དེང་རབས་སྒྱུ་རྩལ་གྱི་སྡིངས་ཆའི་ཐོག་འོད་དུ་འཚེར་ཞིང་། མདངས་དང་ལྡན་པའི་བོད་ཀྱི་ན་གཞོན་སྒྱུ་རྩལ་བ་བསྟན་འཛིན་བློ་གྲོས་དང་། སྐལ་ཐུབ་ཚེ་རིང་རྣམ་པ་གཉིས་ཀྱི་རྣམ་དཔྱོད་ཀྱི་བསམ་གཞིག་དང་། འཆར་འགོད་ཀྱི་མྱོང་སྟོབས། མཚོན་ཐབས་ཀྱི་ནུས་རྩལ་ལས་བྱུང་བའི་སྒྱུ་རྩལ་བརྩམས་ཆོས་ཁག་ཅིག་འདི་ཟླའི་ཕྱི་ཚེས་བཅུ་དགུ་ཉིན། རྗར་མེ་ནི་བོད་ཀྱི་ཁང་པའི་ནང་དུ་ཕྱི་ནང་གི་སྐུ་མགྲོན་སུམ་ཅུ་ཙམ་དང་། ས་གནས་བོད་མི་མཉམ་ཞུགས་ཐོག་འགྲེམས་སྟོན་དབུ་འབྱེད་བྱས་ཤིང་། འགྲེམས་སྟོན་གྱི་མིང་ལ་༼འཚོལ་བ།༽ཞེས་བཏགས།
ཐེངས་འདིའི་སྒྱུ་རྩལ་བརྩམས་ཆོས་ཀྱི་ནང་དུ་ཁོང་གཉིས་ཀྱི་སོ་སོའི་མི་ཚེའི་བདེ་སྡུག་དང་། སོ་སོ་གནས་ཡུལ། རང་ཉིད་བགྲོད་ཟིན་པའི་མི་ཚེའི་བཞུད་ལམ་ཐོག་གི་བཅོས་མིན་གྱི་ཉམས་མྱོང་སོགས་མཚོན་པར་བྱས་ཡོད་པ་ནི། སྒྱུ་རྩལ་བརྩམས་ཆོས་ཁག་ལས་མངོན་པར་དཔོག་ཐུབ་ཀྱི་འདུག །
སྣུམ་ཚོན་རི་མོས་ཡོངས་སུ་གྲུབ་པར་བྱས་པའི་བསྟན་འཛིན་བློ་གྲོས་ཁོང་གི་བརྩམས་ཆོས་བཞེངས་ཡུན་ལ་མཚོན་ན། གཏིང་ཟབ་ཅིང་མཚོན་དོན་མང་བའི་སྒྱུ་རྩལ་བརྩམས་ཆོས་ཁ་ཤས་བཞེངས་སྐྲུན་བྱེད་པར་ལོ་ངོ་ཧྲིལ་པོ་འགོར་ཞིང་། ལ་ལ་ཟླ་བ་ཁ་ཤས་འགོར་བ་ཡང་ཡོད། ཁོང་གི་སྒྱུ་རྩལ་བརྩམས་ཆོས་ཀྱི་ནང་དོན་ལ་མཚོན་ན། རྒྱུན་དུ་རང་ཉིད་ཀྱི་སེམས་དང་བསམ་པར་བྱ་ར་བྱེད་བཞིན་ཡོད་པ་དང་། དེ་བཞིན་རང་གི་ཕ་མེས་ཡང་མེས་ནས་བརྒྱུད་པའི་ནང་དོན་རིག་པའི་གཏན་ཚིགས་དང་། རང་གི་ཐོས་བསམ་ལས་བྱུང་བའི་མྱོང་བ་ཁག་གཅིག་མངོན་པར་བྱེད་བཞིན་ཡོད། དཔེར་ན་༼སྒྲོན་མེ།༽ཞེས་པའི་བརྩམས་ཆོས་ལ་མཚོན་ན། རས་གཞི་དཀར་པོ་ཡིན་ཞིང་། དེའི་དབུས་སུ་སྒྲོན་མེ་ཞིག་དང་། སྒྲོན་མེ་དེེར་ཚོན་མདོག་མི་འདྲ་བ་གསུམ་དང་། སྒྲོན་མེའི་མེ་ལྕེའི་ཁ་དོག་ཐིང་བཅས་ཁྱོན་ཚོན་མདོག་མི་འདྲ་བ་བཞི་ང་ཚོས་མཇལ་ཐུབ། སྒྲོན་མེའི་རྨང་གཞིའི་ཚོན་སྐྱ་མདོག་ཡིན་པ་དེས་བོད་ཀྱི་ས་ཡི་ཁ་དོག་མཚོན་ཞིང་། ཚོན་མདོག་དེའི་སྟེང་ལྗང་སྐྱ་ཞིག་ཀྱང་མཐོང་རྒྱུ་ཡོད། །
སྒྱུ་རྩལ་པ་ཁོང་གིས་གསུངས་དོན་ལ། ཚོན་མདོག་ལྗང་སྐྱ་ཡིས་རྒྱ་གར་འཕགས་པའི་ཡུལ་ལས་བྱུང་བའི་ནང་པ་སངས་རྒྱས་པའི་བསྟན་བཅོས་དག་མཚོན་པར་བྱས། དེ་ནས་རིམ་བཞིན་མཇལ་བའི་ཚོན་ཁྲ་སེར་པོ་དེས་རྗེ་བཙུན་འཇམ་པའི་དབྱངས་ལས་
ཤེས་རབ་མཚོན་པར་བྱེད་ཅིང་། ཚོས་གཞི་དཀར་པོ་དེ་ཡིས་འཕགས་མཆོག་སྤྱན་རས་གཟིགས་ལས་སྙིང་རྗེ་མཚོན། ཤེས་རབ་དང་སྙིང་རྗེ་ལས་རིམ་བཞིན་ཕྱག་ན་རྡོ་རྗེའི་སྐུ་མདོག་ཐིང་ནག་མཇལ་ཐུབ་པ་དང་། སྒྲོན་མེའི་མཐའ་གཉིས་སུ་ཚོན་རྒྱ་སྨུག་ཡིན་པ་ལས་ཚུལ་ཁྲིམས་ཀྱི་བསླབ་པ་མཚོན་པར་བྱེད་དོ། དེ་ལྟ་བུའི་ཚབ་མཚོན་རང་བཞིན་གྱི་དོན་སྙིང་བླ་མེད་ལྡན་པའི་བརྩམ་བྱ་ཁག་བཞི་འགྲེམས་སྟོན་གནང་འདུག །
སྒྱུ་རྩལ་པ་སྐལ་ཐུབ་ཚེ་རིང་ཁོང་གི་བརྩམས་ཆོས་རྣམས་ནི། ཤོག་བུའི་སྟེང་རི་མོ་བྲིས་པ་དང་། སྙན་ཚིག་བཀོད་པ། དེ་བཞིན་ཚོན་སྣ་ཚོགས་བཏང་ནས་ཕྱི་རོལ་ལ་མངོན་པར་བྱས་པའི་སྒྱུ་རྩལ་གྱི་བརྩམས་ཆོས་ཁག་གཅིག་རེད། སྒྱུ་རྩལ་པ་ཁོང་གིས་བཞེངས་པའི་བརྩམས་ཆོས་ཀྱི་ནང་དོན་ལ་མཚོན་ན། གཙོ་བོ་ཁོང་གིས་རྒྱུན་དུ་གླེང་སློང་བྱེད་བཞིན་ཡོད་པའི་བརྗོད་དོན་གསུམ་བརྩམ་བྱ་ཁག་ལས་ལེགས་པར་མངོན་ཐུབ་ལ། སྒྱུ་རྩལ་པ་ཁོང་རང་ཉིད་ཀྱིས་འགྲེལ་བཤད་གནང་བའི་སྐབས་སུ་ཡང་ཤེས་ཐུབ། བརྗོད་དོན་དང་པོ་རང་ཉིད་བཙན་བྱོལ་བའམ་སྐྱབས་བཅོལ་བ་ཡིན་པའི་འདུ་ཤེས་དང་། འདུ་ཤེས་དང་བརྒྱུད་ལམ་དེ་ལས་བྱུང་བའི་ཉམས་མྱོང་རྣམས། དེ་བཞིན་སྙན་ཚིག་བྲིས་ནས་སྤྱད་པའི་བོད་སྐད་ཡིག་གི་རིན་ཐང་དང་། དེའི་རླབས་ཆེན་གྱི་དགོས་མཁོ་ཁག་འབུར་འདོན་བྱེད་བཞིན་འདུག། བརྗོད་དོན་གསུམ་པ་ནི་བུད་མེད་ཀྱི་རིན་ཐང་གླེང་བར་བྱེད་བཞིན་འདུག
འགྲེམས་སྟོན་གྱི་དབུ་འབྱེད་ཀྱི་དགོང་མོར་བོད་ཀྱི་ན་གཞོན་སྒྱུ་རྩལ་བ་ཁོང་གཉིས་དང་ལྷན་དུ། མི་རིགས་རྗར་མེ་ནི་ཡིན་པའི་བོད་རིག་པ་བ། ལྷག་པར་བོད་ཀྱི་དེང་དུས་སྒྱུ་རྩལ་ལ་ཆེད་མཁས་མི་སྣ་ཡིན་པ་སྲས་མོ་ Eva M. Seidel ནས་དུས་ཡུན་ཆུ་ཚོད་གཅིག་གི་རིང་། སྒྱུ་རྩལ་གྱི་བགྲོ་གླེང་ཞིག་བྱས་ཡོད་པ་དེ། རིང་མིན་བོད་ཀྱི་ཁང་པའི་གླེང་མོལ་ལེའུ་ཚན་ནང་གཟིགས་མོ་བ་རྣམ་པར་སྤྱན་འབུལ་ཞུ་རྩིས་འདུག །
སྐབས་དེར་བོད་ཀྱི་གཞས་པ་བསོད་ནམས་ཚེ་རིང་ལགས་ནས་བོད་གཞས་ཤིག་སྒྲ་སྙན་དཀྲོལ་གཏོང་བྱས་པས། གནས་དེར་འདུས་པའི་མི་དག་གི་རྣ་བའི་བུ་རམ་དང་། ཡིད་ཀྱི་དགའ་སྟོན་ཞིག་ལ་འགྱུར་བར་བྱས་སོ། །
རྗར་མེ་ནི་བོད་ཀྱི་ཁང་པའི་དྲྭ་རྒྱ་ལ་གཟིགས་ན། www.tibethaus.com
ཡག་མོ་འདུག་་་་་ངོ་མ་དགའ་བའི་ལས་བྱས་འདུག་་་་་ཁ་དྲོ་ཡ།