ཨ་དམར་པོ།
ཉམ་ཐག་གི་ལོ་ཟླ་བསྐྱལ་སའི་ལྕགས་ཤོག་སློབ་གྲྭ། གསར་འབྱོར་མི་བུ་ཚོས་ཤུགས་རིང་དང་མིག་ཆུ་འཐོར་སའི་གནས་མལ་སྐྱ་བོ། ངད་སྔོ་འཚོོ་བའི་དཀའ་སྡུག་གི་ཉམས་ལེན་བྱེད་སའི་སྒོམ་ཁང་ཆུང་ཆུང་། ཆ་མེད་རྒྱུས་མེད་ཀྱི་ལྟད་མོ་བ་འགས་མཐོ་ས་ནས་དམའ་སར་བལྟས་ཏེ། ཆེས་དམའ་བའི་རིན་ཐང་སྤྲོད་སའི“གསོག་སྒར་སློབ་གྲྭ”། སེམས་དཔའ་ཚོའི”སྙིང་རྗེ”ཡི་སེམས་ཁམས་སྒུལ་སའི་འཇིག་རྟེན་དང་པོ།། “ཤེས་རབ་དགའ་ཚལ་སློབ་གླིང་”། ནམ་ཡང་བརྗེད་མི་སྲིད་པའི་གསར་འབྱོར་ཚོའི་ཕ་གཞིས་གཉིས་པ།
གངས་སྐྱིད་ཀྱི་སྒོ་ཆེན་འགྲམ་ན་གླ་བྱེད་རླངས་འཁོར་འགའ་འགྲོ་འདུག་ཡོང་གསུམ་གྱི་འཚུབ་ཆའི་བར་ན་གསོག་སློབ་ཀྱི་སྒྲིག་ཆས་གྱོན་དང་མ་གྱོན་པའི་སློབ་ཕྲུག་རེ་གཉིས་ལག་ཏུ ”ཁ་བའི་མེ་ཏོག” ཅེས་པའི་སློབ་གྲྭའི་དུས་དེབ་རེ་བཟུང་ནས་ཁ་ཡར་ཕྱོགས་ཏེ་ཕར་འགྲོ་ཚུར་འོང་གི་མི་ཚོགས་ངོ་གདོང་འཚོ་བཞིན་ལངས་འདུག ཁོ་ཚོས་བོད་སྐད་ལ་དགའ་ཞིང་། བོད་ཡིག་ལ་དུང་བའི་ཀློག་པ་པོ་ཚོར་ཁ་བའི་མེ་ཏོག་གི་ལེགས་སྐྱེས་རེ་ཕུལ་གྱིན་ཡོད་པ་འདྲ། ལམ་ལྟག་བདེ་ལགས་སྨན་ཁང་གི་ཟ་ཁང་སྒོ་འགྲམ་ན་གཞུང་ཞབས་བུད་མེད་བང་གདན་གྱོན་པ་གསུམ་ཁ་མར་ཕྱོགས་ཏེ་ལངས་འདུག ཅི་ཞིག་ལ་སྒུག་ཡོད་པ་མ་ཤེས་མོད། སྐད་ཆར་མགོ་འཁོར་ཡོད་པ་སུས་ཀྱང་ཤེས་ངེས།
ཁོ་པ་ཚོས་གསོག་སློབ་ཀྱི་སློབ་ཕྲུག་ཚོ་ལ་ལྟ་གི་ལྟ་གིན་དགོད་ཞོར་དུ་”སྙིང་རྗེ། སློབ་ཕྲུག་དེ་རྣམས་ལ་ལྟོས་དང་། ཅི་ཞིག་འཚོལ་གྱི་ཡོད་ན”ཟེར་བཞིན་མགོའི་སྐྲ་ནས་རྐང་གི་ལྷམ་བར་མི་འཚམས་མི་འོས་མི་འགྲིག་པའི་མཐོང་སྣང་མང་པོས་མཐོང་ཆུང་དམའ་འབེབས་ཀྱི་ལབ་གླེང་རྣམ་འགྱུར་གཅིག་རྗེས་གཉིས་མཐུད་དུ་ཤོར་བཞིན”གསར་འབྱོར”ཞེས་པའི་དངོས་མིང་གི་རིན་ཐང་ཆུང་ནས་ཆུང་དུ་བཏང་སྟེ་གཞི་མེད་རྩ་སྟོང་ལྟ་བུ་ཆགས་ཀྱི་འདུག སློབ་ཕྲུག་དེ་ཚོས་བུད་མེད་དེ་དག་གི་མིག་གི་ལམ་དང་སེམས་ཀྱི་གསེང་ན་མི་སྐྱེས་རིན་ཐང་གི་ཆེས་དམའ་སར་ལྷུང་ཡོད་པ་ག་ལ་ཚོར།
ས་ཆ་དེར་ནམ་རྒྱུན་མིའི་འཚང་ཁ་ཆེ་ལ། དེ་རིང་ལྷག་ཏུ་འཚང་ཁ་ཡོད་པས་གཡས་གཡོན་ན་མི་མང་པོ་ཡོད། ང་དང་ང་འདྲ་བའི་མི་རེ་གཉིས་ཁོ་པ་ཚོའི་ཉེ་སར་ཡོད་པས་གནས་ཚུལ་དེ་གསལ་ལེར་མཐོང་དང་ཐོས་ཡོད་པ་བཤད་མི་དགོས། འོན་ཀྱང་དམིགས་བསལ་ཚོར་སྣང་ཅན་ཕལ་ཆེར་ང་གཅིག་པོ་ཡིན་པ་འདྲ། ཅི་སྟེ་ཞེ་ན། ངའི་སེམས་ལ་ངའང་སྒྲིག་ཆས་གྱོན་མེད་པའི་གསོག་སློབ་རྙིང་པ་ཞིག་ཡིན་པས་ངར་རྒྱང་ནས་རིན་ཐང་གཅོད་མཁན་ཡོད་པར་དོགས་ནས་མིག་གཤེར་ཐེངས་གཅིག་གི་བྱ་ར་བྱེད་དགོས་བྱུང་།
ཉེ་སྔོན་ཞིག་ལ། ང་ཚོ་གསོག་སློབ་རྙིང་པ་འགའ་མཉམ་འཛོམས་བྱུང་སྐབས་དགོད་བྲོ་བའི་སྐད་ཆ་ཞིག་ལ། ངའི་གྲོགས་པོ་གཅིག་གངས་སྐྱིད་ནས་བུད་མེད་འགའ་དང་ལྷན་དུ་མེ་ལོར་བར་གླ་བྱེད་རླངས་འཁོར་དུ་ཡོང་སྐབས། ལམ་བར་ཞིག་ནས་མདུན་གྱི་རྐུབ་སྟེགས་སུ་ཡོད་པའི་བུད་མེད་ལོ་སྣ་བཞི་བཅུ་བརྒལ་ཙམ་པ་དེས། “ཕོ། ཁྱོད་བོད་ནས་ཕེབས་པ་ཡིན་ནམ”། ལན་དུ་”ཡིན“། དེང་སང་གསོག་སྒར་ན་ཡོད་དམ” ལན་དུ”ཡོད”ཞེས་ཆེས་སྟབས་བདེ་ལན་ཞིག་བརྒྱབ་འདུག རྗེས་སུ་རླངས་འཁོར་འབབ་ཚིགས་སུ་བསླེབས་ནས་གླ་རྔན་སྤྲོད་སྐབས། བུད་མེད་དེས་”སྙིང་རྗེ་ཁྱེད་རང་གསོག་སྒར་སློབ་ཕྲུག་རེད། ངས་སྤྲད་ཆོག”ལབ་དུས། “སྐྱག་རྫུན་ཡིན”ཟེར་སྟབས་མ་བདེ་པར་ཁེ་དཔོག་མི་འདོད་བཞིན་ལེན་དགོས་བྱུང་། ངས་ཀྱང་ཁོ་ལ་ཀུ་རེ་ཚུལ་དུ་”ཁྱོད་ཀྱིས་གསར་རྟགས་ག་རེ་བསྟན་ཡིན”ཟེར་ནས་དགོད་སྒྲ་བར་སྣང་ལ་སྐུར་མྱོང་།
སྐབས་དེར་གློ་བུར་དུ་དྲན་གསོས་པ་ཞིག་ལ། ང་གསོག་སློབ་ཏུ་སློབ་མའི་འཚོ་བ་སྐྱོང་བཞིན་པའི་ཉིན་ཞིག་ལ། གྲོགས་པོ་ཚོས་འདས་དོན་གྱི་གཏམ་གླེང་འགའ་བྱས་པའི་ཁྲོད་ཡང་དགོད་བྲོ་བའི་གཏམ་རྒྱུད་གཅིག་ལ། སྔར་གསར་འབྱོར་ཕོ་གསར་ང་ཡིན་ཟེར་མཁན་ཞིག་གིས་གཞིས་ཆགས་བུ་མོ་རང་སྣང་མཐོན་པོ་ཅན་ཞིག་ལ། “ང་ཁྱོད་ལ་དགའ་ཡི་འདུག”ཟེར་དུས་བུ་མོ་དེས་”ང་དེ་འདྲའི་སྐྱོ་བོ་ཡོད་དམ”ཞེས་དྲི་བའི་སྣེ་ལ་དྲི་བ་མཐུད་དེ་ཉིན་མཚན་རེ་ཟུང་ལ་མིག་ཆུ་མཐོར་བཞིན་སེམས་སྡུག་གིས་མནར། བུ་མོ་དེའི་འདུ་ཤེས་སུ་ཕྱོགས་ཀུན་ནས་ཧེ་བག་ཆེན་པོའི་རྒྱང་ཐག་ཡོད་པའི་མི་ཞིག་གིས་འདི་ལྟར་ལབ་དུས་རང་ཉིད་ལ་བློ་ཕམ་ཡིད་ཆད་ཀྱི་སེམས་བྱུང་ཞིག་གིས་དགོད་བྲོ་བའི་གཏམ་རྒྱུད་འདི་སྤྱི་ཚོགས་སུ་ནུབ་མི་འོས་པའི་བྲོ་གར་ཏུ་བསྒྱུར།
དེང་སང་གི་གཞིས་ཆགས་བུ་མོ་ཚོའི་བཤད་སྟངས་ཅིག་ལ”ང་ག་ཚོད་ཐབས་སྐྱོ་ནའང་། གསར་འབྱོར་ཞིག་ལ་ཆང་ས་རྒྱག་གི་མིན”ཞེས་རྩ་བའི་དམ་བཅའ་ལྟ་བུ་ཆགས་ཡོད།
མི་གཅིག་གིས”སྣེ་ལེན་ཁང་ན་མི་འདུག་གམ”ཞེས་མི་གཅིག་ལ་དྲིས་དུས། ལན་དུ”མི་འདུག གསར་འབྱོར་བ་ཁ་ཤས་འདུག”ཟེར་བའི་སྐད་ཆ་དེས་གསར་འབྱོར་ཚོའི་ངོ་གདོང་ན་འགྲོ་བ་མིའི་ཁྱད་ཆོས་གཏན་ནས་མེད་པ་ལྟ་བུ་མཚོན་ཡོད་པས་དེང་སང་སྤྱི་ཚོགས་སུ་དགོད་གཏམ་དུ་གྱུར་ཡོད་པ་འདྲ།
ཡང་ད་ལྟའི་བཙན་བྱོལ་སྤྱི་ཚོགས་ཁྲོད་ན་ཡོངས་གྲགས་ཀྱིས་སྤྱོད་བཞིན་པའི་ཚིག་དུམ་གཅིག་ནི”གསར་འབྱོར་འདྲ་བོ། གསར་འབྱོར་འདྲ་བོ་མ་གྱིས། གསར་འབྱོར”ཞེས་པའི་ཚིག་འདི་རེད། འདི་ནི་དམའ་འབེབ་མཐོང་ཆུང་དང་། འཕྱ་སྨོད་མཚོན་པའི་ཚིག་དུམ་གཅིག་རེད།
གོང་དུ་བརྗོད་མ་ཐག་པའི་གནས་ཚུལ་འདི་དག་ནི་དངོས་ཡོད་འཚོ་བའི་ཁྲོད་ནས་བྱུང་བའི་གནས་ཚུལ་ངོ་མ་རེད། ལེགས་ཉེས་ཆ་མ་འཚལ་བའི་ལོ་རྒྱུས་ཀྱི་འགྱུར་འགྲོས་རེད། ལྟ་བ་དང་ཡུལ་གོམས་གཤིས་ལུགས་མ་མཐུན་པ་མཚོན་བྱེད་ཀྱི་དཔེ་གཞི་གཤའ་མ་རེ་རེད། རིག་གནས་དང་ཡུལ་སྲོལ་གོམས་གཤིས་ཐ་དད་དུ་གྱེས་པའི་ཁྱད་རྟགས་ཀྱང་རེད། དབུལ་ཕྱུག་གི་ཁྱད་དབྱེ་ཙམ་མིན། འདི་ནི་མི་རིགས་ཁ་མཐོར་དུ་འགྲོ་བའི་དངོས་རྒྱུ་ཡིན་པས་སྣང་མེད་དུ་འཇོག་འོས་པ་ཞིག་གཏན་ནས་མིན།
རྒྱ་གར་ནག་གི་རིག་གནས་དང་ཡུལ་སྲོལ་གྱི་བཙན་འཛུལ་དབང་གིས་བསམ་བློ་དང་ཀུན་སྤྱོད་ལ་མི་མཐུན་པའི་ཆ་མང་ལ། དེ་རྒྱུ་མཚན་དུ་བྱས་ནས་གཞིས་ཆགས་ཚོས་གསར་འབྱོར་བར་ལྟ་སྟངས་འདི་འདྲ་རེ་བྱུང་ཡོད་ལ། གསར་འབྱོར་ཚོ་ལའང་ལྟ་སྟངས་མི་འདྲ་བ་མེད་པ་ག་ལ་ཡིན། གཞིས་ཆགས་ཚོར་བོད་དོན་འཐབ་རྩོད་ལ་སེམས་ཤུགས་མེད་པ་དང་། ཁ་ཁོག་མི་མཐུན་པ། མགོ་བདེ་དྲན་འཕྲུལ་ཅན། ཕྱི་ཐག་ཐུང་བ། བོད་ཀྱི་ཁྱད་ཆོས་རྩ་བརླག་ཏུ་སོང་བའི་སྐབས་འཚོལ་རིང་ལུགས་པ་ཡིན་པ་སོགས་བཤད་རྒྱུན་མང་པོ་ཡོད།
དེའི་ཕྱིར་ངས་འདི་ལྟར་བསམ་བློ་དང་ཀུན་སྤྱོད་སོགས་ཐ་དད་དུ་གྱེས་པ་ནི་རིག་གནས་ཀྱི་འགྱུར་བར་ངོས་འཛིན་གནང་སྟངས་ཤིག་ཡོད་པར་འདོད། གསར་འབྱོར་ཚོ་དང་། གཞིས་ཆགས་ཚོའི་བསམ་བློ་དང་ཡུལ་གོམས་གཤིས་ལུགས་སོགས་ཀྱི་རིག་གནས་རྒྱབ་ལྗོངས་མ་འདྲ་བའི་ཆ་རེ་རེ་བསྔོགས་ན་ད་གཟོད་འཚོ་བའི་ཤུགས་སུ་བསྟན་པའི་བསམ་བློ་རེ་རྙེད་ཡོང་བར་ཐེ་ཚོམ་མི་དགོས། བསམ་བློ་དེ་ནི་ཐ་དད་དུ་དབྱེ་བྱེད་འབའ་ཞིག་གོ
ངས་འདི་ནི་གཞིས་བྱེས་སུ་གྱེས་པའི་དུས་ཚོད་ཐུང་ཐུང་འདིའི་རིང་གི་མི་རིགས་ཁ་འཐོར་དུ་འགྲོ་བཞིན་པའི་སྣང་ཚུལ་ངོ་མ་དེ་རེད་སྙམ་གྱི་ཡོད། སྤྱིར་བཏང་གི་བསམ་ཚུལ་དང་སྤྱོད་ཚུལ་མ་མཐུན་པ་ཙམ་གཏན་ནས་མིན། རྒྱ་ཆེན་ཀློག་པ་པོ་ཚོས་བསམ་གཞིག་གི་ཁོངས་ཡངས་སུ་གཏོང་རོགས།
སྐུ་མཁྱེན་བུ་གུ་ཆུང་ཆུང་གི་སྐད་ཆ་མ་བརྗོད་རོགས།
དང་སྐབས་ཚང་མ་འགྱུར་བ་ཕྱིན་ཡོད་པ་རེད།
སྔོན་མ་དགུ་བཅུ་གོ་གྲངས་ཀྱི་གསར་འགྱུར་དང་སྐབས་བྲིས་ན་བྲོ་བཞིག་ཡོད་དམ།
ཉི་ནུབ་ལགས། དོན་ངེས་ལ་ཀློག་པ་པོ་ཞིག་གི་མིང་ཐོག་ནས་འཆན་བཏབ་པ་ཡིན་ན་དང་ལེན་བྱེད་ཐུབ་མིན་ལ་མ་བལྟས་པར་དགའ་བསུ་ཡོད། དེ་ནི་རྩོམ་འབྲི་བ་བྱིངས་ཀྱི་སེམས་གཤིས་རེད། ཡིན་ནའང་། ཁྱོད་ཀྱི་མཚན་དེ་དགའ་བསུ་ཞུ་རིན་མེད་པར་མ་ཟད་འབྲེལ་མེད་དོན་གཞན་ཞིག་རེད། སྤྱིར་དངོས་ཡོད་འཚོ་བ་ལས་བྱུང་བའི་དོན་དག་གིས་འཚོ་བའི་ཤུགས་བསྟན་གྱི་བསམ་བློ་མཚོན་ཐུབ་མོད། ངས་ཁྱོད་ལྟ་བུ་ཀློག་པ་པོའི་ཆེད་དུ་རིག་གནས་ཀྱི་འགྱུར་བ་ཞིག་ལ་ངོས་འཛིན་བྱེད་སྟངས་ཡོད་པའི་གནད་དོན་གསལ་འདོན་བྱས་ཡོད་ཀྱང་ད་དུང་མིག་ཟུང་ལུང་ཡོད་ས་རེད་མཐོང་མི་འདུག ད་ཅི་ཞིག་བྱེད། ཀློག་པ་པོའི་མིང་དོན་མཚོན་པའི་མཚན་རེ་འདེབས་རོགས།
རེད་རེད་བདེན་པ་རེད་ཁྱེད་ཀྱིས་གསུང་བ་ལ་མངོན་པར་བསྟོད་ཏོ།
ང་ཀློགས་པོ་ཞིག་དངོས་ནས་ཐད་ཀར་སྐྱོན་བརྗོད་ན་འོས་འཚམ་མིན་པ་དགོངས་དག་ཞུ
རྩོམ་ལེགས་ཉེས་འབྱེད་པ་ལ་ཀློགས་པ་པོའི་འོས་འགན་ཡིན་པར་འདོད།
ལེགས་ཉེས་འབྱེད་པ་དེའི་རྩོམ་ཡིག་ལ་དམའ་འབེབས་ཀྱི་གཏན་ནས་བྱེད་ཀྱིས་ཡོད་མ་རེད
རྩོམ་པ་པོ་ཞིག་ལ་མཚོན་ན་རྩོམ་བྲིས་བ་ཐམས་ཅད་ལེགས་པའི་དངོས་བ་གཏན་ཡོད་མ་རེད་དེ་ཐུགས་ལ་བཟུང་།
རྩོམ་མཁན་ཞིག་ཡིན་ན་ཀུནཡངས་ཀྱི་བསམ་བློ་དགོས་པ་རེད་།