་ངལ་དེ་རྣམ་རྟོག་ལ་བརྟེན་ནས་ཡོང་གི་ཡོད་པ་ལ་ངོས་འཛིན་རག་ཙམ་བྱས་པ་ལས། དེའི་གྲོལ་བྱེད་ཀྱི་ཐབས་ཤེས་སྟོན་མིན་འདུག ང་ཚོ་བོད་པའི་རྩོམ་མང་ཆེ་བ་འདིའི་སྐྱོན་ལ་ཞུགས་པ་སྟེ། མགོ་དེ་ལ་སེང་གེ་ལྟ་བུའི་ངར་སྐད་ཕྱོགས་བཞིར་གྲགས་པ་ཞིག་བརྒྱབ། མཇུག་དེར་ཆུའི་ནང་ལ་འོག་རླུང་འཕངས་པ་བཞིན་ཅི་ཡང་ཚོར་རྒྱུ་མེད་པ་དེ་རེད།
ངས་བལྟས་ན། ཁྱེད་ནས་དཀའ་ངལ་རྣམ་རྟོག་དང་དེའི་མཇུག་འབྲས་ངན་པ་དག་བཤད་རྗེས། དེ་དག་ལས་གྲོལ་བྱེད་ཀྱི་ཐབས་བསྟན་དགོས་ཀྱི་འདུག ཐབས་གསལ་པོ་ཞིག་མེད་སྟབས། ཅུང་སླ་པོ་ཞིག་རེད།