ཁང་གསར་རྡོ་རྗེ།
དུམ་བུ་གཉིས་པ།
ད་དུམ་བུ་དང་པོའི་འཕྲོ་ནས་བཤད་ཀྱི་ཡིན། དྲྭ་རོགས་ཚོའི་དགོངས་འཆར་ལྟར། ཀི་སྒྲ་རྣམས་ཀྱི་སྒྲ་ལ་བཅོས་ཡོད་པའི་ཁུལ་ཡིན།
༥༽ ཡུལ་འདི་ལ་ནི་མི་འབོར་འཕར་ཚད་ཧ་ཅང་ཆེན་པོ་རེད་འདུག ༡༩༣༩ ལོའི་མི་འབོར་དང་བསྡུར་ན། ད་ལྟ་མི་གྲངས་གསུམ་ཁྲི་ལྷག་ཡོད་པ་འདི། ལྡབ་གཅིག་ལྷག་ཙམ་འཕར་ནས་བྱུང་བ་རེད་ཟེར། ད་དུང་ཡང་མི་འབོར་འཕར་བཞིན་ཡོད་པ་དེ། ཁེ་ཎ་ཌའི་ནང་གི་མི་འབོར་འཕར་ཚད་མགྱོགས་ཤོས་རེད་འདུག དེ་ལ་དཔྱད་ཞིབ་པ་ཚོས་རྒྱུ་མཚན་མང་པོ་བཤད་ཀྱི་འདུག དཔེར་ན། འཕྲོད་བསྟེན་དང་འཚོ་བ་ཡག་ཏུ་སོང་ནས་འཆི་ཚད་ཉུང་དུ་སོང་བ་དང་ཚེ་ཚད་རིང་དུ་སོང་བ་རེད་སོགས་ཟེར། ངས་བལྟས་ན་ནི་གཙོ་བོའི་རྒྱུ་མཚན་གཅིག་ལས་མ་མཐོང་། དེ་ནི་གནམ་གཤིས་གྲང་བས་ཕོ་མོ་མཉམ་དུ་ཉལ་མང་ཞིང་། འགྲིམས་འགྲུལ་ཡར་རྒྱས་ལ་སོང་ནས་ཉལ་རོགས་འཚོལ་བདེ་བ། ཕྲུ་གུ་ཇི་ཙམ་མང་ན་དེ་ཙམ་གྱི་རོགས་དངུལ་མང་པོ་ཐོབ་པ་བཅས་ལ་བརྟེན་ནས་རེད་འདུག
ཡུལ་འདིའི་ཕོ་མོ་གཉིས་ཀ་འདོད་ཆགས་ཆེ། ཕལ་ཆེར་ཉ་ཤ་དང་མཚོ་ཟས་ལ་ལོངས་སུ་སྤྱོད་ཆེ་བ་དང་། ལྷག་པར་ཁོ་རང་ཚོའི་ཟས་རིགས་བཟོ་སྟངས་དེ་ལའང་འབྲེལ་བ་མེད་དམ་སྙམ། ང་རང་དེར་སྡོད་རིང་དུའང་ལུས་ཀྱི་ཟུངས་དང་ཁུ་བ་མངོན་གསལ་གྱིས་འཕེལ་གྱིན་ཡོད་པར་དོ་སྣང་བྱུང་། གཅིག་བྱས་ན། ཆུ་ལའང་འབྲེལ་བ་ཡོད་སྲིད། བོད་ཀྱི་གངས་རི་དང་ཉེ་བའི་མི་དེ་ཚོ་ཆགས་པ་ཆེ་བ་འདྲ་ཞིག་འདུག གངས་སྦལ་གྱི་གཅིན་ཆུ་བོ་དང་འདྲེས་པ་བཏུང་པས་རེད་ཟེར་ཡོང་། དེ་ལ་བརྟག་རྒྱུ་ཞིག་འདུག
༦༽ ཡུལ་འདིའི་ས་ཆ་རྒྱ་ཆེ་བས། གནམ་གཤིས་ཀྱང་ཡུལ་སྡེ་སོ་སོར་ཧ་ཅང་མི་འདྲ། སྤྱིར་ཡུལ་འདི་མང་ཆེ་བར་ཁ་བ་དང་འཁྱག་རོམ་དུས་ཀུན་ཏུ་ཡོད་ཀྱང་། ས་ཁུལ་ལ་ལར་ཁ་བ་འབབ་ཚད་ཁེ་ཎ་ཌའི་ ཊོ་རོན་ཊོ་གྲོང་ཁྱེར་ལས་དམའ་བ་དེ་འདྲ་ཡང་འདུག ཡ་མཚན་ཆེ་ཤོས་ཤིག་ནི། ས་ཁུལ་ལ་ལར་ཟླ་བ་ཁ་ཤས་རིང་མཚན་ལས་ཉི་མ་མཐོང་རྒྱུ་མེད་པ་དང་། ཡང་དེ་ནས་ཟླ་བ་ཁ་ཤས་རིང་། ཉིན་མ་གཏོགས་མཚན་མེད་པ་དེ་རེད། ང་རང་འགྲོ་ས་དེར། ད་ལྟ་དབྱར་དུས་ཡིན་པས། ཉིན་མ་གཏོགས་མཚན་མེད་པའམ། མཚན་མ་གཏོགས་ཉིན་མེད་པ་དེ་འདྲ་མ་མཐོང་ཡང་། དིང་སང་ཉིན་གྱི་ཡུན་ཧ་ཅང་རིང་བ་དཔེར་ན། མཚན་གྱི་ཆུ་ཚོད་ ༡༠ པར་ཡང་ཉི་མ་ཤར་བསྡད་ཀྱི་འདུག འདྲ་པར་འདི་ཚོ་ལ་གཅིག་གཟིགས་དང་།
གོང་གི་འདྲ་པར་དང་པོ་མཚན་གྱི་ཆུ་ཚོད་ ༩ དང་སྐར་མ་ ༤༥ ལ་བླངས། འདྲ་པར་གཉིས་པ། མཚན་གྱི་ཆུ་ཚོད་ ༡༠།༡༠ ལ་བླངས། འདྲ་པར་གསུམ་པ་མཚན་གྱི་ཆུ་ཚོད་ ༡༡།༠༧ ལ་བླངས་པ་རེད། ཆུ་ཚོད་ ༡༡།༣༠ ཙམ་ནས་ཉི་མ་བཞུད་འགྲོ་བཞིན་འདུག
༧༽ ཁོང་ཚོའི་རིག་གཞུང་གི་ཁྱད་ཆོས་མངོན་གསལ་ཆེ་ཤོས་ཤིག་ནི། ཉ་ལྟ་བུ་ཞིག་རྔོན་པ་ཡིན་ན། རང་ཁྱིམ་གཅིག་པུས་ལོངས་སུ་མི་སྤྱོད་པར་གཉེན་ཉེ་དུ་ཚང་མར་མཉམ་དུ་བགོ་བཤའ་རྒྱག་གི་འདུག ཚོང་གཉེར་ནས་ཁེ་འབབ་བྱུང་བའང་བགོ་གི་རེད་ཟེར་ཡང་དངོས་སུ་མཐོང་མ་བྱུང་། གང་ལྟར་དེའི་ཐོག་ནས་གདོད་མའི་ཁྱུ་ཚོགས་ཀྱི་འཚོ་བ་སྐྱེལ་སྟངས་ཤིག་མཐོང་གི་འདུག
༨༽ ང་རང་ཧང་སངས་ཤོས་དང་སྨོན་པ་ཤོར་ཤོས་གཅིག་ནི། ཁོང་ཚོའི་གྲོས་ཚོགས་ཀྱི་དྲྭ་རྒྱ་དེ་རེད། དྲྭ་རྒྱ་དེའི་ཐོག་ལ། གྲོས་ཚོགས་ནང་གྲོས་ཆོད་བཞག་པ་དང་གསར་འགྱུར། རྒྱུན་ལས་ཀྱི་གསལ་བསྒྲགས་སོགས་ཚང་མ་རང་སྐད་དང་དབྱིན་སྐད་གཉིས་ཀ་ཤན་སྦྱར་བྱས་ནས་བཀོད་བཞག་གི་འདུག ཁོང་ཚོའི་མི་འབོར་དང་ང་ཚོ་བཙན་བྱོལ་བོད་མིའི་མི་འབོར་བསྡུར་ན། མི་འབོར་ང་ཚོ་མང་བ་རེད། ཡིན་ནའི་ང་ཚོའི་གྲོས་ཚོགས་ཀྱིས་ཕྱག་ལས་འདི་འདྲ་གནང་གི་མེད། དངོས་གནས་བྱས་ན། དྲྭ་རྒྱ་དེ་འདྲ་ཞིག་གཉེར་ཏེ། བཙན་བྱོལ་བོད་མིའི་ཁྲིམས་དང་སྒྲིག་གཞི། གྲོས་གཞི་གྲོས་ཆོད་དེ་ཚོ་དྲྭ་རྒྱའི་ཐོག་བཞག་རོགས་བྱས་ན་ག་ཚོད་ཕན་ས་རེད། དམངས་གཙོ་འཕེལ་རྒྱས་གཏོང་སྟངས་ཟེར་ན། དེ་ཚོ་རེད། ཡིན་ནའི་ང་ཚོས་ནི་རྟག་པར་དམངས་གཙོ་གལ་ཆེ་རབས་ཀྱི་གསུང་བཤད་གནང་། ཟབ་སྦྱོང་སྤྲད་བསྡད་པ་ལས། རྩ་བའི་གཏན་འཇགས་ཀྱི་རྒྱུ་ཆ་དེ་ཚོ་བསྐྲུན་གྱི་མི་འདུག ཉེ་དུས་ང་ལ་བོད་གཞུང་གི་འོས་བསྡུའི་སྒྲིག་གཞི་དེ་དགོས་མཁོ་བྱུང་བས། ཡུན་རིང་ཐབས་ཤེས་བྱས་མཐར་ཨ་རི་དོན་གཅོད་ཀྱི་ལས་བྱེད་སྒེར་ངོས་ནས་བཟོས་པའི་གློག་རྡུལ་པར་གཞི་ཞིག་རག་ཉན་ཙམ་བྱུང་། ཡ། ཡང་འཕྲོས་འགྲོ་གི་འདུག ཁོང་ཚོའི་གྲོས་ཚོགས་ཀྱི་དྲྭ་རྒྱ་འདི་(http://www.assembly.nu.ca/english/) ལ་ཀློག་པ་པོ་རྣམ་པས་གཟིགས་ཙམ་གནང་དང་། ཏན་ཏན་ལེགས་ཆ་ལེན་རྒྱུ་འདུག མི་འབོར་ཉུང་ཉུང་དེས་གཞུང་ཡིག་ཚང་མ་རང་སྐད་དང་དབྱིན་སྐད་སོགས་ཤན་སྦྱར་གྱིས་བཟོ་ཐུབ་པ་འདི་ཧང་སངས་དགོས་པ་ཞིག་རེད་པ།
༩༽ ཡུལ་འདིའི་ནང་། ལས་གནས་ཧ་ཅང་མང་ལ་ལས་མེད་ཀྱང་ཅུང་མང་པོ་རེད་འདུག དེ་ཁྱད་མཚར་རེད་དེ་དངོས་ཡོད་ཀྱང་རེད། ཡུལ་མི་མང་པོ་ཞིག་ལ་ཆེད་ལས་ཀྱི་སྦྱོང་བརྡར་མེད་པ་དང་སློབ་སྦྱོང་མེད་པར་བརྟེན། ལས་ཀ་ཡོད་ཀྱང་འཇོན་མཁན་དཀོན་པོ་རེད་འདུག ལས་ཡོད་མི་འབོར་གྱི་བརྒྱ་ཆ་ ༨༥ གཞུང་གིས་གླ་ཆ་སྤྲོད་པའི་ལས་བྱེད་རེད་ཟེར་གྱི་འདུག དེ་མིན་འཛུགས་སྐྲུན་བྱེད་མཁན་དང་གཏེར་ཁ་འདོན་མཁན་ཉུང་ཤས་ཡོད་པ་འདྲ། ལྟེ་བའི་གྲོང་ཁྱེར་ནང་སྒེར་གཉེར་ཁེ་ལས་ཁ་ཤས་འདུག དེ་མིན་ཉ་ཚོང་རྒྱག་མཁན་སྒེར་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཏོག་ཙམ་ཡོད་ས་རེད་མ་གཏོགས་མང་ཚོགས་ལ་ལས་ཀ་སྤྲོད་ཐུབ་པའི་སྒེར་པ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཞེ་དྲག་མི་འདུག དེ་ནི་ད་ལྟའི་བོད་ནང་གི་གནས་སྟངས་དང་འདྲ་བོ་རེད། གཞུང་ལ་ཧ་ཅང་གིས་ཤུགས་ཆེན་པོ་བརྟེན་དགོས་ཀྱི་འདུག
ཆེད་ལས་ཀྱི་ལས་ཀ་བྱེད་མཁན་དཔེར་ན། སྨན་པ་དང་དགེ་རྒན། སྨན་ཞབས་སོགས་མང་པོ་ཞིག་ཕྱི་ནས་ཡོང་གི་འདུག ཡུལ་འདིར་འགྲོ་སོང་ཆེན་པོ་རེད། སྤྱིར་བཏང་ཉ་ཤ་དང་པགས་རིགས་ཁ་ཤས་ཕུད་ན། འདི་ཁུལ་དུ་ག་རེ་ཡིན་ནའང་རིན་གོང་ཆེན་པོ་རེད། ཟས་རིགས་ཀྱི་གོང་ནི་ཁེ་ཎ་ཌའི་ས་ཁུལ་གཞན་དང་བསྡུར་ན་ལྡབ་གཉིས་གསུམ་གྱིས་མཐོ་བ་འདུག ཡིན་ནའི་ལས་ཀ་རག་ན་གླ་ཆ་ཧ་ཅང་གིས་མཐོན་པོ་རེད་འདུག ལྷག་པར་གཞུང་གི་ལས་ཀ་རག་ན་ཁང་གླ་སོགས་ལ་གུན་གསབ་མང་པོ་ཞིག་གཞུང་གིས་གནང་གི་འདུག དེར་བརྟེན། འདིར་སླེབས་པའི་མགོ་སེར་མང་ཆེ་བ་གླ་ཆ་ལ་བལྟས་ནས་ཡོང་བ་མིན་ན། སྤྲོ་འཁྱམ་བྱེད་པར་ཡོང་བ་རེད།
པར་འདི་དྲྭ་རྒྱ་གཞན་ཞིག་ནས་བླངས་པ་ཡིན། རྔ་དེ་མདོ་སྨད་ཕྱོགས་ཀྱི་རྔ་དང་འདྲ་ཙམ་འདུག པར་འོག་མ་དེ་ལ་གཟིགས་དང་། ནག་ཆུ་ཕྱོགས་ཀྱི་བོད་མི་དང་འདྲ་བོ་མི་འདུག་གམ། དེང་སྐབས་གདོང་དབྱིབས་བོད་དང་འདྲ་བ་མ་གཏོགས། གྱོན་པ་འདི་འདྲ་ཅང་མ་མཐོང་།
༡༠༽ ད་ག་རེ་ལུས་སོང་། འོ་ཡ། ཡུལ་འདི་ལ་བོད་ཀྱི་གཡག་དང་འདྲ་བའི་སེམས་ཅན་ཞིག་ཀྱང་འདུག་ཀྱང་ང་རང་གིས་དངོས་སུ་མ་མཐོང་། འདྲ་པར་ནི་མང་། དེ་ནས་ག་རེ་བཤད་དགོས་རེད། ཨོ་རེད། སྤྱིར་བཏང་ས་བབས་ཀྱི་ཆ་ནས་འགྲོ་བདེ་བོ་མ་རེད། ཡིན་ནའི་ཡུལ་སྡེ་ཚང་མར་གནམ་གྲུ་འགྲོ་ཐུབ་ཀྱི་འདུག དེ་ནས་མཚོ་ལམ་ཡོད་པ་བྱས། གྲོང་ཚོ་དང་གྲོང་ཚོའི་བར་ལ་རླངས་འཁོར་ཆུང་གྲས་དང་གངས་ནང་བཞོན་བྱེད་ཀྱི་སྦག་སྦག ད་དུང་གངས་ནང་ཁྱིས་དྲུད་འགྲོ་བའི་ཡོ་ཆས་དེ་ཡང་འདུག ཨོ། ད་དུང་ཁོ་རང་ཚོའི་སྐད་ཡིག་ནང་ལ་ཚགས་པར་གསུམ་བཞི་ཞིག་དང་། ལུང་པ་ཚང་མ་ལ་དྲྭ་རྒྱ་ཧ་ཅང་ཡག་པོ་འདུག
འཁྲུག་ཆ་ཆེ་བའི་གྲོང་ཁྱེར་ནས་ཧོབ་སྟེ་ཁ་ལ་འདིར་སླེབས་དུས། ང་ཚོ་མང་པོ་ཞིག་ནི་ཅི་བྱེད་འདི་བྱེད་མེད་པ་ཆགས་ཀྱི་འདུག ཉི་མ་རིང་པོ། དུས་ཚོད་མང་པོ། ལས་ཀ་ཅང་མེད་པ། ངོ་ཤེས་ཀྱང་དེ་ཙམ་མེད་པ། ཟས་ལ་དང་ཁ་མེད་པ་བཅས་རེད། ཧ་ཅང་ཉོབ་དྲག་པས། གློག་ཀླད་བརྒྱུད་དེ་Skype ནང་ནས་ངོ་ཤེས་ཐུག་ཚད་ལ་སྐད་ཅ་བཤད། ད་དུང་ཡུན་རིང་བེད་སྤྱོད་མ་བྱས་པའི་ Facebook དེ་བསྐྱར་དུ་རོ་ལངས་བརྒྱབ་བཅུག་ནས། རོགས་པ་རྙིང་པ་ཚོར་འབྲེལ་བ་བསྐྱར་མཐུད་དང་རོགས་པ་གསར་པ་མང་པོ་ཞིག་བཙལ། ངའི་གློག་ཀླད་ཆུང་ཆུང་དེ་ལ་སྐྱོན་ཤོར། རོགས་པ་ཚོ་མང་ཆེ་བས་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་བེད་སྤྱོད་བྱེད། ཀུ་ཤུ་རྟགས་ཅན་གྱི་ནང་དུ་བོད་ཡིག་བཀོལ་སྟངས་ངས་ཡག་པོ་ཞིག་མ་ཤེས། ཐ་མ་ཚོད་ཚོད་བྱས་ཏེ་གཅིག་བཅུག་པ་དེས་བོད་རིགས་གྲོགས་པོ་ཚོ་ལ་འབྲེལ་བ་བྱེད་ཐབས་བྱས། ཕར་བཏང་བ་ཀློག་ཐུབ་ཀྱི་ཡོད་འདུག ཚུར་འབྱོར་བ་དེ་ཚོ་ཕྱེད་ཀ་ཀློག་ཐུབ་པ། ཕྱེད་ཀ་ཀློག་མ་ཐུབ་པ་དེ་འདྲ་ཤར། ཡིག་ཕྱེད་གོ་བས་ཀློགས་ཟེར་བ་དེའི་དོན་དག་གསལ་པོ་ཤེས། དེ་འདྲ་བྱས་ཏེ་མགོ་འཁོར་བོ་བྱུང་། གང་ལྟར་དུས་ཚོད་མང་པོ་ལས་ཀ་ཉུང་ཉུང་རེད། བོད་ཀྱི་གཏམ་དཔེ་དཔྱིད་ཉི་རིང་པོ་ཟེར་བ་དེ། དངོས་གནས་བྱས་ན་ས་ཆ་འདི་ལ་ལབ་ན་ཏག་ཏག་རེད་འདུག
༡༡༽ ཀ》 ད་མཇུག་བསྡོམས་ལ་བསམ་ཚུལ་ཁ་ཤས་བཤད་ཀྱི་ཡིན། རྒྱ་ནག་གཞུང་གིས། བོད་ཆོལ་ཁ་གསུམ་ལ་རང་སྐྱོང་ས་ཁུལ་གཅིག་གི་ཐོབ་ཐང་རྩོད་པ་ནི། རྒྱ་ནག་གི་ས་ཆ་བཞི་ཆ་གཅིག་ཁ་འཕྲལ་གཏོང་གི་ཡོད་ཚུལ་དང་། ད་དུང་ས་ཆ་ཆེན་པོ་དེ་འདྲ་ཞིག་བོད་རིགས་ས་ཡ་ལྔ་ཙམ་ལ་དབང་ཐབས་ཡོད་མ་རེད། དབང་ཐབས་བྱེད་པ་དེ་ཤིན་ཏུ་མི་འཚམས་པ་ཞིག་ཡིན་པ་འདྲ་བོ་བཤད་ཀྱི་ཡོད་རེད། ནུ་ན་ཝུ་ཊིའི་འཛིན་སྐྱོང་མངའ་ཁུལ་རྒྱ་ཧ་ཅང་ཆེན་པོ་འདི་འདྲ་ཞིག་མི་འབོར་ཁྲི་གསུམ་ལྷག་ཙམ་ཞིག་ལ་རང་སྐྱོང་སྤྲད་ཡོད་པའི་དཔེ་མཚོན་འདིའི་ཐོག་ནས། ང་རང་ཚོས་རྩོད་བཞིན་པ་དེ། རྒྱུ་མཚན་ལྡན་པ་དང་མངོན་དུ་འགྱུར་རུང་བ་ཞིག་ཡིན་པ་གསལ་པོ་རེད་འདུག ཡུལ་འདི་དང་བོད་གཉིས་བསྡུར་ན། ལོ་རྒྱུས་དང་སྐད་ཡིག རིག་གཞུང་སོགས་གང་གི་ཐད་ནས་ཡིན་ནའང་ང་རང་ཚོ་ཕུན་སུམ་ཚོགས་པ་འདུག
ཁ》 ཡུལ་འདིའི་གདོད་མའི་མི་རིགས་ལ། ཁེ་ཕན་དེ་འདྲའི་ཆེན་པོ་ཞིག་ཐོབ་པའི་རྩ་བའི་རྒྱུ་རྐྱེན་ནི། ཁེ་ཎ་ཌ་འདི་ཁུངས་ལུང་དང་རྒྱུ་མཚན་བཤད་ས་ཡོད་པའི་དམངས་གཙོའི་རྒྱལ་ཁབ་ཅིག་ཡིན་ཙང་རེད། དེ་བཞིན་གདོད་མའི་མི་རིགས་ཚོས་ཀྱང་མཁུ་ཚུར་བསྒྲེངས། སྐད་འབོད་ཤ་སྟག་བྱས་ནས་མ་བསྡད་པར། གནད་ཡོད་མི་སྣ་དེ་ཚོར་འབྲེལ་བ་ཡག་པོ་བྱེད་ཐུབ་ཡོད་པ་དེ་གནད་འགག་རེད། རྒྱ་ནག་རིམ་པས་དམངས་གཙོ་ལ་མ་བསྒྱུར་རང་འགྱུར་རེད། དེར་བརྟེན་ང་རང་ཚོས་༸གོང་ས་མཆོག་གི་བཀའ་ལྟར་རྒྱ་རིགས་ཤེས་ཡོན་ཅན་དང་གནད་ཡོད་མི་སྣ་ཚོ་ལ་འབྲེལ་བ་ཡག་པོ་འཛིན་པ་དང་། བོད་དོན་སྐོར་གྱི་དཔེ་དེབ་གང་མང་རྒྱ་ཡིག་ནང་འདོན་དགོས་པ་དེ་ཧ་ཅང་གལ་ཆེན་རེད་འདུག
ག》 ང་ཚོ་བཙན་བྱོལ་བོད་མིའི་དམངས་གཙོིའི་ལམ་ལུགས་ཀྱི་འཕེལ་རྒྱས་སྐོར་བཤད་དུས། སྲིད་དོན་ཚོགས་པ་མེད་པའི་སྐྱོན་ཆ་གཅིག་པུར་བསམ་བློ་མ་བཏང་བར། སྲིད་དོན་ཚོགས་པ་མེད་པའི་དགེ་མཚན་དེ་ཚོར་ཡང་བསམ་བློ་གཏོང་ཐུབ་དགོས་འདུག དེ་ཡང་དང་པོ། ང་ཚོས་སྲིད་དོན་ཚོགས་པ་མེད་པའིོ་དམངས་གཙོའི་ལམ་ལུགས་དང་སྲིད་དོན་ཚོགས་པ་གཅིག་མ་གཏོགས་མེད་པའི་ལམ་ལུགས་བར་གྱི་ཁྱད་པར་དེ་གསལ་པོ་ངོ་འཕྲོད་དགོས། རྒྱ་ནག་ལྟ་བུ་ནི་སྲིད་དོན་ཚོགས་པ་གཅིག་མ་གཏོགས་མེད་པའི་རྒྱལ་ཁབ་རེད། དེ་ལ་སྲིད་དོན་ཚོགས་པ་གཅིག་ལས་མེད་པ་དེས་གཞུང་གི་དབང་ཆ་ཡོངས་རྫོགས་བཟུང་བསྡད་ཡོད། གྲོས་ཚོགས་ཀྱི་ཚོགས་མི་བྱེད་པར་ངེས་པར་སྲིད་དོན་ཚོགས་པ་གཅིག་དེའི་ཚོགས་མི་ཡིན་མི་དགོས་ཀྱང་། གྲོས་ཚོགས་དེ་སྲིད་དོན་ཚོགས་པ་གཅིག་དེའི་ལག་ཆ་ཙམ་ལས་གཞུང་ལ་ལྟ་སྐུལ་བྱེད་མཁན་ཆགས་ཐུབ་ཀྱི་མེད།
རང་རེའི་སྤྱི་ཚོགས་ནང་སྲིད་དོན་ཚོགས་པ་ཡོད་མ་རེད། སྲིད་དོན་ཚོགས་པ་མེད་དུས། སྲིད་དོན་ཚོགས་པ་གཅིག་གིས་དབང་ཆ་ཡོངས་རྫོགས་བཟུང་བསྡད་པའི་གནད་དོན་དེ་མེད། གཞུང་གི་དབང་ཆ་ཡོངས་རྫོགས་གྲོས་ཚོགས་དང་ཁྲིམས་ཞིབ། བཀའ་ཤག་༼ཁྲིམས་བཟོ་དང་ཁྲིམས་ལུགས་དབང་འཛིན། འཛིན་སྐྱོང་༽བཅས་ལ་ལྗིད་མཉམ་དུ་བགོས་ཐུབ་ཡོད་པས་སྒེར་གཅོད་མཁྲེགས་འཛིན་གྱི་གནད་དོན་མེད། གྲོས་ཚོགས་ཀྱི་འཐུས་མི་དང་འཛིན་སྐྱོང་གི་བཀའ་བློན་ཁྲི་པ་གཉིས་ཀ་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་བྱེད་བཞིན་ཡོད་པས། མང་ཚོགས་ལ་དོན་ངོ་མའི་དབང་ཆ་ཡོད་པ་གསལ་པོ་རེད།
ང་ཚོའི་ལམ་ལུགས་འདི་ལ་བརྟེན་ནས། བོད་གཞིས་བྱེས་གཉིས་དང་ཆོས་བརྒྱུད་ཆེན་པོ་ཁག་ཡོངས་ཀྱི་ངོ་བོ་མཚོན་པ་དང་མི་སེམས་འགུག་པའི་ཁྱད་ཆོས་ཡོད། གལ་ཏེ་སྲིད་དོན་ཚོགས་པའི་ལམ་ལུགས་བསྐྲུན་ཚེ། ངོ་བོ་འདི་འདྲ་ཞིག་མཚོན་ཐུབ་བམ། ལྷག་པར་དུ་སྲིད་དོན་ཚོགས་པའི་ལམ་ལུགས་ལག་བསྟར་བྱས་ཚེ་ད་ལྟ་ལས་མང་བའི་རྙོག་དྲ་ཡོང་མ་སྲིད་པ་མ་རེད། འདི་ཚོའི་སྐོར་ལ་བཤད་རྒྱུ་མང་ཡང་ཡིག་ཚོགས་ལ་འཇིགས་ཏེ་བཞག
གང་ལྟར་སྲིད་དོན་ཚོགས་པ་མེད་པའི་མང་གཙོའི་ལམ་ལུགས་འདི། རང་རེ་བོད་དང་གོང་དུ་ངོ་སྤྲོད་བྱས་པའི་ནུ་ན་ཝུ་ཊི་ལྟ་བུའི་མི་འབོར་ཉུང་བའི་མངའ་ཁུལ་དང་། དེ་མིན་རྒྱལ་ཁབ་ཆུང་ཆུང་ཁ་ཤས་ལ་ལག་བསྟར་བྱེད་བཞིན་པ་ཡིན་ཞིང་། ཁེ་ཎ་ཌའི་ཊོ་རོན་ཊོ་གྲོང་ཁྱེར་གྱི་སྤྱི་ཁྱབ་པའང་སྲིད་དོན་ཚོགས་པའི་དབྱེ་བ་མེད་པར་འོས་འདེམས་བྱེད་བཞིན་འདུག དེ་ལའང་རང་རང་གི་ཁྱད་ཆོས་དང་ཡོན་ཏན་ཡོད་པ་དེ་ང་ཚོས་ངོས་འཛིན་དགོས།
ང》 ནུ་ན་ཝུ་ཊིའི་ཡུལ་འདི་ལ། རང་སྐྱོང་གི་དབང་ཆ་རག་ཀྱང་ད་དུང་རང་གི་རྐང་པའི་ཐོག་ལངས་མི་ཐུབ་པར་གནས་པ་འདི་ལ་ཕྱི་རྐྱེན་ནང་རྐྱེན་གཉིས་ཀ་ཡོད་པ་ལས། གཙོ་བོ་ནི་ནང་རྐྱེན་རང་མིའི་ཁྲོད་ན་ཤེས་ལྡན་མི་སྣ་དང་ལྷག་པར་ཆེད་ལས་ཀྱི་ལག་རྩལ་ལྡན་པ་ཧ་ཅང་ཉུང་བས་རེད་འདུག ལས་ཀ་མང་པོ་ཞིག་སོ་སོས་མ་འཇོན་དུས། ཕྱི་ནས་མི་མ་གླ་ཀ་མེད་རེད། ཕྱི་ནས་མི་གླ་དགོས་དུས། དཀའ་ངལ་མང་པོ་ཞིག་ཀྱང་རང་བཞིན་གྱིས་ཡོང་གི་འདུག དེས་ན། བོད་གཞིས་བྱེས་གཉིས་དང་ལྷག་པར་བྱེས་འབྱོར་གཞོན་སྐྱེས་ཚོས། ཆེད་ལས་ཀྱི་སློབ་སྦྱོང་ལ་ཤུགས་རྒྱག་དགོས་པ་དེ་ཧ་ཅང་གལ་ཆེན་རེད་འདུག
ད་ལྟ་བོད་གཞུང་གིས་བོད་རིགས་གཞོན་སྐྱེས་ཚོ་ལ། མཐོ་སློབ་ཀྱི་སློབ་ཡོན་གནང་དུས། བརྒྱ་ཆ་རྒྱས་བཅད་ལོངས་མ་ལོངས་སོགས་ཚད་གཞི་མང་བོ་ཞིག་བཟོས་འདུག་ཀྱང་། བདག་གིས་བསམས་ན་ནི། རང་གི་མི་ལ་རང་གིས་བཀག་རྒྱ་མ་བཟོས་པར། སློབ་ཡོན་གང་མང་མང་ཐབས་ཤེས་བྱས་ཏེ་གང་མང་མང་ལ་སྤྲད་དེ། གཞོན་སྐྱེས་ཚང་མར་ཆེད་ལས་ཀྱི་ཡོན་ཏན་གཉིས་གསུམ་མ་བྱུང་ཡང་རེ་རེ་འཇགས་ཐབས་ལ་ཤུགས་རྒྱག་དགོས་འདུག་དྲན། ལོ་རེ་ལ་བོད་པ་གཞོན་ནུ་ཆིག་སྟོང་ལྷག་འཛིན་གྲྭ་ ༡༢ ཐོན་པ་ལ་འདེང་ངེས་ཀྱི་སློབ་ཡོན་ནི། བཙན་བྱོལ་བོད་མིའི་གཞུང་དང་ཚོགས་པ་མང་པོ་ཡོད་པ་དེ་ཚོས་ཐབས་ཤེས་མ་ཐུབ་པ་ཅང་ཨ་ཡོད།
ཅ》 ཡུལ་འདིའི་རིག་གཞུང་གི་གནད་འགག་མང་པོ་ཞིག་ནི། དང་པོ་ནས་གསལ་པོ་མེད་པའམ། བར་ལམ་རྩ་མེད་དུ་སོང་བ་གང་ཡིན་རུང་གང་ལྟར་ད་ལྟ། ཁོ་རང་ཚོའི་རིག་གཞུང་ཟེར་དུས། སྐད་ཡིག་དང་གླུ་གཞས། ཆས་གོས། ཡུལ་སྲོལ་སོགས་ཉི་ཚེ་བ་དེ་འདྲ་ལས་ཞེ་དྲག་བསྟན་རྒྱུ་མི་འདུག རྩ་བའི་ཕར་བལྟས་པ་ཙམ་གྱིས་མི་རིགས་མི་འདྲ་བ་ཞིག་ཡིན་པ་ཤེས་ནུས་པ་དེ་ནི་གཟུགས་དབྱིབས་དང་སྐད་གཉིས་ལ་བརྟེན་ནས་བྱུང་བ་རེད། སྐད་ཡིག་གཉིས་ལས་ཡི་གེ་བཟོས་ནས་ཡུན་རིང་པོ་གང་ཡང་སོང་མི་འདུག ཁོང་ཚོ་ལ་གདོད་མའི་ཆོས་ལུགས་ཤིག་ཡོད་འདུག་ཀྱང་། དེང་སྐབས་ཡུལ་མི་བརྒྱ་ཆ་ ༩༠ བརྒལ་བ་ཡི་ཤུ་ལ་བསྒྱུར་ཚར་འདུག ཆང་རག་དང་དུག་རྫས་འཐེན་པ་སོགས་ཀྱི་གནས་ཚུལ་ཡང་ཚབས་ཆེན་པོ་རེད་འདུག
འདི་ཚོ་ལ་བསམས་ན། ང་ཚོ་བོད་པའི་གནས་ཚུལ་འདི་ལ་ཐབས་ཤེས་ཤིག་མགྱོགས་པོ་བྱེད་མ་ཐུབ་ན། ང་རང་ཚོ་ཡང་གདོད་མའི་མི་རིགས་འདི་དང་གཅིག་མཚུངས་ཆགས་ཉེན་འདུག སྐབས་དེ་དུས། རྒྱ་ནག་གཞུང་གིས་བོད་མི་རིགས་ལ་བཟོད་གསོལ་དང་འགྱོད་བཤགས་བྱས་ནའང་འདྲ། མཛད་སྒོ་ཁག་ལ་བོད་པ་ལ་ཐུགས་རྗེ་ཆེ་ཞུས་ནའང་འདྲ། དམིགས་བསལ་གྱི་མངའ་ཁུལ་དང་དམིགས་བསལ་གྱི་ཐོབ་ཐང་ག་ཚོད་སྤྲད་ནའང་། ཧ་ལམ་ཕྱི་དྲགས་པ་རེད།། །།
སྙིང་བོ་ཡོད་པའི་ཟིན་ཐོ་ཞིག་རེད་འདུག་་་་མུ་མཐུད་དུ་ཤོག་དང་གཏམ་རྒྱུད་གསེར་ཐང་འདྲ་བོ་ཞིག་ཡོང་ས་རེད།ཚང་མ་བཀླག་ཐུབ་མ་སོང་མོད།སོང་ཉིན་ཡོང་ནས་བཀླག་གི་ཡིན་་
ཕོ་མོ་གཉིས་ཀ་འདོད་ཆགས་ཆེ་ཟེར་བ་ལས། ཆེ་རབས་ཀྱི་གསལ་བཤད་གང་ཡང་གནང་མ་སོང་ཅིག་ཤོད་དང་ཡང་སྙན་པོ་ལོས་ཡོད།
ཟིན་ཐོའི་འགོ་ནས་ཧ་ཅང་བཀླགས་སྤྲོ་བོ་བྱུང་། འོན་ཀྱང་དཀྱིལ་ཙམ་ནས་ཆབ་སྲིད་ཀྱི་སྐོར་བཤད་ཀིན་འདུག ང་སྤྱིར་བཏང་ནས་ཆབ་སྲིད་ཀྱི་སྐོར་ལ་ཞེ་དྲག་དོ་སྣང་དང་དགའ་བོ་མེད་པས་ཡིན་ནམ། གང་ལྟར་གསལ་བོ་ཞིག་གོ་ཡང་མ་སོང་། འོན་ཀྱང་ཡི་གེ་གཅིག་ཀྱང་མ་ལྷག་པར་ཚང་མ་བཀླགས་ཟིན་པ་ཡིན། ཁྱེད་ཀྱིས་ཟིན་ཐོ་འདི་འདྲ་སྤེལ་བར་སྙིང་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན། ཆེད་ལས་མི་སྣ་གསོ་སྐྱོང་གི་སྐོར་ལ་ཁྱེད་ཀྱིས་རང་གཞུང་ལ་རང་གི་བསམ་ཚུལ་ཇི་བཞིན་སྙན་ཞུ་རེ་བརྒྱབ་ན་ཅི་འདྲ། འདི་བསམ་ཚུལ་ཙམ་ཡིན།
xxxxx
དོན་དག་འདུག
ངའི་དགའ་ཕྱོགས་དང་ཤིན་ཏུ་མཐུན་པའི་ཟིན་ཐོ་ཞིག་སྤེལ་འདུག ཐུགས་ཆེ་གནང་ཟེར་དགོས་རེད། ག་རེ་ཟེར་དགོས་རེད། གང་ལྟར་སྤྲོ་བོ་བྱུང་།
ངས་ཀྱང་དེ་སྔོན་རང་ཉིད་སྡོད་སའི་གནས་འདིའི་བྱུང་རབས་དང་ཡུལ་སྲོལ་གོམས་གཤིས་ལ་སོགས་པའི་ལེགས་ཆ་རྣམས་རང་རིགས་ཚོར་ངོ་སྤྲཽད་ཅིག་བྱས་ན་བསམ་ནས་ཡོད་མོད། འོན་ཀྱང་ས་འདིའི་སྐད་རིགས་ཧ་ཅང་་དམ་དྲག་པས་ཡིན་ནམ་ལོ་ངོ་གསུམ་ཙམ་རིང་ཡུལ་སྐད་ལ་སྦྱང་བ་ཙམ་བྱས་ན་ཡང་། ད་དུང་ཡང་གཞུང་ཡིག་ག་གེ་མོ་ཅིག་འབྱོར་རུང་ནང་དོན་གསལ་བོ་ཞིག་གོ་ཐུབ་པ་མི་འདུག་པས་ཡིད་ཐང་ཆད་ནས་བསྡད་ཡོད།
རྗེས་ཕྱོགས་ཡུལ་སྐད་ལ་རང་མགོ་ཨུ་ཙམ་ཐོན་སོང་ན་གཞི་ནས་ཁང་གསར་ལྟ་བུ་བཞིན་སོ་སོའི་སྡོད་གནས་ས་ཁུལ་གྱི་ཡུལ་སྲོལ་གོས་གཤིས་དང་སྲིད་ཁྲིམས་སྒྲིག་གཞི་ལ་སོགས་པ་ངོ་སྤྲོད་ཞུ་ཐུབ་པའི་་་་་་་་་།
དྲ་གྲོགས་མདོ་ལྷ་ཁམས་པ་ལགས། ཁྱོས་རང་ཉིད་སྡོད་སའི་ཡུལ་སྐད་དམ་པོ་དེ་སྦྱངས། དེ་ནས་དེའི་ཡུལ་སྲོལ་གོམས་གཤིས་སྐོར་ཟིན་ཐོར་བྲིས་ཏེ་དྲ་ཐོག་ཏུ་བཞག་དུས་ང་བཟོད་རྒྱམ་ཚེ་ཕྱི་མའི་ཡུལ་ན་ཡོད་ཀྱི་རེད་པ། ཧ་ཧ་ཧ། རྩེད་མོ་ཡིན། ཡུན་རིང་ཐུག་མ་སོང་། ས་མཐའ་འདི་ནས་སེམས་གཏམ་བཤད་ས་ཞིག་ཀྱང་མེད་ཀི་ཡ།
གྲོགས་པོ་ཁང་གསར་བ་ལགས། ལས་བྲེལ་ཆེ་ལ་ཁོམ་ལོང་མེད་པའི་བར་གསེང་གི་ཆུ་ཚོད་ཐུང་ཐུང་ཞིག་སྤྱད་དེ་ཚང་མ་བཀླགས་ཟིན། དངོས་གནས་དོན་ལྡན་གྱི་ཟིན་བྲིས་ཤིག་གྲུབ་འདུག མུ་མཐུད་དུ་འབྲི་རྒྱུའི་རེ་བ་ཆེ།
ངོ་མ་ཡག་པོ་འདུག
ཁང་གསར་གྱི་འདི་བཀླགས་རྗེས། ང་ཚོའི་བཙན་བྱོལ་གྱི་མང་གཙོ་དང་འགྲོ་སྟངས་དེ་ཚོ་སྐྱོ་བོ་མིན་པ་ཤེས་སོང་ལ། ང་རང་ཚོའི་ཞན་ཆ་ཁ་ཤས་ཀྱང་རྟོགས་སོང་། ཐུགས་རྗེ་ཆེ། མུ་མཐུད་རོགས།
མ་དྲན་དགུ་དྲན་ལ་བལྟས།།
ཅི་བྱེད་འདི་བྱེད་རང་མི་འདུག།
ཟུར་བལྟས་ལེབ་མཐོང་གི་ངང་ནས།།
འཚོ་བའི་སྣང་བརྙན་དག་རྟོགས་བྱུང་།།
ཁང་གསར་འགྲུལ་བཞུད་ཀྱི་ཁྲོད་ནས།།
དོན་ལྡན་ཟིན་ཐོ་འདི་སྤེལ་འདུག།
སྤྱི་ཚོགས་རྒྱུས་ལོན་གྱི་ཤེས་བྱས།།
རིག་པའི་བུ་ཆུང་དག་མྱོས་འདུག།
ཨ་རོ་བཟོད་རྒྱམ།
དེང་སེང་ཁྱོད་ལ་རལ་གྲི་སོ་གཉིས་མ་ཐོགས་པའི་ལེན་མཁན་དམར་པོ་ཅིག་བསུ་བར་ཡོང་ཡོད་ནི་མིན་ནམ།
ཁྱེད་ཀྱི་ཞལ་སྒོ་ནས་ཁ་སང་དེ་རིང་ལྔ་ལམ་ཡུལ་དང་གཤིན་རྗེ་ཁྲང་། ད་དུང་ཕྱི་མའི་ཚེ་་སོགས་ལྕི་གཡའ་བའི་ཚིག་རྣོན་པོ་མང་དག་ཅིག་རྒྱུན་དུ་གླེང་རྒྱུ་གོ་རྒྱུ་འདུག
དངོས་ནས་ཅིག་སྐྲག་སྐྲག་ཞིག་རེད། ག་རེ་ཡིན་ན། ཡང་མིན་ན་དེང་སྐབས་ཁྱེད་ཀྱིས་འཁོར་བ་སྡག་བསྔལ་གྱི་རྒྱ་མཚོ་བསམ་ནས་ཕྱི་མའི་བགྲོ་ལམ་གྱི་་ངེས་འབྱུང་རྣལ་མ་རང་རྒྱུ་ལ་འཁྲུངས་སོངམ་སོ་ནི་མིན་ནམ།
ཨོ། ང་ཡང་ཁྱོད་འདྲ་བར་རང་གི་ཕ་ས་ཕ་ཡུལ་བཞག་ནས་ས་མཐའ་ཡང་མཐའ་ལ་འགྲིམས་ནས་མི་རིགས་མི་འདྲ་བརྒྱ་ཕྲག་དང་། སྐད་རིགས་མི་འདྲ་སྟོང་ཕྲག་གི་དཀྱིལ་ཞིག་ལ་ལྷུང་ནས་འདུག ཡར་བལྟས་གནམ་དང་མར་བལྟས་ས་རེད།
ཡུལ་སྐད་མཁྲེགས་པོ་སྦྱངས་ནས་ལོ་གསུམ་སོང་།
ཡུལ་ཆུ་ཡུལ་ཟས་སྤྱད་ནས་ལོ་བཞི་སོང་།
ཡུལ་འདིའི་ཁྲིམས་དང་གོམས་གཤིས་ལེགས་ན་ཡང་།
ཡུལ་སྐད་ཡིད་ལ་འཇགས་པ་ཤིན་ཏུ་དཀའ།
ཡུལ་སྐད་ཡིད་ལ་མི་འཇགས་ན་ཕྱིར་ཤོག
ཕ་ཡུལ་གཅིག་པ་མང་བའི་ས་ཆ།།
ཕ་སྐད་གཙང་མ་བཤད་པའི་གནས་མཆོག །
ཕ་ཚབ་རྒྱལ་མཆོག་བཞུགས་པའི་ས་འདིར།།
ཕ་སྤུན་བརྩེ་བས་དུས་ཡུན་འདའ་ཆོག།
ཨོ་རེད། རྒན་ཁང་གསར་བའི་ཟིན་ཐོ་ཡག་པོ་དེའི་མཇུག་ཏུ་འབྲེལ་མོད་དོན་གཞན་གྱི་སྐད་ཆ་མང་པོ་མི་སྨྲ། གཞན་ཞིག་ནས་གླེང་ནའང་ཆོག
དེ་རིང་བསེ་རུ་བཟི་བསྡད་ཡོད་ས་རེད།
འདིས་ཚིགས་བཅད་བྲིས་ནོའི་ཚུགས་ཀ་ལྟོས་དང་།།
ཚུགས་ཀ་ཟེར་ན་བཟོ་ལྟ་ཟེར་བ་རེད་དཱ། འདི་ཨམ་སྐད་རེད།
ཚུགས་ཀ་ཟེར་ན་བོད་སྐད་དང་། དེའི་ནང་ནས་བརྡ་རྙིང་སྤུས་ལེགས་ཅིག་རེད། དེར་ཨམ་སྐད་གཅིག་བུའི་ཐོབ་ཐང་མིན།
བཟོད་རྒྱམ་དྲིན་ཆེན་པོ། རྗེས་མ་ནས་འདི་མོ་འདི་ཅིག་མ་ཟེར་ན་མི་ཆོག་ག
ཁང་གསར་རྒད་པོ་ལགས། ཉིད་ནས་འདི་ལྟར་བྲིས་དེ་འོང་དུས་ད་གཟོད་འུ་ཅག་གིས་ཆེད་ལས་མི་སྣ་ཞིག་བསྐྱེད་སྲུང་བྱེད་པ་ལ་ཞེ་དྲགས་འགོར་ས་མ་རེད་སྙམ་པའི་ཚོར་བ་ཞིག་སྟེར་གྱི་འདུག རྒྱུ་མཚན་སྐུ་ཉིད་ལྟ་བུའི་བོད་ཀྱི་སྤྱི་དོན་ལ་སེམས་ཤུགས་ཡོད་མཁན་དག་ལ་རང་གཞུང་ནས་ཐབས་ཤེས་ཡོད་ཚད་བཏོན་ནས་་བདག་པོ་བརྒྱབས་དེ་རང་ཁ་གསོ་བའི་གྲོས་ཁ་གོར་མོ་རྡོ་འདྲ་ཞིག་བྱེད་ཐུབ་པ་ཡིན་ན། ད་ནི་དངོས་ནས་རང་མིས་རང་ངོ་ཤེས་ནས་རང་དོན་རང་གིས་ཤུ་རེ་བྱེད་རྒྱུར་འགོར་དྲགས་མེད་ན་སྔ་མེད་པ་རེད། ཉིད་ནས་ཀྱང་འདི་ཡི་སྐོར་ལ་ཤུགས་ཆེན་གླེང་རོགས་གནོངས། དྲ་ཐོག་གི་སྤུན་་ཟླ་གཞན་དག་གིས་ཀྱང་དངོས་ནས་ད་འབད་བརྩོན་བྱེད་པར་ཡིད་ཆེས་བྱེད། ཉིད་ནས་འདི་ལྟར་འགྲུལ་བཞུད་ཀྱི་ཉམ་མྱོང་དང་སྡེབས་ནས་ཟིན་བྲིས་འདི་འདྲའི་སྐོར་མང་ཙམ་ཞིག་འབྲི་རོགས་གནོངས།
མཆན་བུ་གཉིས་པ། ཨོ་རིག་ལྟར་ན། ཡུལ་འདིའི་མི་རྣམས་ཆགས་པ་ཆེ། ཕོ་མོ་ཕན་ཚུན་ངོ་ཤེས་ཙམ་ནས་འཁྲིག་པ་སྤྲོད་པ་ལ་ང་ཚོས་ཕོ་མོ་མཉམ་དུ་ཇ་ཞིག་འཐུང་བའི་ཚོད་ཙམ་ཡིན། མཚན་རེརེ་མ་བགྲོད་ན་སང་ཉིན་ཉིན་གང་པོར་ཉོབ་སྣང་སྐྱེས་འོངས་བ་དེ་འདྲ་རེད་སོགས་བྲིས་དགོས་པ་འདྲ། ཀུ་རེ་ཡིན།
ཚོར་སྣང་དུམ་བུ་གཉིས་པར་དགའ་བསུ་ཡོད།
མི་རིགས་གཞན་ལ་མིག་དཔེ་བཟང་ས་ནས་ལྟ་དགོས་པ་གལ་ཆེན་པོ་ཡིན་པས། ང་ཚོ་གཞིས་བྱེས་བོད་རིགས་ཚོས་ཀྱང་སྤྱི་སེམས་ཡོད་མདོག་མདོག་གིས་རྒྱ་གཞུང་ལ་མཁུ་ཚུར་བསྒྲེངས། སྐད་འབོད་ཤ་སྟག་བྱས་ནས་མ་བསྡད་པར། རྒྱ་གཞུང་གི་གནད་ཡོད་མི་སྣ་དེ་ཚོར་འབྲེལ་བ་ཡག་པོ་བྱེད་ཐུབ་ན། དེ་ཡང་གནད་འགག་ཆེན་པོ་ཡིན་པ་གསལ་པོ་སྟོན་འདུག་སྙམ། འདི་ནི་གཉིས་སྨན་དབུ་མའི་ལམ་འབའ་ཞིག་ལ་བརྟེན་ནས་མ་གཏོགས་མི་སྲིད་པ་རེད་མི་འདུག་གེ ??????
xxxx
གཅན་བཟོད་ར྄ྒྱམ་ཟེར་བ་དེའི་སྐད་ཆ་ནི་ག་དུས་ཡིན་ནའང་ཚྭ་མེད་ཀྱི་ཐུག་པ་སླ་མོ་ཆུ་འདྲ་བོ་
དང་གཅིག་པ་གཅིག་རྐྱང་རེད། ཡི་གེའི་དག་སྡེབ་ཙམ་པ་མ་རེད། ད་དུང་སྐད་ཆ་མང་བ་
དཔེ་རང་རེད།
ཁང་གསར་བས་ད་ཐེངས་སྣང་བ་གང་དྲན་གྱི་ཀི་སྒྲ་བཅོས་འདུག གནས་ལུགས་ལ་བརྕི་བཀུར་གནང་བ་ཐུགས་རྗེ་ཆེ།
ཁང་གསར་གྱི་བྱང་སྣེར་མྱུལ་བའི་ཟིན་ཐོ་མ་དྲན་དགུ་དྲན་ཞེས་པ་འདི་ཧ་ཅང་སྙན་པོ་དང་བསླབ་བྱ་ཡང་གང་འཚམ་ལེན་རྒྱུ་འདུག བྱང་སྣེ་མྱུལ་བའི་མྱུལ་གོ་ཆོད་འདུག་སྙམ། འོན་ཀྱང་སྐུ་ཉིད་ལ་ཧང་སང་དགོས་པའི་དོན་གནད་ཁ་ཤས་བྱུང་ཡོད་འདུག་པ་དང༌། དེའི་ཁྲོད་ནས་ཆུ་ཚོད་༡༡ བར་ཉི་མ་མ་ནུབ་པ་བསྡད་པ་འདི་གཅིག་རེད། འོན་ཀྱང་ས་དེའི་མི་ཚོས་བོད་དང་རྒྱ་གར་བའི་ས་ཆ་དང་གནམ་གཤིས་ལ་ཧང་སང་བཞིན་འདུག ཁོང་ཚོས་ས་འདི་ཚོ་ནས་ཉི་མ་ཆུ་ཚོད་༦ ཙམ་ནས་ནུབ་ཀྱི་འདུག ཞེ་དྲག་སྔ་ཐག་ཆོད་རེད་ཅེས་ཧ་ཅང་ཧང་སང་སང་འདྲ་བྱེད་ཀྱི་འདུག དེ་འདྲ་བྱེད་དུས་མ་མཐོང་བ་ཞིག་གསར་དུ་མཐོང་དུས་མི་ཚང་མ་ཧང་སང་དགོས་ཀྱི་ཡོད་པ་འདྲ། མ་གཞི་ང་རང་ཚོའི་གཞུང་ནང་རྟོག་པའི་བཏགས་ཙམ་ཟེར་བའི་ནང་ཐམས་ཅད་འདུས་ཡོད། ཧང་སང་སང་བྱེད་དགོས་པ་རང་མ་རེད་དོ། ངས་གོ་རྒྱུ་ཆེན་པོ་ཞིག་བཤད་ཁུལ་ཡིན་གདཱའ། མ་གོ་ན་སྡུག་གྱོང་རང་ཡིན། ངས་བཤད་ཚར་ཡོད།
ལོ་ལོ་ལགས།
ཁྱེད་ཀྱི་མཆན་༤པ་དང་༡༨པ་གཉིས་ཀ་ང་ཚོས་གསུབ་ཡིན།
ཁ་བརྡའི་རྩོམ་འབྲི་བར་དོན་མེད་ྐླན་ཀ་འཚོལ་བའི་མཆན་གྱི་རིགས་ང་ཚོས་གཏན་འགོག་བྱེད་སྲིད།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
ཁ་བརྡ་ཚང་ངར་སོང་གོ
ང་ལ་སྐད་ཆ་མང་པོ་འདུག་ཟེར་ཡང་ད་དུང་ཡང་བསྐྱར་ཚིག་འགའ་བཤད་འདོད་བྱུང་། སྤྱིར་ང་ནི་ཅི་ཡང་ཤེས་མཁན་ཞིག་མིན་པ་ངས་ཀྱང་ཤེས་ཡོད། འོན་ཀྱང་མི་འགའ་ཤོས་ཀྱིས་དོན་མེད་མི་ལ་དམའ་འབེབས་དང་བསྙེ་བསྐོ་ཡི་འདུག རྒན་ཁང་གསར་འདི་ཤེས་མཁན་ཞིག་ཡིན་ན་དུས་བབ་ཟིན་བྲིས་སུ་ཡང་ཁོས་ཟིན་བྲིས་དང་རྩོམ་ཡིག་གང་འཚམ་སྤེལ་མྱོང་ལ། ཀློག་མཁན་གང་མང་གིས་དགའ་བསུ་ཡང་ཐོབ་དང་ཐིོབ་བཞིན་པ་རེད། ང་ལ་མཚོན་ན་ཐེངས་འདིའི་ལྗོངས་རྒྱུད་ཟིན་ཐོ་འདིས་ཀྱང་བློ་སྐྱེད་དང་དོགས་ཞགི་རེ་བསླངས་སོང་བས་ན། རྒན་ཁང་གསར་ལ་བསྐྱར་དུ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དྲ་གྲོགས་རེ་ཟུང་གིས་ཀྱང་རང་ཉིད་དྲ་རྩོམ་ཀློག་མཁན་ཞིག་དང་ཟིན་བྲིས་སྤེལ་མཁན། མཆན་བུ་འདེབས་མཁན་ཞིག་ཡིན་པའི་ཆ་ནས། རང་ཉིད་མི་ཞིག་སར་བཞག་ནས་མིའི་སྤྱི་བཏང་གི་ཀུན་སྤྱོད་ཙམ་ལ་བརྩི་སྲུང་བྱས་ན། རང་གིས་རང་ལ་བརྩི་སྲུང་བྱས་པ་ཡིན་པས་ན། འབྲེལ་མེད་དོན་གཞན་དང་དོན་མེད་བསྙེ་བཙལ་བའི་ཚིག་ཉུང་དུ་སྨྲ་བར་རེ་བ་ཞུས་པ་ཡིན། ད་ཉལ་གི་ཡིན།
གཅན། ཁྱེད་ཀྱི་མཆན་བུ་ཁ་ཤས་ནང་
སྤྱིར་ང་ནི་ཅི་ཡང་ཤེས་མཁན་ཞིག་མིན་པ་ངས་ཀྱང་ཤེས་ཡོད།
འདི་འདྲ་མཐོང་སོང་། འདི་ནི་ངའི་ངོར་དུས་ཚོད་གྲོན་རྫས་ཀྱི་ཚིག་གཅིག་མཐོང་གི་ཡོད། སུ་ཞིག་གིས་ཨུ་ཚུགས་ཀྱིས་ཁྱེད་མཁས་པ་རེད་ཟེར་མཁན་མིན་འདུག་པས་ངའི་མི་ཤེས། མིའཇོན་མ་ཟེར་ཨེ་གོ
ཁ་བརྡ་ཙམ་ཡིན།
སྙིང་ཉེ་ཚོས་དགོངས་འཆར་གནང་བར་ཐུགས་རྗེ་ཆེ། དུས་ཚོད་ཞེ་དྲག་མེད། དང་པོ། ཟིན་ཐོ་འདི་མཇུག་བསྒྲིལ་བའི་ཁུལ་ཡིན། འདིའི་རྗེས་ནས་འདིའི་སྐོར་མུ་མཐུད་དེ་མེད།
གཉིས་པ། འདི་ཁུལ་གྱི་མི་འདོད་ཆགས་ཆེ། ཟེར་བ་དེ། ངའི་མཐོང་ཚུལ་ཞིག་རེད། ང་སྡོད་སའི་ཁྱིམ་ཚང་དེའི་ཕ་མ་གཉིས་དང་བུ་བཅས་ཚང་མ་དགོང་མོ་ཙམ་མ་ཟད། ཉིན་མོ་ཡང་འཁྲུག་པོ་འདུག ཁྱིམ་མཚེས་རྒད་པོ་དེ་ཡང་ལོ་ན་མཐོ་ཡང་བྱ་བ་བྱེད་ཐུབ་པ་འདྲ། དེ་འདྲ་ཞིག་གི་ཐོག་ནས་བཤད་པ་ཡིན།
གསུམ་པ། ཆབ་སྲིད་ཀྱི་སྐོར་བཤད་པ་དེ་རེད། དེ་གཅན་བཟོད་རྒྱམ་གྱིས་བཤད་པ་ཏག་ཏག་རེད། ང་རང་ཡུལ་གང་དང་གང་ན་སླེབས་ཀྱང་རི་དང་ཆབ་སྲིད། འདོད་ཆགས་དེ་གསུམ་མ་གཏོགས་དོ་སྣང་ཞེ་དྲག་ཡོང་གི་མི་འདུག མི་ཁ་ཤས་ཀྱིས་ཡུལ་སོ་སོའི་རྩྭ་དང་ཤིང་། སེམས་ཅན་དེ་ཚོར་དོ་སྣང་ཞེ་དྲག་བྱེད་ཀྱི་འདུག་སྟེ། ངས་དེ་འདྲ་ཡོང་གི་མི་འདུག ད་དེ་ངའི་གཤིས་ཀ་འདྲ་བོ་རེད།
འབའ་ཐང་གི་བུའི་སྐད་ཆ་དེའི་ནང་དོན་རྟོགས་སོང་། ཧང་སངས་མ་སངས་ཀྱི་ཐུག་ས་ནི། སྐབས་མང་པོ་ཞིག་ལ་སོ་སོར་ཆ་རྒྱུས་ཡོད་མེད་ཙམ་རེད། དེ་མིན་དྲྭ་རོགས་བསེ་རུ་དང་ལྷ་ཀླུ་གཉན་གསུམ་སོགས་ཀྱིས་བྲིས་པ་ཚང་མ་བཀླགས་ཤིང་སེམས་སུ་ངེས་ཡོད།
ད་གཅིག་འགྲོ་གི་ཡིན། གྲོད་ཁོག་འདིའི་དོན་ལ་མ་སོང་ན་མི་འགྲིག་པ་རེད། དུས་ཁོམ་བྱུང་དུས་ཡོང་གི་ཡིན། དེང་སྐབས་བྲེལ་བ་ཅུང་ཟད་ཡོད། ཐུགས་རྗེ་ཆེ།
ལས་ཞོར་འགྲོ་ཞོར་ཟིན་ཐོ་ཡག་པོ་བྲིས་འདུག་། སྙན་པོ་འདུག་ཐུགས་རྗེ་ཆེ།
ངས་ཐེངསམགཉིས་ལ་བལྟས་ཟིན། ངོ་མ་ཡག་པོ་འདུག