(ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ།)
ཁྲ་མིག་བསོད་ནམས་རྒྱལ།
ངས་ཅི་ཞིག་བཅའ་འདོད་ཀྱི་སེམས་པ་ཡིས་ངའི་ལུས་པོར་ངར་དང་ཚ་བས་བརྟས་ཏེ། ང་གཉིད་ལས་སད་པར་བྱས། ང་། གཉིད་ལས་སད་དུས། ནགས་ཚལ་སྟུག་པོ་རྫི་གསེང་ཞིག་ན་ཐུག་ཐུག་ལ་རག་རག་དང་མཐོང་མཐོང་ལ་རིག་རིག་བྱེད་ཀྱིན་བཀྲེས་་སྐོམ་གྱིས་མནར་བའི་སྤྱང་ཀི་ཞིག་དང་འདྲ་བར་ལྷག་འདུག། ནགས་ཚལ་དེ་ལ་ཚིང་ཚང་གི་ཁྱད་ཆོས་ཀྱིས་ཕྱུག་ན་ཡང་། ད་དུང་འཇམ་ཤ་དང་སོབ་སོབ་ཀྱི་ཆ་ཤིག་ཀྱང་ལྡན་པས། ངའི་རྐང་ལག་དང་ངོ་གདོང་། ཁ་མཆུ་སོགས་ཀྱི་འཕག་འཚག་དང་འགུལ་བསྐྱོད་ལ་དེ་འདྲའི་ཚགས་ཆེན་པོ་ཞིག་སྟོབ་མ་སོང་། ད་དུང་། དེ་ནི་སུ་ཞིག་གི་མགོ་བོ་ལྟ་བུའི་ནགས་རི་ཆེན་པོ་ཞིག་ཡིན་པ་ཡང་ངས་གཞི་ནས་ཤེས་སོང་།
ངའི་ལུས་པོའི་ངར་དང་ཚ་བ། སྟོབས་དང་ཤུགས་ད་དུང་ལྷོད་ལ་བབས་མི་འདུག། དེ་ནི་དྲོལ་ཁོལ་དང་འཇམ་མཉེན་གྱིས་གཏམས་པའི་མལ་ས་དྲོན་མོ་ཞིག་ལ་སྙེག་འདོད་ཀྱིི་མེ་ལྕེ་ལྟ་བུའི་ཧམ་སེམས་དེ་ཡིན་ཁོ་ཐག་རེད།
ང་། ད་དུང་། ཚང་ཚིང་གཡུ་ལོ་ཡིས་བསྣོལ་བའི་ནགས་གསེང་དེ་ན་ལྷག་འདུག། ནགས་གསེང་དེ་ངས་འཚོལ་གྱིན་པའི་དྲོད་འཇམ་གྱི་མལ་ས་དེ་མིན་པས། ངས་གཡས་ལྟ་དང་གཡོན་ལྟ། གཡས་རག་དང་གཡོན་ཐུག། ཡར་འཕག་དང་མར་འཕག། ཚུར་རྒྱུགས་དང་ཕར་རྒྱུགས་བྱས་བྱས་མཐར། ང་། ནགས་ཚལ་དེ་ཡི་ཕྱི་ལ་ཐོན་ཏེ། སུ་ཞིག་གི་ཐོད་པ་ལྟ་བའི་བདེ་མོ་ཐང་ཞིག་ལ་སླེབས་སོང་། ཐང་དེ་ཧི་མ་ལ་ཡ་དང་ཤར་གངས་པོ་བརྒྱུད་པའི་སྐབས་སུ་མཐོང་མྱོང་བ་འདྲ་ལ། དེ་ཡིན་པ་ཡང་འདྲ། ང་། ཐང་དེ་ནས་རྟ་རྒྱུགས་རྒྱུགས་ཀྱིས་སྟོད་ལ་རྒྱུགས། ལུག་འགྲོ་འགྲོ་ཡིས་ཞིབ་མོས་སོང་། ད་དུང་། འབྲི་ཡིས་ཆུ་འཐུང་ཐུང་དང་གཡག་གིས་རྩྭ་ཟ་ཟ་བྱས་བྱས་ན་ཡང་། དེ་ན་ངས་སྙེག་གིན་ཡོད་པའི་དྲོད་འཇམ་གྱི་མལ་ས་སོབ་སོབ་དེ་མི་གདའ་བས། ང་། སྔར་བཞིན་འཕག་འཚག་བྱེད་དགོས་སོང་། ང་། སྔ་བཞིན་མདུན་དུ་བསྐྱོད་དགོས་སོང་།
ངའི་མེ་ལྕེ་ལྟ་བུའི་ཧམ་སེམས་དེ་ད་དུང་འཇགས་མེད་ཙ་ན། ངའི་མདུན་བསྐྱོད་ཀྱི་འཕག་འཚག་ལ་ཟམ་མ་ཆད་པར། འཚོལ་སྙེག་གི་ང་རོ་དེ་ཡང་མུ་ནས་མུ་ལ་རི་རྒྱུད་ལྟར་བསྲེངས། ང་ དེ་ལྟར་སོང་སོང་མཐར། ང་། བདེ་མོ་ཐང་དེ་ཡི་མཐའ་ལ་འབྱོར། དེ་ནི་སུ་ཞི་གི་ངོ་གདོང་ལ་སླེབས་པ་དང་འདྲ་ལ། ཤར་གངས་པོ་མ་ཐོན་གོང་གི་ས་བབས་དེ་ལ་ཡང་འདྲ། དེ་ན་ཀྱག་ཀྱོག་དང་འབའ་འབུར། ཁ་དང་ཁུག། ངོས་དང་གཟར། ལ་དང་ཐུར། གྲུ་དང་ཟུར། ལུང་བ་དང་ནགས་ཚལ་ཡང་མཆིས་སྟབས། དེ་དག་གིས་ངའི་འཚོལ་སྙེག་འདི་ཅུང་ཁག་ཁག་ཏུ་བཏང་སོང་མོད། ང་ལ་མངའ་བའི་ངར་དང་སྟོབས། ཧམ་སེམས་དེ་ད་དུང་རྫིང་བུ་ལྟར་ལྷོད་ལ་བབས་མི་འདུག་པས། དེ་ལྟ་བུའི་བགྲོད་ལམ་དེ་ཇི་ལྟར་ཡང་། དེ་ལ་བགྲོད་མི་ནུས་བའི་འཇིགས་སྣང་དང་སྤ་བཀོང་བའི་ཉམས་ཚུགས་ལས་འགོངས་ཏེ། ཤུགས་ཀྱིས་བསྐྱོད་འགོ་ཚུགས་ཏེ་སྟོབས་ཀྱིས་བགྲོད། དེ་ཡང་སྦྲུལ་ལྟར་ནུར་ནས་བགྲོད་ལ། ཁྱེའུ་ལྟར་གོག་ནས་ཀྱང་སོང་། འུག་པ་ལྟར་མཚན་ལ་ཡང་བགྲོད། ད་དུང་ ཆར་ནང་ནས་ཀྱང་སོང་ལ་རླུང་ནང་གི་ཡང་རྒྱུགས། ལ་འཛེགས་ལུང་བརྒལ་དང་ནགས་འཛུལ་གཡང་བརྒྱུད་སོགས་བྱས་བྱས་མཐར། ང་སུ་ཞིག་གི་ཁ་དང་འདྲ་བའི་བྲག་ཁུང་ཆུང་ཆུང་ཞིག་གི་ཁར་སླེབས་སོང་། སྐབས་དེར། ངའི་ལུས་པོ་ཡི་ངར་དང་ཚ་བ་རྒྱས་བ་དང་གཅིག། ཀྱག་ཀྱོག་གི་བགྲོད་ལམ་བརྒྱུད་དེ་ཨ་ཐང་ཆད་པ་དང་གཉིས། རྒྱུ་མཚན་དེར་བརྟེན། ང་བཀྲེས་སྐོམ་གྱིས་གདུང་ཏེ། ཁ་ཡང་སྐམ་འདུག་ལ་མཆུ་ཡང་སྐམ་འདུག གློ་ཡང་འཚིག་གྲབ་འཚིག་གྲབ་བྱེད་ཀྱིན་འདུག ཞིབ་ཏུ་ལྟོས་པ་ན། བྲག་ཁུང་དེ་ན་བརླན་བཤེར་གྱི་ཆ་ཤིག་ཀྱང་ལྡན་པས། ངས་ཆུ་ཞིག་རག་འདོད་ཀྱི་ཧམ་སེམས་དེས་ངའི་མགོ་བོ་ཆུ་བྱ་སྐེ་རིང་ལྟར་སྲེང་སྲེང་བྱས་ཏེ། མཆུ་ཡིས་བྲག་ཁུང་དེ་ཡི་ཁ་ལ་རག་རག་དང་ཐུག་ཐུག་ཅིག་བྱས་པ་ན། ཁ་སྐམ་པོ་དེ་རློན་པ་བྱས་སོང་ལ། མཆུ་སྐམ་པོ་དེ་ཡང་རློན་པ་བྱས་སོང། ད་དུང་། འཚིག་གྲབ་ཡོད་པའི་གློ་བ་ཡང་རློན་ཤ་སེ་བཏང་ཏེ། བདེ་ཚོར་གཞན་ཞིག་གིས་ངའི་ལུས་པོའི་ངར་དང་སེམས་ཀྱི་སྟོབས་ཀྱང་འཕེལ་བར་བྱས་སོང་། འོན་ཀྱང་། ཁ་སྐོམ་པའི་གདུང་བ་དེ་ད་དུང་ནད་སེལ་སེལ་ལྟར་སེལ་མི་འདུག། དྲང་མོར་བཤད་ན། བྲག་ཁུང་དེ་ངས་སྙེག་གིན་ཡོད་པའི་མལ་ས་དྲོན་པོ་འཇམ་པོ་དེ་ཡིན་པ་ཅུང་འཁྲུལ་འཁྲུལ་སོང་མོད། མཇུག་མཐར། དེ་ངས་འཚོལ་གྱིན་པ་དེ་མིན་པ་ཡང་ངས་གཞི་ནས་ཤེས་སོང་།
བྲག་ཁུང་དེ་ངས་འཚོལ་སྙེག་བྱེད་ཀྱིན་པ་དེ་མིན་པས། ང་། སྔར་བཞིན་ལམ་ལ་ཆས་དགོས་སོང་། སྤོབས་པ་དང་འཆར་འགོད་ལྡན་པའི་སྒོ་ནས་ལམ་ལ་ཆས་དགོས་བྱུང་། བྲག་ཁུང་དེ་ལས་སྤྱི་ལེ་གཅིག་ཙམ་སོང་བ་ན། མཐོ་རྒྱུ་ཡང་མེད་ལ་དམའ་རྒྱུ་ཡང་མེད་པའི་ཐམ་ཁ་ཞིག་གི་སྒང་ལ་ཐོན། དེ་ནས་ཐམ་ཁ་དེ་ལས་ཀྲོང་ངེར་ལངས་ནས་རྒྱང་ལྟ་ཡང་ཡང་བྱས་ཏེ། ཅི་ཞིག་མཐོང་ནས་ཅི་ཞིག་དྲན་ཐུབ་ན་བསམ་མོད། གང་ལྟར་འགྲོ་མཁོ་བས་དེ་ནས་ལྷོད་ཀྱིས་མར་བབས་པ་ན། སྟབས་མ་ལེགས་པར་ང་ཐང་ལ་འགྱེལ་ཏེ། ཐེངས་མ་ཁ་ཤས་ལ་རིལ་ནས་རིལ་ནས་འགྲོ་སོང་། ངའི་ཁ་ངོ་རྐང་ལག་ལ་ཆག་སྐྱོན་ཅི་ཡང་མ་བྱུང་ན་ཡང་། འབྲོང་མགོ་རྡོ་ཡིས་རྡུང་བ་ལྟར། གསེང་གསེང་ཞིག་ནས་ན་ནས་ན་ནས་ཡོང་གིན་འདུག། སླེབས་ཡོད་སའི་ས་ཆ་དེ་ཡི་མིང་ལ་ཅི་ཞིག་ཟེར་བཞིན་ཡོད་པ་ངས་མི་ཤེས་ན་ཡང་། དེ་ན་ཚང་ཚིང་གི་ནགས་ཚལ་དང་རྔམ་བརྗིད་ཀྱི་ལྷུན་པོ། སྔོ་ལྗང་གི་རྩྭ་ཐང་དང་འབྱམས་ཀླས་ཀྱི་བདེ་ཐང་ལྟ་བུ་ཡང་མི་འདུག། དེ་ནི་སུ་ཞིག་གི་མགྲིན་པ་དང་གཉའ་སྐེ་ལ་འདྲ་བར། ཟླུམ་ཟླུམ་དང་སྒོར་སྒོར་ངང་མཆིས་བས། ངའི་རྐང་ལག་དེ་ལ་འཁྲི་ཤིང་ལྟར་འཁྱུད་འཁྱུད་ བྱས་ཏེ། སྟོད་སྨད་བར་གསུམ་དང་མདུན་རྒྱབ་གཡས་གཡོན་བཅས་ལ་གོག་ལངས་འགྱེལ་གསུམ་གྱིས་རང་ཉིད་ཀྱི་ཕུགས་འདུན་དེ་བཙལ་བཙལ་མོད། དེ་ན་ངས་སྙེག་གིན་ཡོད་པའི་མལ་ས་སོབ་སོབ་དྲོན་པོ་དེ་མི་གདའ་ལ་ཡིན་ཀྱང་མིན་པས། ངས་ཡང་བསྐྱར་ལམ་ཞིག་བཙལ་ཏེ་གཞན་ཞིག་ལ་སྙེག་དགོས་སོང་།
ངའི་ལུས་ཡོངས་ལ་རྔུལ་ཆུ་ཡིས་ཁེངས་ཏེ། ཨ་ཐང་ཆད་པའི་དབུགས་ཀྱི་ཤུར་སྒྲ་ཡང་ཇེ་གསལ་ནས་ཇེ་གསལ་ལ་འགྲོ་བཞིན་འདུག ངའི་མདུན་བསྐྱོད་དང་འཚོལ་སྙེག་གི་གོམ་འགྲོས་ལ་ལེ་ལོ་དང་བག་ཕེབས་ཀྱིས་མཚམས་མ་ཆད་པར། རྨ་འབྲི་རྫ་གསུམ་གྱི་བཞུར་རྒྱུན་ལྟར་མུ་ནས་མུ་ལ་སྙེག། ཕུགས་ནས་ཕུགས་ལ་ཕྱོགས།
ད་ལྟ། ང་སླེབས་ཡོད་ས་འདི། སྦྱིར་བདེ་མོ་ཐང་ཞིག་ཡིན་ན་ཡང། མཐོ་ཚད་དང་ཆེ་ཆུང་གཅིག་པའི་དེའུ་འབུར་གཉིས་ཁ་གཏད་དུ་འགྲེང་ནས་ཀྱང་འདུག། ང་དུབ་ཏེ་ཡོད་པས། དེའུ་འབུར་དེ་གཉིས་ཀྱི་བར་ནས་མཚམས་རེ་བྲང་ཁ་ས་ལ་སྦྱར་ཏེ་ངལ་གསོ་བ་ཡིན་ལ། མཚམས་རེར་། སྐེད་པ་ངོས་ལ་བསྙེས་ཏེ། མགོ་བོ་གནམ་ལ་གཏད་ནས་དབུགས་རིང་པོ་རིང་པོ་ཡང་བཏང་ནས་བཏང་ནས་བསྡད་པ་ཡིན། ས་ཆ་དེ་ནི་མཛེས་མ་སུ་ཞིག་གི་བྲང་གཞུང་དང་འདྲ་བར། ངའི་ལུས་སེམས་གཉིས་ཀ་ལ་བཤད་མི་ཤེས་བའི་བསོད་སྣང་དང་བདེ་ཚོར་ཅིག་མཐོ་ས་ནས་རྫ་ཆུ་འབབ་འབབ་དང་ནེའུ་གསེང་ནས་ཆུ་མིག་བཞུར་བཞུར་གྱིས་སྦྱིན་ཡོང་། དེ་ལྟར་ན་ཡང་། ངའི་ལུས་པོའི་སྟོབས་དང་ངར། ཚ་བ། ད་དུང་ནང་སེམས་ཀྱི་ཅི་ཞིག་བཅའ་འདོད་ཀྱི་ཧམ་སེམས་བཅས་ད་དུང་ཡང་འཇའ་ཚོན་དང་སྨུག་པ་ལྟར་་་ཡལ་མ་སོང་བས། འདི་ལྟ་བུའི་ས་ཆ་འདི་ཡང་ངས་འཚོལ་བཞིན་པ་དང་སྙེག་གིན་ཡོད་པའི་མལ་ས་སོབ་སོབ་དེ་མིན་པ་ངས་ཤེས་སོང་། དྲང་མོར་བཤད་ན། རི་བོ་ལྟ་བུའི་དེའུ་འབུར་དང་རྩྭ་་ཐང་འདྲ་བའི་ཐང་ཆེན། མཛེས་མ་སུ་ཞིག་གི་བྲང་གཞུང་དང་འདྲ་བའི་ས་ཆ་འདི་ནས་བྲལ་འདོད་ཀྱི་སེམས་པ་མེད་ན་ཡང་། ངའི་སེམས་ཀྱི་རྩ་དོན་དང་ཕུགས་འདུན། འཚོལ་སྙེག་དང་མདུན་བསྐྱོད་ཀྱིས་ང་ཡང་བསྐྱར་ལམ་ལ་ཆས་དགོས་སོང་།
ངས་རང་ཉིད་ཀྱི་ཁ་ངོ་དང་ཐོད་པ། ལག་པ་དང་ལྷོག་ལྷོག་ལྡིང་སའི་བྲང་གཞུང་བཅས་ཡིད་འོང་གི་ས་ཆེན་དང་མཐོང་ན་སྐྱིད་ཅིང་རག་ན་བདེ་བའི་དེའུ་འབུར་དེ་གཉིས་ལ་ཡང་ཡང་དུ་རག་རག་དང་ཐུག་ཐུག་བྱས་བྱས་མཐར། ལམ་མེད་ས་ནས་ལམ་ཞིག་འཚོལ་བཞིན་འཚོལ་བཞིན་ས་གཞན་ཞིག་ལ་སྙེག་པ་ཡིན།
ང་། འགྲོ་བཞིན་ཡོད་། མུ་ནས་མུ་ལ་འགྲོ་བཞིན་ཡོད། དཔེར་ན་ཆུ་བོ་ལྟར་འགྲོ་བཞིན་ཡོད། སྤྱང་ཀི་ལྟར་སྙེག་གིན་ཡོད། རྒོད་པོ་བཞིན་བསྐྱོད་ཀྱིན་ཡོད། གང་ལྟར། ང་། ཁྱོན་ནས་བསྡད་མེད། ཕུགས་འདུན་སྟེ། དེ་མ་ཐོབ་བར་ཏུ་འདུག་ཀྱང་མི་འདུག་ཁོ་ཐག་ཡིན། དེ་ངའི་དམ་བཅའ་ཡིན ། ངའི་ཕུགས་ཀྱི་མདོ་རྩ་ཡང་ཡིན།
ད་ལྟ། ངའི་སེམས་ཤུགས་དང་ལུས་ཤུགས། སྔར་ལས་ཇེ་དྲགས་ཇེ་རྒྱས་སུ་སོང་ཏེ། འཚོལ་སྙེག་གི་སྙིང་སྟོབས་དེ་མེ་ཕུང་ལྟར་འབར་བཞིན་འདུག། རྦ་རླབས་ལྟར་འཕྱོ་བཞིན་འདུག། ད་ལྟ། ང་ལམ་གང་ཡང་མེད་ས་ཞིག་ན་ལམ་ཞིག་ལ་སྙེག་ཏེ་བསྐྱོད་ཀྱིན་ཡོད། ས་འདི་ནི་འབྲོག་ས་ཡི་གཞུང་ཆེན་པོ་ཞིག་དང་འདྲ་ལ། མཛེས་མ་ཞིག་གི་ལྟོ་བས་ངོས་དང་ཡང་མཚུངས། དེ་ནས་ང་ཤུགས་ཀྱིས་བགྲོད་བགྲོད་མཐར། ཁ་ཞིང་ཆེ་ལ་ཁོད་ཀྱང་ཡངས་བའི་ལུང་བའི་མདོ་ཞིག་ལ་སླེབས་སོང་། དེ་ནས། སྤྱི་ལེ་གཉིས་ཙམ་ཞིག་ལ་སོང་བ་ན་ནགས་ཚལ་ཅིག་ལ་འབྱོར། དེ་ཡི་སྐྱེས་ཤིང་གི་ཡལ་ག་རྣམས་ཕན་ཚུན་ལ་བསྣོལ་ཅིང་འཛིངས་ནས་ཡོད་པ་མ་ཟད། ཕྱོགས་བཞི་ལ་རབ་ཏུ་རྒྱས་འདུག། ལོ་མའི་ཚོགས་ཀྱི་ཁོ་ལག་ཀྱང་ཤིན་ཏུ་འཕེལ་ཏེ་རྒྱས་འདུག་ལ། རྫི་ཡང་རྫི། སྟུག་ཀྱང་སྟུག
ང་སོང་སོང་མཐར། འདི་འདྲའི་ནགས་ཀློང་ཞིག་ལ་འབྱོར་ཡོད་ན་ཡང། དེ་ངས་འཚོལ་གྱིན་པ་དེ་མིན་པ་ཡང་ཤེས་སོང་། དེ་བས། ང་། ནགས་ཀློང་དེར་གཡོ་ཅན་འགྲོ་འགྲོ་དང་ལེ་ལོ་གཡོལ་གཡོལ་ལྟར་མ་བྱས་པར། རང་ཉིད་ཀྱི་འཚོལ་སྙེག་གི་ཆེད་དུ། དེ་ལ་ཤུགས་ཀྱིས་འཛུལ་ཏེ། ངར་གྱིས་བསྐྱོད་པ་ཡིན། དེ་ལྟར་བསྐྱོད་བསྐྱོད་མཐར། མཚམས་ཤིག་ལ། ང་ཁ་ཤགས་ཤགས་དང་དབྱིབས་ནར་ནར་ཡིན་པའི་བྲག་ཕུག་ཅིག་གི་ཁར་སླེབས་སོང་། ང་རང་འདི་ལྟ་བུའི་ནགས་ཀློང་ཅིག་གི་ཁྲོད་ན་ འདི་འདྲའི་ བྲག་ཕུག་ཅིག་ཡོད་པ་ ཧ་ལས་ཤིང་ཧང་ཡང་སངས་སོང་། འདི་འདྲ་ཞིག་དངོས་ནས་བསམ་བསམ་མེད། དེ་ནི་བལ་ཡུལ་ལ་མ་འབྱོར་གོང་གི་འགྲན་གྱི་མཚན་གཅིག་ལ་བསྡད་པའི་བྲག་ཕུག་དེ་དང་འདྲ། དེ་ནས་ངས་བྲག་ཕུག་དེར་མིག་གིས་རིག་རིག་དང་ལག་པས་རག་རག་འགའ་བྱས་པ་ན། དེ་ཡི་ཁ་དང་མཐའ་ནི་ཇི་འདྲ་འཇམ་མཉེན་ལྡན་པ་དང་ལྷོད་ལྷོད་ཅིག་ཡིན་པས། ངའི་ལག་པས་ཡང་ཡང་རག་ན་འདོད་ཅིང་། ངའི་མིག་གིས་ཡང་ཡང་ལྟ་ན་སྙམ། དེ་བཞིན། སྔར་མེད་ཀྱི་ཚོར་བ་གསར་བ་ཞིག་ངའི་ལུས་སེམས་ཀུན་ལ་མཆེད་དེ། ངའི་ལུས་ཀྱི་སྟོབས་དང་ཤུགས་སྔར་ལས་འཕེལ། འཚོལ་སྙེག་གི་སྙིང་སྟོབས་དེ་ཡང་སྔར་ལས་རྒྱས་སོང་། ད་དུང་། བྲག་ཕུག་འདི་ནི་ང་རང་ཞོགས་པ་ལངས་མ་ཐག་ནས་འཚོལ་གྱིན་ཡོད་པའི་མལ་ས་དྲོན་མོ་འཇམ་པོ། སོབ་སོབ་དེ་རེད་སྙམ་པའི་ཀུན་སློང་དེ་ངའི་སེམས་ཀྱི་སྣོད་ན་ཆུ་ཁོལ་ལྟར་ལྷོག་ལྷོག་ཏུ་གདུ་བཞིན་འདུག་པས། ངས་བྲག་ཕུག་དེ་ཡི་ནང་ཕུགས་ན་ཅི་ཞིག་ཡོད་མེད་དེ་ཤེས་ན་ཤིན་ཏུ་འདོད། ཀུན་སློང་དེ་ཡིས་རྐྱེན་པས། མཇུག་མཐར། ང་དེ་ལ་འགྲོ་བར་བརྩམ་པ་ཡིན།
ད་ལྟ། ངའི་ལུས་ཕུང་གི་ངར་དང་ཤུགས་སྔར་ལས་ཇེ་རྒྱས་དང་། འདུན་པ་ལ་སྙེག་པའི་འདོད་པ་དེ་ཡང་སྔར་ལས་ཇེ་འཕེལ་དུ་འགྲོ་བཞིན་འདུག
དེ་ནས། ང་བྲག་ཕུག་དེ་ལ་འཛུལ་གྲབས་བྱས་ཏེ། དེ་ཡི་ཁ་རེ་ཁ་ལ་རག་རག་བྱས་པ་ན། ངའི་སྙིང་གི་འཕར་སྒྲ་སྔར་ལས་ཇེ་འཕེལ་དུ་འགྲོ་བཞིན་འདུག་ལ། ངའི་སྣང་བ་ལ་བྲག་ཕུག་དེ་ཡི་ཁ་ཡང་ཆུང་དུ་འགྲོ་བ་དང་འདྲ་ལ་ཆེ་རུ་འགྲོ་བ་དང་ཡང་མཚུངས། སྐབས་དེར། ཏག་ཏག་གི་བར་སྐབས་དེར། བྲག་ཕུག་དེའི་ནང་ནས་ཆུ་ཡིན་ན་ཆུ་མིན་པ། གནག་ཡིན་ན་གནག་མིན་པ་ལྟ་བུའི་བཤེར་གཟུགས་འབྱར་བག་ཅན་ཞིག་ལྷོད་ཀྱིས་ཡོང་གིན་འདུག་པས། ང་རང་དབང་མེད་དུ་དེའི་ནང་ལ་ཤུལ་ནས་འགྲོ་སོང་། འཕྲལ་ཏུ་ཕྱིར་ཡོང་རྩིས་བྱས་མོད། དེ་ནི་ཇི་འདྲའི་སོབ་སོབ་དང་འཇམ་མཉེན་ལྡན་པ། དྲོལ་ཁོལ་མངའ་བ་ཞིག་ཡིན་པས། གཞི་ནས་གནས་མཆོག་འདི་ནི་རང་ཉིད་ཀྱིས་ཡུན་རིང་ལ་སྙེག་ཏེ་ཡོང་བའི་མལ་ས་དྲོན་མོ་དེ་ཡིན་པའི་ཤེས་རྟོགས་བྱུང་། དེར་བརྟེན། ང་ཕྱིར་ལ་མ་བཏོན། ང་ལ་སྤྲོ་བ་དང་བསོད་སྣང་གིས་ཁེངས་ཏེ། དེ་ནས་ཕར་རྒྱུགས་དང་ཚུར་རྒྱུགས། ས་ལྡིང་དང་གནམ་ལྡིང་བྱས་བྱས་མཐར། ང་རང་སྤྲོ་བས་ཐང་ཆད་སོང་ལ། ཐང་ཆད་ཡོད་པ་དེ་ཡང་གསེང་གསེང་ཞིག་ནས་དྭངས་ནས་དྭངས་ནས་འགྲོ་སོང་།