ཁང་གསར་རྡོ་རྗེ།
དུམ་བུ་དང་པོ།
༅༅།། ཉེ་དུས་ང་རང་ཁེ་ཎ་ཌའི་གྲང་ངད་ཆེ་བའི་ས་ཁུལ་ནུ་ན་ཝུ་ཊི་(Nunavut) ལ་འགྲོ་བའི་གོ་སྐབས་ཐོབ། གོ་སྐབས་དེ་ནི་རླུང་རྟ་དང་ལས་དབང་རང་རེད། དེ་ཡང་གོང་གསལ་གྱི་ཡུལ་དང་ང་ལས་ཀ་བྱེད་སའི་སྡེ་ཚན་ཞིག་གི་བར་ཕན་ཚུན་ཉམས་མྱོང་སྤེལ་རེས་ཀྱི་བྱ་འགུལ་ལོ་ཤས་གོང་ནས་བྱུང་འདུག་ཅིང་། འདི་ལོ་ངའི་གྲོགས་པོ་ཨེ་རིག་ལགས་སོགས་འགྲོ་དགོས་ཀྱང་། གློ་བུར་ཨེ་རིག་གི་ཁྱིམ་ལ་རྐྱེན་ངན་བྱུང་བའི་ཚབ་ལ་ང་རང་བཏང་། ངའི་སེམས་ནང་གནམ་གྲུའི་གླ་ཆ་སྤྲོད་མི་དགོས་པ་དང་ས་ཆ་གསར་པ་ཡིན་པ། ཉུང་མཐར་ཡང་རི་གསར་པ་ཁ་ཤས་ལ་འཛེགས་ཐུབ་པ་ཡོང་གི་རེད་དྲན་ནས་སོང་བ་ཡིན་མ་གཏོགས་ཡུལ་དེ་ནས་ང་ལ་གོ་རྟོགས་ཆེན་པོ་ཐོབ་ཀི་རེད་བསམ་པ་མེད། ཡིན་ནའི་དངོས་སུ་ཡུལ་དེར་བསྐྱོད་རྗེས། ས་ཁུལ་དེས་ང་ལ་བོད་ཀྱི་མ་འོངས་པའི་ཐད་ལ་བསམ་བློ་མང་པོ་ཞིག་འཁོར་དུ་བཅུག་བྱུང་།
༡༽ ནུ་ན་ཝུ་ཊི་ཞེས་པའི་ཡུལ་འདི་ནི། ཁེ་ཎ་ཌའི་ནང་གི་འཛིན་སྐྱོང་མངའ་ཁུལ་རྒྱ་ཆེ་ཤོས་ཤིག་དང་གསར་ཤོས་ཤིག་རེད། རྒྱ་ཆེ་ཤོས་ཡིན་དོན་ནི། མངའ་ཁུལ་འདིས་ཁེ་ཎ་ཌའི་ས་ཁྱོན་ཡོངས་ཀྱི་བརྒྱ་ཆ་ ༢༠ འམ་ལྔ་ཆ་གཅིག་ཟིན་གྱི་ཡོད། ཁུལ་འདིའི་ས་ཁྱོན་ལ་ཀི་
ལོ་མི་ཊར་གྲུ་བཞི་མ་ 2,093,190 (sq km) ཡོད་པས། གལ་སྲིད། མངའ་ཁུལ་འདི་རང་བཙན་རྒྱལ་ཁབ་ཅིག་ཡིན་ན།
འཛམ་གླིང་གི་རྒྱལ་ཁབ་ཆེ་ཤོས་ཨང་ ༡༥ ལ་སླེབས་ཀི་རེད། འོན་ཀྱང་། མངའ་ཁུལ་འདིའི་ནང་མི་འབོར་ཧ་ཅང་གིས་ཉུང་ཉུང་རེད། སྤྱི་ལོ་ ༢༠༠༧ ལོར་མི་གྲངས་ཞིབ་བཤེར་བྱས་པ་ལྟར་ན། མངའ་ཁུལ་དེ་ལ་ཁྱོན་བསྡོམས་མི་ ༣༡༡༠༠ མ་གཏོགས་མེད་ཅེས་འཁོད་འདུག ས་ཆ་རྒྱ་ཆེན་པོ་དང་མི་འབོར་ཉུང་ཉུང་ཡིན་པ་འདི་བོད་དང་འདྲ། འོན་ཀྱང་མི་འདྲ་ས་ཆེ་ཤོས་ནི། ཡུལ་འདི་འཁྱགས་དར་གྱིས་ཁྱབ་པའི་རྒྱ་མཚོ་དང་འབྲེལ་ཡོད་པ་དེ་རེད། དེ་མིན་ཁྱད་པར་ཆེ་ཤོས་ཤིག་ནི། ཁོང་ཚོར་ང་ཚོ་བོད་པ་ནང་བཞིན་གྱི་གནའ་བོའི་ཡིག་ཐོག་ལོ་རྒྱུས་མི་འདུག ཁོང་ཅག་གི་ཡིག་ཐོག་ལོ་རྒྱུས་སྔ་ཤོས་ནི་ ༡༥༧༦ ཙམ་ནས་འགོ་ཚུགས་འདུག་ཅིང་། དེ་ཚོ་ཡང་ཡུལ་དེར་སླེབས་པའི་ནུབ་ཕྱོགས་པས་བྲིས་པ་ཤས་ཆེ།
མངའ་ཁུལ་འདི་ཁེ་ཎ་ཌའི་འཛིན་སྐྱོང་མངའ་ཁུལ་གསར་ཤོས་ཡིན་དོན་ནི། ༡༩༩༩ ལོར་ད་གཟོད་དམིགས་བསལ་རང་སྐྱོང་གི་མངའ་ཁུལ་དུ་ལོགས་སུ་དབྱེ་བ་རེད། དེའི་སྐོར་གཤམ་གྱི་དོན་ཚན་ཞིག་གི་ནང་ཞིབ་ཙམ་བཤད་ཡོད།
༢༽ ཡུལ་འདིའི་ཡུལ་མི་བྱིངས་ནི་ཨི་ནུ་ཝའེ་ཊི་(Innuit སྔོན་མ་མི་རིགས་འདིར་ཨི་སི་ཀི་མོ་ (Eskimo)ཡང་ཟེར།)ཞེས་པའི་གདོད་མའི་མི་རིགས་རེད། མི་རིགས་འདིའི་གདོང་དབྱིབས་དང་ གཤིས་ཀ་སོགས་བོད་རིགས་དང་ཅུང་ཟད་འདྲ་བོ་འདུག ང་ཡུལ་འདིར་སླེབས་རྗེས་ཟ་ཁང་སོགས་ལ་འགྲོ་སྐབས། ཡུལ་མི་ཚོས་ང་རང་གདོད་མའི་མི་རིགས་ཡིན་ཤག་གིས་གཏམ་གླེང་བྱེད་ཀི་འདུག ཐེངས་ཤིག་རྒྱང་རིང་ནས་སྟོད་མངའ་རིས་ཁུལ་གྱི་གླུ་གཞས་འདྲ་བོ་ཞིག་གོ་བས། མྱུར་དུ་སོང་ནས་བལྟ་སྐབས། གདོད་མའི་མི་རིགས་ཁག་ཅིག་མཉམ་དུ་འཛོམས་ནས་སྒོར་གཞས་འདྲ་བོ་ཞིག་འཁྲབས་ཀི་འདུག འོན་ཀྱང་སྡོད་ཡུན་ཐུང་བས་སྐད་སོགས་ལ་འདྲ་བའི་ཆ་ཡོད་མེད་བརྟག་དཔྱད་མ་ཐུབ།
ལོ་རྒྱུས་སྨྲ་བ་ཚོ་ལྟར་ན། ལོ་ ༥༠༠༠ ལྷག་གི་གོང་དུ་མི་འདི་དག་ཨེ་ཤ་ཡ་ནས་ས་ཁུལ་འདིར་ཡོང་སྟེ། རི་དྭགས་དང་ཉ་ཆེན་ཝལ་སོགས་བརྔོན་གྱིན་འཚོ་བར་བཤད་པས། བོད་དང་འབྲེལ་བ་ཡོད་སྲིད། ༡༥༧༦ ཙམ་ནས་ཡུ་རོབ་ཀྱི་གསེར་གཏེར་འཚོལ་མཁན་དང་ས་ཆ་གསར་པ་འཚོལ་ཞིབ་བྱེད་མཁན། ཉ་ཆེན་ཝལ་རྔོན་མཁན་སོགས་ཡོ་རོབ་པ་མང་ཙམ་སླེབས་ཀྱང་ཡུལ་མིའི་རིག་གཞུང་ལ་གནོད་པའི་ལས་མ་བྱས། ༡༦༨༠ ནས་ཙམ་ནས་ཡུལ་འདི་དབྱིན་ཇིའི་མངའ་འོག་ཏུ་གྱུར། ༡༨༧༠ ལོར་ཁེ་ཎ་ཌས་དབྱིན་ཇིའི་ལག་ནས་ཡུལ་འདི་ཉོས་པ་རེད་ཟེར། སྐབས་དེར་ཉ་ཆེན་ཝལ་རྔོན་མཁན་མ་གཏོགས་མི་རིགས་དཀར་པོ་གནས་སྤོས་བྱས་པ་མེད་པ་འདྲ། འོན་ཀྱང་དུས་དེར་ཡུ་རོབ་པ་སླེབས་པ་ལ་བརྟེན་ནས་ནད་རིགས་གསར་པ་ཁྱབ་སྟེ་གདོད་མའི་མི་རིགས་མང་པོར་འཆི་སྐྱོན་བྱུང་།
དུས་རབས་ཉི་ཤུ་པའི་འགོ་སྟོད་དུ། ཉ་སྣུམ་གྱི་ཚབ་ཏུ་རྡོ་སྣུམ་ཐོན་པར་བརྟེན་ཡུལ་འདིའི་འཚོ་ཐབས་ལ་སྐྱོན་ཆགས། དེར་བརྟེན་ཡུལ་མི་ཚོས་སྲམ་དང་ཝ་དཀར་པོ་སོགས་བརྔོན་ཏེ་པགས་རིགས་ཀྱི་ཚོང་བརྒྱབ། དུས་མཚམས་དེ་ལ་ཡུལ་འདིར་ཡི་ཤུའི་ཆོས་སྤེལ་མཁན་མང་པོ་སླེབས། ཁོང་ཚོས་ཡུལ་འདིའི་ཕ་མ་དང་བྱིས་པ་ཁ་འཕྲལ་ཏེ། བྱིས་པར་ནུབ་ཕྱོགས་པའི་སྐད་དང་སྲོལ་ལུགས་བཙན་ཤེད་ཀྱིས་བསླབས། ཐབས་སྣ་ཚོགས་ཀྱིས་ཡུལ་མི་རྣམས་ཡི་ཤུའི་ཆོས་ལུགས་སུ་བསྒྱུར། ཁོང་ཚོའི་ས་ཆ་མང་པོ་བཙན་འཕྲོག་དང་། རང་གནས་ལ་སྡོད་མ་བཅུག་པར་གནས་གཞན་ལ་བཙན་ཤེད་ཀྱིས་སྤོ་བ། རང་གི་སྐད་ཡིག་བེད་སྤྱོད་མི་ཆོག་པ་སོགས་བྱས། བྱ་བ་ངན་པ་འདི་དག་ལ་ཁེ་ཎ་ཌའི་གཞུང་རང་གིས་ཀྱང་རྒྱབ་སྐྱོར་ཤུགས་ཆེན་པོ་བྱས་པས། རང་རེ་བོད་ལ་དཀའ་ངལ་འཕྲད་པ་འདྲ་བོ་ཞིག་ཁོང་ཚོར་ཡང་འཕྲད་འདུག ལྷག་པར་འཛམ་གླིང་དམག་ཆེན་གཉིས་པ་དང་གྲང་དམག་གི་སྐབས་སུ། ཡུལ་འདི་དབྱིན་ཇི་དང་ཨ་རིའི་དམག་དོན་ས་གནས་གལ་ཆེན་དུ་བསྒྱུར་བར་བརྟེན། ཡུལ་མི་མང་པོ་གནས་སྤོ་རུ་བཅུག་པས། ཡུལ་གསར་པ་ནས་འཚོ་བ་མ་རྙེད་པར་ལྟོགས་གྲིར་ཤི་བའང་མང་པོ་བྱུང་འདུག མི་རིགས་ཀྱི་ཡུལ་སྲོལ་དང་སྐད་ཡིག་ལ་ཚད་ལས་འདས་པའི་བཙན་གནོན་བྱས་པར་ གདོད་མའི་མི་རིགས་ཚང་མས་ཡུན་རིང་ངོ་རྒོལ་བྱས་པའི་མཐར་རུ། ༡༩༦༩ ལོར་ཡི་ཤུས་བཙུགས་པའི་སློབ་གྲྭ་དེ་ཚོ་སྒོ་རྒྱག་དགོས་བྱུང་།
འོན་ཀྱང་ཡུན་རིང་མི་རིགས་སིམ་ཡལ་དང་གཞན་བསྒྱུར་གྱི་སྲིད་ཇུས་སྤེལ་བར་བརྟེན། (སྲིད་ཇུས་ངན་པ་དེ་ཡུལ་འདིའི་གདོད་མའི་མི་རིགས་ཙམ་མ་ཟད། ཁེ་ཎ་ཌའི་ཡུལ་གཞན་གྱི་གདོད་མའི་མི་སྡེ་ ༦༥༠ ལྷག་ཡོད་པ་དེ་ཚོའི་ཐོག་ལའང་ལག་བསྟར་བྱས་འདུག)གདོད་མའི་མི་རིགས་ཀྱི་རིག་གཞུང་དང་འཚོ་བ་སྐྱེལ་སྟངས། སྤྱི་ཚོགས་ལམ་ལུགས་སོགས་ལ་ཚབས་ཆེའི་ཉམས་རྒུད་དང་། ཁེ་ཎ་ཌའི་མི་རིགས་དཀར་པོ་དང་གདོད་མའི་མི་རིོགས་བར་གྱི་འབྲེལ་བར་སྐྱོན་ཆེན་པོ་ཆགས།
ལྷག་པར་དུ་གདོད་མའི་མི་རིགས་ཀྱི་འཚོ་བ་དང་འཕྲོད་བསྟེན། ཚེ་ཚད། ལས་ཀའི་གོ་སྐབས་སོགས་ཁེ་ཎ་ཌའི་ཡུལ་མི་བྱིངས་དང་བསྡུར་ན། ཧ་ཅང་གིས་ཚད་དམའ་བར་གྱུར་ཅིང་། དེ་བཞིན་ཆང་རག་དང་དུག་རྫས་སྤྱོད་མཁན། ཁྲིམས་འགལ་བྱེད་མཁན་གདོད་མའི་མི་རིགས་ནང་ཧ་ཅང་གིས་འཕེལ་ཆེ་བས་རྐྱེན་བྱས་ཏེ་གཞུང་དང་སྤྱི་ཚོགས་ལ་དཀའ་ངལ་ཆེན་པོ་བཟོས།
དེར་བརྟེན་ Royal Commission on Aboriginal Peoples ཟེར་བ་ཞིག་གིས་གདོད་མའི་མི་རིགས་ཀྱི་དཀའ་ངལ་ལ་ཞིབ་འཇུག་བྱས་ཏེ་སྙན་ཐོ་ The High Arctic Relocation: A Report on the 1953-55 Relocation.ཟེར་བ་ཞིག་སྤྱི་ལོ་ ༡༩༩༦ ལོར་བཏོན་འདུག སྙན་ཐོའི་ནང་དོན་ལྟར་གནོད་འཚེ་ཕོག་པའི་མི་གསོན་པོར་གནས་པ་ཚོ་དང་འདས་པོའི་ནང་མི་ཚོ་ལ་སྲིད་གཞུང་གིས་གུན་གསབ་སྤྲད་འདུག་ཀྱང་། ༡༩༩༨ ཟླ་ ༡ ཚེས་ ༧ ཉིན་བར་གཞུང་གི་བྱས་ཉེས་ལ་གཞུང་འབྲེལ་འགྱོད་བཤགས་དང་དགོངས་སེལ་ཞུས་མི་འདུག ༡༩༩༨ ལོར་འགྱོད་བཤག་དང་དགོངས་སེལ་ཞུས་པ་མ་ཟད་གཞུང་དང་གདོད་མའི་མི་རིགས་ཀྱི་འབྲེལ་བ་བཟང་དུ་གཏོང་ཐབས་སུ་དམིགས་བསལ་སྲིད་ཇུས་མང་པོ་ཞིག་བཟ
ུང་འདུག
སྤྱི་ལོ་ ༡༩༩༠ ཡན་གྱི་གནས་སྟངས་ལ་ཞིབ་འཇུག་བྱས་ན། ས་ཆ་གང་ཡག་ཡག་དང་གང་སྐྱིད་སྐྱིད་རྣམས་མི་རིགས་དཀར་པོས་བཟུང་བ་འདྲ་ཞིག་དང་། གདོད་མའི་མི་རིགས་གནས་ས་མང་ཆེ་བ་ས་བབས་དང་འགྲིམས་འགྲུལ། ཆ་རྐྱེན་སོགས་སྒོ་ཀུན་ནས་མི་བཟང་ས་ཡིན་པ་ལྟ་བུ་ཞིག་འདུག
འོན་ཀྱང་དེང་སྐབས་ནི། ཁེ་ཎ་ཌའི་གཞུང་གི་མཛད་སྒོ་ཁག་གི་ཐོག་མར། གདོད་མའི་མི་རིགས་ལ་གུས་འདུད་དང་ས་འདིར་གནས་ཆགས་བཅུག་པར་བཀའ་དྲིན་ཆེ་ཞེས་ཞུ་བར་མ་ཟད། འཁྲབ་སྟོན་ལྟ་བུ་ཡིན་ན། ཐོག་མར་གདོད་མའི་མི་རིགས་ཚོར་འཁྲབ་བཅུག་གི་འདུག ང་བོད་ནས་ཡོང་བ་ཞིག་གིས་མི་རིགས་ཆེན་པོས་གྲངས་ཉུང་མི་རིགས་ལ་དེ་འདྲའི་གཙིགས་ཆེན་བྱེད་པ་མཐོང་སྐབས། ཡིད་སྨོན་གྱི་འདུག་སྟེ། འདི་གའི་གདོད་མའི་མི་རིགས་ཚོས། དེ་ནི་ཡིན་ཤག་ཤག་ཏུ་བརྩི་བ་མ་གཏོགས་དམིགས་བསལ་གྱིས་དགའ་ཚོར་བྱེད་ཀི་མི་འདུག འདི་ཡན་ལོ་རྒྱུས་ཀྱི་སྐོར་གང་ཤེས་ཞུས་ཁུལ་ཡིན།
༣༽ ཡུལ་འདིའི་གདོད་མའི་མི་ཚོས་ ༡༩༦༠ རེ་གྲངས་ནས་ནུས་པ་གཅིག་ཏུ་བསྒྲིལ་ཏེ༌རང་ས་རང་བདག་དགོས་པའི་འཐབ་རྩོད་བྱས་བྱས་པའི་མཐར། ༡༩༧༦ ལོར་གདོད་མའི་མི་རིགས་ཀྱི་སྐུ་ཚབ་དང་སྲིད་གཞུང་དབར་གདོད་མའི་མི་རིགས་མངའ་ཁུལ་ཞིག་ལོགས་སུ་དབྱེ་རྒྱུའི་སྐད་ཅ་གླེང་སློང་བྱུང་། ༡༩༨༢ ཟླ་ ༤ ཚེས་ ༡༧ ཁུལ་དེའི་ཡུལ་མི་ཡོངས་རྫོགས་ལ་ས་ཁོངས་ལོགས་སུ་དབྱེ་རྒྱུར་འདོད་མོས་ཡོད་མེད་མང་མོས་འོས་བསྡུ་བྱས་པར། མི་མང་ཆེ་བས་འདོད་མོས་ཡོད་ཅེས་མོས་ཤོག་འཕངས་འདུག དེ་ནས་རང་ས་རང་བདག་གི་གྲོས་མཐུན་འཆར་གཞི་ ༡༩༩༢ ལོར་བཟོས་པ་དེར་ཁུལ་དེའི་གདོད་མའི་མི་རིགས་བརྒྱ་ཆ་ ༨༥ ལྷག་གིས་མོས་མཐུན་ཐོབ་ཅིང་ ༡༩༩༣ ལོར་ནོ་ན་ཝུ་ཊིའི་རང་ས་རང་བདག་གི་གྲོས་མཐུན་ཁྲིམས་ཡིག་དེ་ཁེ་ཎ་ཌའི་གྲོས་ཚོགས་ཀྱིས་གཏན་འབེབས་བྱས་པར་བརྟེན། དམིགས་བསལ་རང་སྐྱོང་མངའ་ཁུལ་འཛུགས་པའི་བར་བརྒལ་གྱི་དུས་ཚོད་ཤར་བ་དང་། ༡༩༩༩ ཟླ་ ༤ ཚེས་ ༡ ཉིན་དངོས་སུ་རང་སྐྱོང་མངའ་ཁུལ་དེ་ལོགས་སུ་བཙུགས་ཐུབ་འདུག
འདི་བཙུགས་པའི་བརྒྱུད་རིམ་ལ་བསམ་བློ་བཏང་ན། འཐབ་རྩོད་ཧ་ལས་པའི་དཀའ་ལས་ཁག་པོ་མང་པོ་བྱེད་དགོས་བྱུང་མི་འདུག་ལ། མི་སྲོག་འགྲོ་དགོས་པའི་ཉེན་ཁ་ཆེན་པོ་དེ་འདྲ་ཡང་འཕྲད་མི་འདུག གཙོ་བོ་ཁོང་ཚོས་གྲོས་ཚོགས་འཐུས་མི་ཚོ་དང་ཁྲིམས་རྩོད་པ། ཤེས་ཡོན་ཅན་སོགས་ལ་འབྲེལ་བ་ཡག་པོ་བྱས་འདུག ལྷག་པར་དུ་ཨ་རི་སོགས་ལ་མི་རིགས་དབྱེ་འབྱེད་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེན་པོ་བྱུང་བའི་ཤུགས་རྐྱེན་གྱིས་ཁེ་ཎ་ཌའི་མི་རིགས་དཀར་པོ་མང་ཆེ་བས་ཀྱང་གདོད་མའི་མི་རིགས་ཀྱི་རིག་གཞུང་སོགས་ལ་རིམ་པས་བརྩི་བཀུར་བྱས་འདུག
ང་སྡོད་སའི་ཁྱིམ་མཚེས་དེ་ལ། རྒད་པོ་སེམས་པ་གུ་ཡངས་པོ་ཞིག་འདུག ངས་ཁོང་ལ། ཁྱོད་ཚོར་རང་ས་རང་བདག་གང་འདྲ་ཟེ་བྱུང་བ་རེད། དཀའ་ངལ་མང་པོ་བྱུང་ཡོད་ཀི་རེད་ཅེས་ལབ་དུས། རྒད་པོ་དེས། གདོང་ལ་སྙིང་ཚིམ་ཚིམ་འདྲ་བྱེད་བཞིན་དུ། ང་ཚོས་སྤྱོད་ལོག་ཤ་སྟག་བྱས་པ་ཡིན། དཔེར་ན། གཞུང་གིས་ང་ཚོར་གློག་མ་འཁྲིད་ན། ང་ཚོར་གློག་ཙམ་ཡང་མེད་ཅེས་རྙོག་དྲ་བཤད། གློག་འཁྲིད་དེ་གློག་རིན་འཕབ་སྐབས། ང་ཚོས། ང་ཚོའི་ས་ཆའི་སྒང་ལ་ཁྱོད་ཚོས་ང་ཚོར་སྐད་ཆ་ཙམ་ཡང་མ་དྲིས་པར་གློག་ཤིང་དང་གློག་སྐུད་འཐེན་པར་ས་རིན་འདི་ཙམ་ཐོབ་པ་རེད་ཅེས། གློག་རིན་ལས་ཆེ་ཙམ་གྱི་ཌོག་ལར་ཕབ་ཀི་ཡོད་ཟེར། སྤོ་བོ་དེ་ལ་དེ་འདྲ་མང་པོ་ཞིག་བཤད་རྒྱུ་འདུག ད་དུང་ཡང་དེ་འདྲའི་རྙོག་དྲ་ཏོག་ཙམ་ཡོད་ས་རེད།
༤༽ ང་རང་ཧང་སངས་ཤོས་ནི། མངའ་ཁུལ་འདིའི་སྲིད་གཞུང་དེ་ ༡༩༩༩ ལོར་གསར་དུ་བཙུགས་པ་དང་། སྲིད་གཞུང་གི་འགྲོ་སྟངས་ལ་བལྟས་ན། སྐབས་དེ་དུས་ཀྱི་ང་རང་ཚོ་བཙན་བྱོལ་བོད་གཞུང་ལ་དཔེ་བླངས་ནས་བཟོས་པ་འདྲ་བོ་ཞིག་འདུག དཔེར་ན། ང་རང་ཚོའི་བཀའ་བློན་ཁྲིོ་པའི་ཚོད་ཀྱི་ཁོང་ཚོར་སྲིད་བློན་ཟེར་བ་ཞིག་འདུག་པ་དེ། གྲོས་ཚོགས་ཀྱིས་བདམས་ཀི་འདུག སྲིད་བློན་དེའི་ཕྱག་རོགས་བློན་ཆེན་བདུན་འདུག་པ་དེ་ཡང་གྲོས་ཚོགས་ཀྱིས་བདམས་ཀི་འདུག གྲོས་ཚོགས་ཁོ་རང་ནི། ང་ཚོའི་ཆོལ་ཁའི་སྤྱི་འཐུས་དང་འདྲ་བོ་རེད། ངས་ཉེ་ཆར། ང་ཚོ་བཙན་བྱོལ་གྱི་དམངས་གཙོའི་ལམ་ལུགས་ནང་། སྲིད་དོན་ཚོགས་པ་མེད་པ་དེ་སྐྱོན་ཆེན་པོ་ཡིན་ཚུལ་མང་པོ་བྲིས་པ་ཡིན། རོགས་པ་ཚོ་དང་ཡང་རྩོད་པ་མང་པོ་བརྒྱབ་ཡིན། འཇམ་དབྱངས་ནོར་བུས་ཀྱང་དེའི་སྐོར་གཅིག་དབྱིན་ཇིའི་ནང་བྲིས་ཡོད་རེད། དུས་བབ་རྩོམ་སྒྲིག་པ་ལུང་རིགས་རྒྱལ་ལགས་ཀྱིས་ཕྱོགས་ཙམ་ཞིག་གླེང་སོང་དྲན། ང་འདིར་སླེབས་པ་ནི། ཏག་ཏག་དྲི་བ་དེ་ལ་ཡང་བསྐྱར་བསམ་བློ་གཏོང་དུ་བཅུག་པ་འདྲ་བོ་ཆགས་སོང་། གང་ཡིན་ཟེར་ན། ཡུལ་འདི་ལ་ཡང་སྲིད་དོན་ཚོགས་པ་མི་འདུག གྲོས་ཚོགས་ནང་སྤྱི་འཐུས་ ༡༩ ཡོད་པ་རྣམས་གཙོ་བོ་ས་ཁུལ་སོ་སོས་བདམས་ཀི་འདུག སྤྱི་འཐུས་རེ་ཟུང་ཞིག་གི་ཡོང་སྟངས་རྙོག་དྲ་ཚ་བོ་འདུག་པས་ངས་ད་དུང་ཡག་པོ་ཞིག་མགོ་ཚོས་མ་སོང་། འོན་ཀྱང་རང་ཅག་གི་ཐད་བསྐོས་སྤྱི་འཐུས་དང་ཆོས་ལུགས་སྤྱི་འཐུས་ཟེར་བ་དང་མི་གཅིག་ལ་འོས་ཤོག་གཉིས་འཕེན་པའི་ཐོབ་ཐང་ཡོད་པ་དེ་འདྲ་རྩ་བ་ནས་མི་འདུག སྤྱི་འཐུས་སྐབས་རེའི་དུས་ཡུན་ལོ་ ༥ རེད། ལོ་རེར་ཉུང་མཐར་གྲོས་ཚོགས་ཐེངས་གཅིག་རེ་འཚོགས་དགོས་འདུག
ངས་ཁྱོད་ཚོར་སྲིད་དོན་ཚོགས་པ་མེད་པ་དེ་ལ་སྐྱོན་མི་འདུག་གམ་ཞེས་མི་ཁ་ཤས་ལ་སྐད་ཆ་དྲིས་པ་ཡིན། ཚང་མས་ང་ཚོིའི་མི་འབོར་ཉུང་ཉུང་དང་ས་ཆ་རྒྱ་ཆེན་པོ་ཡིན་པས་སྲིད་དོན་ཚོགས་པ་བཟོས་ན་སྤྱི་ཚོགས་ནང་རྙོག་དྲ་མང་རོགས་མ་གཏོགས་ཡོད་མ་རེད་ཟེར་ལབ་ཤག་ཤག་རེད། ད་དུང་མི་གཅིག་གིས། ང་ཚོའི་རིག་གཞུང་གི་སྙིང་པོ་དེ། ཡུལ་སྡེ་ཚང་མ་སྐྱིད་སྡུག་མཉམ་མྱོང་བྱེད་རྒྱུ་དེ་རེད། ཚང་མའི་སེམས་ནང་ཐུན་མོང་ཞེས་པའི་མིང་ཚིག་དེ་བརྟན་པོ་ཞེ་དྲག་གནས་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་སྲིད་དོན་ཚོགས་པ་བཟོས་ན། ནང་ཁུལ་ཁ་བྲལ་དང་སོ་སོའི་རིག་གཞུང་འཕྲོ་བརླག་ག
ཏོང་བ་རེད་ཟེར་གྱི་འདུག དངོས་ཡོད་གནས་ཚུལ་ལ་བལྟས་པ་ཡིན་ནའང་། ཁོ་རང་ཚོའི་ལུང་པ་ཡར་རྒྱས་འགྲོ་མ་འགྲོ་དེ་སྲིད་དོན་ཚོགས་པ་བཙུགས་མ་བཙུགས་ལ་འབྲེལ་བ་ཅང་མི་འདུག ང་རང་ཚོ་བོད་པས་ཀྱང་དེ་ཚོ་ལ་བསམ་བློ་གཏོང་རྒྱུ་འདུག
ཁོ་རང་ཚོ་ལ་ཁྲིམས་ཁང་ཡང་འདུག་པ་དེས། སྤྱི་ཚོགས་ཀྱི་རྩོད་རྙོག་དང་ནག་ཉེས་ཀྱི་གྱོད་གཞི་གཉིས་ཀ་ཐག་གཅོད་བྱེད་ཀི་འདུག གྲོང་སྡེ་ཆེ་བ་ཚང་མའི་ནང་ཁྲིམས་ཁང་གི་ཡན་ལག་འདུག ཁྲིམས་དཔོན་དེ་ཚོས་སྐོར་སྐྱོད་བྱས་ཏེ་ཁྲིམས་ཐག་གཅད་ཀི་རེད་ཟེར།
ས་གནས་ཁྲིམས་ཁང་གི་ལས་བྱེད་ཡིན་ཟེར་མཁན་གཞོན་ནུ་ཞིག་དང་ཐུག་བྱུང་། ངས་ཁོང་ལ། ཁྱོད་ཚོའི་ས་གནས་འདི་ལ་ཁྲིམས་འགལ་གྱི་བྱ་བ་ཡོང་བའི་རྐྱེན་རྩ་གཙོ་བོ་ག་རེ་རེད་ཅེས་དྲིས་པ་ཡིན། ཁོང་གིས་བསམ་བློ་ཙམ་ཡང་མ་བཏང་བར། ཨ་རག་རེད་ཟེར་གྱི་འདུག ཨ་རག་ཚོད་མེད་བཏུང་ནས་འཁྲུག་པ་བརྒྱབ་པ་དང་མི་བསད་པ། མེ་ཤོར་བ་སོགས་ཀྱི་གནས་ཚུལ་མང་པོ་འདུག ཨ་རག་ཚོད་མེད་བཏུང་གི་ཡོད་པ་དེའི་ངན་ཁག་ཚང་མ་མི་རིགས་དཀར་པོ་ལ་འགེལ་ཤག་ཤག་རེད། སྤྱིར་བཏང་བོད་ནང་ལའང་བོད་པ་ཚོས་གང་ཅིའི་ཐད་ནས་རྒྱ་མིའི་ཁ་གཏད་མ་ཆོག སེམས་པ་མ་སྐྱིད་པ་ཆགས་ཏེ། ཆང་རག་ཚོད་མེད་འཐུང་གི་ཡོད་རེད། འདི་ལའང་དང་པོ་མི་རིགས་དཀར་པོ་ཚོ་ལ་ཁ་གཏད་གཅོག་མ་ཐུབ། སེམས་མ་སྐྱིད་ནས་དེ་འདྲ་བཏུང་པ་འདྲ། ཡིན་ནའི་ཨ་རག་དང་གནམ་གཤིས་འབྲེལ་བ་འདུག གནམ་གཤིས་གྲང་ས་ན། ཨ་རག་བཏུང་ན་དྲོད་སྐྱེ་གི་རེད། བོད་ཀྱི་གནམ་གཤིས་གྲང་ས་མངའ་རིས་ཕྱོགས་ཀྱི་ལས་བྱེད་པ་མང་ཆེ་བའི་མཆིན་པ་འཕྲོ་བརླག་འགྲོ་གི་ཡོད་པ་དེ། གནམ་གཤིས་གྲང་བས་ཨ་རག་བཏུང་སྟེ་བྱུང་བ་ཞིག་རེད། ཡ་སྐད་ཆ་འཕྲོས་འགྲོ་གི་འདུག ད་དོན་དག་རང་གི་སྒང་ལ་བཤད་ཀི་ཡིན།
གང་ལྟར་མངའ་ཁུལ་གྱི་སྲིད་གཞུང་འདི་ལ། ཞིང་ཆེན་སྲིད་གཞུང་དང་འདྲ་བའི་དབང་ཆ་ཡོད་རེད་ཟེར། དེ་ཡང་བསྡུས་ན། ཁུལ་དེའི་མང་ཚོགས་ཀྱི་འཕྲོད་བསྟེན་དང་སྡོད་ཁང་། རྒྱུན་སྲིང་ཐུབ་པའི་འབྱུང་ཁུངས། སྤྱི་ཚོགས་ཞབས་ཞུ།
སྐད་ཡིག་རིག་གཞུང་བཅས་ཀྱི་ཐད་ལ་ཐག་གཅོད་བྱས་ཆོག་པའི་དབང་ཆ་འདུག དེ་མིན་དམག་དཔུང་དང་། ཁྲལ་བསྡུ། ཕྱི་འབྲེལ་གྱི་དབང་ཆ་བཅས་ས་གནས་ལ་མི་འདུག རྒྱུན་སྲིང་མི་ཐུབ་པའི་འབྱུང་ཁུངས་དཔེར་ན། གཏེར་ཁ་བསྔོགས་འདོན་གྱི་དབང་ཆ་ས་གནས་གཞུང་ལ་སྤྲད་འོས་ད
ང་མ་འོས་སྐོར་ལ། ད་ལྟ་རྩོད་པ་ལངས་བཞིན་པའི་སྒང་རེད། ཕར་ཙམ་ཐག་ཆོད་ས་མ་རེད། གཙོ་བོ་དེའི་ཁེ་བཟང་བགོ་བཤའ་རྒྱག་སྟངས་ལ་རྙོག་དྲ་ཞེ་དྲག་འདུག
དཔལ་འབྱོར་གྱི་ཐད་ནས་བཤད་ན། རང་སྐྱ་འཕེར་བ་ཞིག་མི་འདུག ལོ་ལྟར་ཁུལ་འདིའི་གཞུང་གི་འགྲོ་སོང་གི་བརྒྱ་ཆ་ ༩༥ ཁེ་ཎ་ཌའི་གཞུང་གིས་གནང་གི་འདུག དངུལ་དེ་མེད་ན། ས་གནས་སྲིད་གཞུང་གིས་རང་གི་ས་ཁུལ་མི་མང་ལ་ལྟ་རྟོགས་ཐུབ་ཐབས་མི་འདུག ངས་ཁུལ་འདིའི་མི་ཁ་ཤས་ལ་སྐད་ཆ་དྲིས་པ་ཡིན། གནས་ཚུལ་འདི་གང་འདྲ་ཟེ་བྱུང་བ་རེད། ལོ་ལྟར་དངུལ་མང་པོ་དེ་ཙམ་གནང་དུས་ཁེ་ཎ་ཌའི་རྒྱལ་ཁབ་དེ་དངོས་གནས་ཁྱོད་ཚོར་དྲིན་ཆེན་པོ་རེད་འདུག་ཅེས་བཤད་དུས། ཁོང་ཚོས། ཁྲལ་ཚང་མ་ཁེ་ཎ་ཌའི་སྲིད་གཞུང་གིས་བསྡུ་བ་མ་གཏོགས་མངའ་ཁུལ་གྱི་གཞུང་ལ་བསྡུ་བའི་དབང་ཆ་མེད་དུས། ང་ཚོའི་མངའ་ཁུལ་གྱི་གཞུང་ལ་དངུལ་ག་ནས་ཡོང་གི་རེད། ད་དུང་གཏེར་ཁ་བཏོན་པའི་ཡོང་འབབ་ཚང་མ་ང་ཚོར་རག་གི་མེད་ཟེར་གྱི་འདུག དེ་རྒྱུ་མཚན་གཅིག་རེད་དེ། སྤྱིར་བཏང་ང་རང་གི་ལྟ་སྟངས་བྱས་ན། ས་ཁུལ་འདི་ཚོར་ང་ཚོ་བོད་ནང་བཞིན་གྱི་ཐོན་ཁུངས་ཞེ་དྲག་མི་འདུག སྣུམ་དང་གསེར་སོགས་ཀྱི་གཏེར་ཁ་ཡོད་པ་དེ་ཚོ་འདོན་པར་འགྲོ་སོང་ཧ་ཅང་ཆེན་པོ་ཡིན་ས་རེད། ཚོང་ལས་ཀྱང་དེ་ཙམ་དར་པོ་མ་རེད། སྔོན་མ་པགས་རིགས་ཀྱི་ཚོང་ཤིན་ཏུ་དར་ཡང་། བར་ལམ་དུད་འགྲོའི་རང་དབང་དང་སྲུང་སྐྱོབས་སོགས་ཀྱི་འབོད་སྒྲ་གང་སར་ཁྱབ་དུས། པགས་ཚོང་དེ་ཡང་ཉམས་ནས་གང་མིན་ཚད་ཆགས་འདུག གང་ལྟར། ངས་བལྟས་ན། ཁེ་ཎ་ཌའི་གཞུང་གིས་ཁོང་ཚོར་ཞེ་དྲག་ཡག་པོ་བྱས་འདུག རྒྱ་མིས་བོད་རིགས་ལ་དེའི་བརྒྱ་ཆ་ ༥༠ ཙམ་ཞིག་བྱེད་རོགས་བྱས་ནའང་བོད་པའི་རྙོག་དྲ་དེ་ཆུང་ཆུང་ཆགས་ས་རེད།
གདོད་མའི་མི་རིགས་ཀྱི་གཞོན་སྐྱེས་ཁ་ཤས་ཀྱིས། ཁུལ་འདིར་དཔལ་འབྱོར་འཕེལ་རྒྱས་བཏང་བ་དང་མཉམ་དུ་དཔལ་འབྱོར་གྱི་དབང་ཆ་ཚང་མ་རང་གི་ལག་ཏུ་མ་ཐོབ་ན། དོན་ངོ་མའི་དབང་ཆ་མེད་པ་དང་ཆ་རེད་ཟེར།
པར་དང་པོ་དེ། རྡོ་ཡི་ཐོ་རེད། ཡུལ་འདིའི་དར་ཆའི་ངོས་ལའང་ཐོ་ཞིག་བཀོད་འདུག
པར་གཉིས་པ། འཁྱགས་མཚོའི་སྒང་ནས་འཁྱག་རོམ་ལ་བལྟ་བ་རེད།
པར་གསུམ་པ། གདོད་མའི་མི་རིགས་ཀྱི་ཁོངས་ནས་བུད་མེད་ཀྱི་འདྲ་པར་ཡིན། པར་རྙིང་ཙམ་རེད། ཆས་གོས་སོགས་ལ་བལྟས་ན། བོད་བྱང་ཐང་གི་ཧོར་མོ་འདྲ་ཙམ་འདུག
༼འདིའི་རྗེས་ཀི་དུམ་བུ་རྣམས་གང་མགྱོགས་གློག་ཀླད་དུ་བཅུག་ནས་འདིར་འཇོག་ཐབས་ཞུ་གི་ཡིན། ཕྲན་གྱི་གློག་ཀླད་ལ་ནད་ཅིག་བྱུང་སྟེ་བཤག་བཅོས་བྱེད་དགོས་བྱུང་སོང་། རོགས་པའི་གློག་ཀླད་ཁོམ་དུས་བེད་སྤྱོད་བྱེད་ཀི་ཡོད། དེ་བཞིན་ལས་བྲེལ་དང་ད་ལྟའི་གནས་སའི་ཆ་ནས་མཆན་ཁག་ལ་དུས་ཐོག་ལན་འདེབས་ཐུབ་པ་དང་མ་ཐུབ་པ་ཡོང་གི་རེད། དེ་ལུགས་སེམས་ལ་འཛིན་རོགས།༽
གྲོགས་ཁང་གསར་བས་འདིར་བོད་དང་མཚུངས་བསྡུར་བྱེད་ས་མང་བའི་ཡུལ་ལུང་ཞིག་གི་གནས་ཚུལ་ངོ་སྤྲོད་བྱས་པ་ཐུགས་རྗེ་ཆེ། ཚང་མ་བཀླགས་ཟིན།
རྒྱ་རི་ཚང་དང་། བཀྲས་མཐོང་ལ་ཁ་བརྡུང་། བན་བོན་གྱི་རྙོགས་དྲས་སེམས་དུབ་པ་ལས་ཁྱེད་ཀྱིས་རྩོམ་འདིས་སེང་ངེ་བཏང་སོང་། ཐུགས་རྗེ་ཆེ། དུམ་མུ་རྗེས་མ་རྣམས་ཀྱང་བལྟ་གི་ཡིན།
དྲ་ཐོག་གི་རྩོམ་ཡིག་སྤེལ་མཁན་མིང་དུ་གྲགས་པའི་ཁང་གསར་བ་ལགས་ཀྱི་རྩོམ་ཡིག་འདི་ཞིབ་མོར་ཀློག་གི་ཡིན། ག་ལེར་ཀློག་བཞིན་ཡོད། དུས་ཚོད་ཀྱི་བར་གསེང་ནས།
ཁང་གསར་བ་ལགས་ཀྱིས་བྱང་སྣེར་བསྐྱོད་པའི་ཟིན་བྲིས་འདིས་བདག་ལ་བློ་སྐྱེད་གྱ་ནོམ་པ་སྤྲད་སོང་། ཁག་རྗེས་མ་དག་ལ་བྱ་ཁུ་བྱུག་གིས་གནམ་ཆུ་བཞིན་སྒུག་ཡོད།
ལྗོངས་རྒྱུད་ཟིན་ཐོ་ཟེར་ན་འདི་འདྲ་འབྲི་དགོས་པ་རེད། དངོས་གནས་དོན་སྙིང་གིས་ཕྱུགས་འདུག ད་དུང་ངག་རྒྱུན་ལོ་རྒྱུས་འདྲ་ཨེ་རྙེད་ཅི་ཐུབ་ལྟོས་དང་། བོད་ཀྱི་རྒྱུད་པ་ཡིན་ན་ཐང་ཡ། དེ་ལྟར་ཡིན་ཚེ་ང་ཚོ་བོད་མི་ཚོས་ཡུལ་དེར་གཞི་རྟེན་རེ་ཨེ་ཆོས་བལྟས་ན་ཆོག་ག ད་ཟིན་ཐོ་གཞུག་མ་དེར་སྒུག་ནས་བསྡད་ཡོད། ཁྱེད་ཀྱི་ལས་དོན་གང་འདོད་བཞིན་ལམ་ལྷོང་ཡོང་བར་སྨོན།
ཁང་གསར་ལགས། ཞིབ་དུ་ཀློག་ཟིན་པ་ཡིན། ཉིད་ནས་ཁ་ན་ཀྲ་གཞུང་གིས་ཁུལ་དེར་རོགས་སྐྱོར་བྱས་པ་དེ་ཙམ་་གྱི་ཆ་ཤས་ཤིག་བོད་ནང་ལ་རྒྱ་མིས་བྱས་པ་ཡིན་ན། བོད་མིས་འདོད་པ་འཁང་ས་རེད་ཟེར་གྱི་འདུག་ལགས། དེ་ཡི་སྐོར་ལ་ཉིད་ཀྱིས་བསམ་གཞིགས་ཡག་པོ་ཞིག་བཏང་མེད་པར་དྲན་སོང་། རྒྱུ་མཚན་ནི་འུ་ཅག་གིས་རང་དབང་རྩོད་ཀྱི་ཡོད་པ་ལས་རོགས་རམ་རྩོད་ཀྱི་མེད་པ་ཡིན་པ་དེ་ཉིད་ནས་མཁྱེན་གྱི་ཡོད་ཤག་རེད། གང་ལྟར། ངས་བསམ་ཚུལ་དེ་འགྲིག་མེད་པ་ཡིན་ན་དགོངས་དག་ཞུ།
ཁང་གསར་མིང་རྫུན་ལགས།
རྩོམ་ཡིག་འདི་ལས་ཁྱོད་རང་ཡང་ད་ཐེངས་ཀྱི་རྒྱལ་སྤྱིའི་བོད་རིག་པའི་ཞིག་འཇུག་ཚོགས་འདུར་ཁ་ན་སྒྲ་ལ་སོང་བ་ཤིས་ཀི།
ལྫོངས་རྒྱུ་ཡག་པོ་ཡོང་བར་སྨོན།
ཁང་གསར་ལགས།
ཁྱེད་ཀྱི་སྤྱི་ཚོགས་རྒྱུས་ལོན་དང་རྩོམ་འབྲིའི་བྱང་ཆ་ལ་མཐོང་ཆེན་བྱེད་ཀྱི་ཡོད། ཡིན་ཡང་། རྩོམ་ཡིག་ནང་། བྱེད་ཀི་་་་་་རྗེས་ཀི་་་་་ལྟ་བུའི་རིགས་བསྲེས་པ་དེས་ལོ་མང་པོའི་རྗེས་སུ་བརྡ་སྤྲོད་རྣམ་གཞག་གི་ཚད་འཛིན་རང་བཞིན་དང་བཀོལ་སྤྱོད་ཐད་མགོ་རྨོངས་པ་དང་གཞི་འཛིན་ས་དཀའ་བའི་རྐྱེན་ཆུང་ངུ་རེར་འགྱུར་སྲིད་པའི་ཚོར་སྣང་བྱུང་།
བསྲེས་པ་དེས་ཞེས་པའི་ས་མཐའ་དེ་ལེན་དགོས་པའི་ནོར་བཅོས་བྱས་པ་ཡིན།
ཤ་ཀླན་བུ་ལགས། ཁང་གསར་རྒད་པོ་འདི་ཐེངས་འདིའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུར་ཁ་ན་ཌར་སོང་བ་ཞིག་མ་རེད། ཁོང་གི་དུས་བབ་ཟིན་བྲིས་སུ་གཟིགས་ན་དེར་ཁོང་གི་སྐོར་གསལ་པོ་འདུག ཁོང་ནི་ཁྱིམ་མི་བཅས་ཁ་ན་ཌར་གཏན་སྡོད་བྱེད་མཁན་ཞིག་ཡིན་པ་མ་ཟད། ད་དུང་དེར་སློབ་ཆེན་ཞིག་ལ་ལས་ཀ་བྱེད་ཀྱིན་པ་འདྲ། གོང་གི་རྩོམ་ཡིག་འདི་ཞིབ་ཏུ་བཀླགས་ནའང་རོབ་ཙམ་མཁྱེན་ཐུབ་པ་ཡིན།
ཡག་མོ་བྲིས་འདུག རྗེས་མ་དེ་ལ་བསྒུག་ཡོད།
ཁང་གསར་བ་ཕྱོགས་གང་ཐད་ནས་ལྟ་མཐོང་ཡོད་མཁན་ཞིག་རེད། ཁྱེད་ཀྱི་རྩོམ་ཡིག་དང་མཆན་འདེབས་དག་ཀློག་
རྒྱུར་སྤྲོ་སྣང་ཡོད། ཟ་དང་ཟུར་ནས་ངའི་རིག་པར་ཡར་སྐྱེད་འདྲ་ཐོན་ཡོང་། དེ་ལྟའང་ད་ལྟ་གོང་དུ་དབང་འདུས་
ལགས་ནས་བརྗོད་པ་བཞིན་ཁྱེད་ཀྱི་ཡིག་འཇོག་དག་ལས་བོད་ཀྱི་བརྡ་སྤྲོད་རྣམ་བཞག་ཡན་གར་དུ་བོར་ནས་ཡོད་
ཀི་དང་མེད་ཀི་སོགས་གང་དྲན་དུ་སྦྱར་འོང་ན་མི་གཞན་དང་གཞན་ལ་ངན་ཤུགས་ཐེབས་འགྲོ་བས་ཕྱིན་ཆད་ནས་
བོད་སྤྱི་ལ་བསམས་ནས་ཐུགས་བསམ་རྒྱ་ཆེ་བཞེས་རོགས།
་
xxxxx
དགོས་པའི་མཆོད་རྟེན་ནག་པོར་བཞག མི་དགོས་བྲག་ལ་སྐུ་དཀར་གསོལ། ཟེར་བའི་འདི་ན་འཕྲོད་འཕྲོད་རེད།
དགོས་པའི་ཁེ་ན་ཌའི་ཡུལ་དེའི་གནས་སྟངས་སྐོར་བྲིས་པར་མ་དཔྱད་པར་མི་དགོས་ཁང་གསར་གྱི་མི་གཞི་དང་གང་དུ་སྡོད་མེད་རྩོད་ལུགས་ལ་ལྟོས་དང་།
དུས་ཁོམ་ཞིག་བྱུང་བས་འདིར་ལྟ་ཙམ་བྱེད་པར་ཡོང་བ་ཡིན། བསམ་འཆར་མང་པོ་མི་འདུག
ཡོན་བྷེ་དང་གནམ་ལྕགས་དང། མེ་ཏོག་དཀར་པོ། ད་ཚང་མའི་མིང་སྨྲོས་མི་དགོས་པ་བྱས། གང་ལྟར་ཟིན་ཐོ་འདི་ལ་དོ་སྣང་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ། འདི་ལ་ངས་དུས་ཚོད་དཀོན་ས་དང་གནམ་གཤིས་གྲང་ས་ནས་དཀའ་ལས་ཕྲན་བུ་བརྒྱབ་ཡོད། བློ་སྐྱེད་ཏོག་ཙམ་ཡོང་གི་རེད་སྙམ་གྱི་ཡོད། དེ་ཡན་ཐུགས་རྗེ་ཆེ་ཞུ་བའི་ལེ་ཚན་དེ་ཡིན།
གཅེན་བཟོད་རྒྱམ་ལགས། ཁོང་ཅག་གི་ངག་རྒྱུན་ལོ་རྒྱུས་ནས་བོད་དང་འབྲེལ་བ་ཡོད་པའི་ཁུངས་འདྲ་ཨེ་རྙེད་ཀི་རེ་བས། ངས་མིག་ཚ་ཚ་བཀླགས་པ་ཡིན། དྲིས་པ་ཡིན། བོད་དང་འབྲེལ་བ་ཡོད་པའི་ཁུངས་ཅང་རག་གི་མི་འདུག
བོད། ལྷ་ཀླུ་གཉན་གསུམ་ཕེབས་ནས་དགོངས་འཆར་གལ་ཆེན་ཞིག་གནང་བར་ཐུགས་རྗེ་ཆེ། ངས་རོགས་རམ་ཙམ་གྱི་ཐད་ནས་ཁེ་ཎ་ཌ་དང་རྒྱ་གཞུང་བསྡུར་ཏེ། རྒྱ་གཞུང་གིས་དེ་འདྲ་བྱས་ན་བོད་ཀྱི་གནད་དོན་ཆུང་དུ་འགྲོ་གི་རེད་ཟེར་བ་མིན། ད་ལྟའི་ཁེ་ཎ་ཌའི་གཞུང་གིས་གདོད་མའི་མི་རིགས་ལ་འཛིན་པའི་སྲིད་ཇུས་དང་བྱ་ཐབས་ཚང་མ་ལ་ཟེར་བ་ཡིན། དཔེར་ན། ལོ་སྔོན་མ་ཁེ་ཎ་ཌ་ལ་དགུན་ཁའི་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚུགས་དུས། གདོད་མའི་མི་རིགས་ཀྱིས་ངོ་རྒོལ་ཅུང་བྱས་པ་རེད། ལོ་གཅིག་གི་སྔོན་ནས་ངོ་རྒོལ་བྱེད་ངེས་ཡིན་ཞེས་བསྒྲགས་པ་རེད། དེ་ལྟ་ནའང་སྲིད་གཞུང་གིས་ཉེས་མེད་འཛིན་བཟུང་དང་བཙོན་འཇུག་སོགས་རྩ་བ་ནས་ཡོད་མ་རེད། འགྲོ་བ་མིའི་ཐོབ་ཐང་ཆ་ཚང་ཡོད་རེད། གདོད་མའི་མི་རིགས་ས་ཁུལ་འདི་ལ་གོང་རིམ་ནས་སྐུ་ཚབ་ཅིག་གཏོང་སྲོལ་འདུག དེ་ནི་དོན་དུ་པྱག་རྒྱ་ཙམ་ལས། དབང་ཆ་ཅང་མི་འདུག བོད་ནང་ལ། རྒྱ་མི་ཚོས་དབང་ཆ་ཚང་མ་བཟུང་འགྲོ་གི་འདུག་ག དེ་ལ་སོགས་པ་ཕྱོགས་ཐམས་ཅད་སྒོར་མོ་ནས་ཞུས་པ་ཡིན། ངས་ཞུ་སྟངས་མ་ཤེས་ཀྱང་གསན་ཕྱོགས་མ་ལོག་པ་གནང་རོགས།
དབང་འདུས་དང་ནགས་ཤོད་སད་མི་གཉིས་ཀི་དགོངས་འཆར་ལ་བསམ་བློ་གཏོང་གི་ཡིན། བར་ལམ་ཀི་སྒྲ་འདི་འབྲེལ་སྒྲ་ལ་གཞག་འོས་དང་མ་འོས་སྐོར་ལ་རྩོད་པ་མང་པོ་བརྒྱབ་ཚར་བ་རེད། ག་ཡ་བཏགས་ཡོད་པ་དང་མེད་པ་གཉིས་ཀ་འབྲེལ་སྒྲ་ན་འགྲོ་ས་ན། ཀ་ཡ་བཏགས་ཡོད་པ་དང་མེད་པ་གཉིས་ཀ་འབྲེལ་སྒྲ་ལ་བརྩིས་མི་ཆོག་པ་ཅང་མ་མཐོང་བ་རེད། ལྷག་པར་དུ་ང་སྐྱེ་སའི་ས་གནས་སུ་བྱེད་ཀི་རེད། ཅེས་བཤད་ཀི་རེད་མ་གཏོགས། བྱེད་ཀྱི་རེད་ཟེར་གྱི་མ་རེད། འདི་ཚོ་རྒྱུ་མཚན་ཐ་ཆད་འདྲ་ཞིག་ད་རེད། གང་ལྟར་བསམ་བློ་གཏོང་གི་ཡིན།
ཤ་ཀླན་བུ། ངས་ནོར་མེད་ན། ངེད་གཉིས་མཁས་དབང་ཟམ་གདོང་རིན་པོ་ཆེ་རྩོམ་པ་པོ་ཡིན་མིན་རྩོད་སྐབས་དེ་ནས་ཁ་རྩོད་ཞིག་བྱུང་དྲན། དེ་ནས་འཁོན་ཞུགས་མེད་པའི་རེ་བ་ཡོད། དེ་བཞིན་ངས་ཁྱེད་རང་གི་ཟིན་བྲིས་ཁ་ཤས་བཀླགས་པ་ལས། གོ་བ་ལེན་སྟངས་ནོར་མེད་ན། ཁྱེད་རང་གདན་སའམ་ཝ་ཎ་གང་རུང་ལ་ཡོད་དྲན། དེ་ཁྱེད་རང་གི་དུས་བབ་ཟིན་བྲིས་ནང་སྤེལ་བའི་རྩོམ་དེ་ཚོ་ལ་བསམས་ནས་ཚོད་དཔག་བྱས་པ་ཡིན། སྐབས་རེ་ཤ་ཀླན་འཇམ་དབྱངས་གྲགས་པ་ཞེས་པའི་མིང་བཀོལ་གྱི་ཡོད། ད་ཁྱེད་གྲྭ་བ་ཞིག་གིས། ངེས་པར་ཤེས་དགོས་པ་དེ་རྟོན་བཞིའི་རྣམ་གཞག་དེ་རེད། དེའི་ནང་ནས་ལྷག་པར་དུ་མཁོ་ཆེ་བ་ཞིག་ནི། གང་ཟག་ལ་མ་རྟོན་ཆོས་ལ་རྟོན་ཟེར་བ་དེ་རེད། ང་ཁང་གསར་སུ་ཡིན་པ་དང་གང་ན་ཡོད་པ། ཅི་ལས་ཀྱིན་པའི་སྐོར་ལ་འགྲེལ་བཤད་ཁ་ན་ན་བརྒྱབ་ཚར། ལག་ན་ན་བྲིས་ཟིན། འོན་ཀྱང་དོགས་པ་སངས་ཐབས་མི་འདུག ཐ་ན་འདི་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པ་བརྒྱུད་ནས་རྩད་གཅོད་ཀི་འདུག དེ་འདྲའི་བསུན་པོ་མང་པོ་བཟོས་ཡོང་དུས་སྐྱིད་པོ་མི་འདུག ང་ཁང་གསར་ག་ཚོད་ཐབས་རྡུགས་ཀྱང་བོད་ཀྱི་རྩ་དོན་ལ་གནོད་པའི་ལས་བྱེད་ཀི་མ་རེད། རྩོམ་འབྲི་གི་མ་རེད། ༸གོང་ས་མཆོག་གི་དགོངས་པའི་ར་བ་ཆེ་བ་དེ་ནས་བརྒལ་གྱི་མ་རེད། དེ་ཡིན་དུས། ད་ཞེ་དྲག་བསུན་པོ་བཟོས་ནས་ཆོ་འདུག་གམ། ཁུ་སིམ་མེར་བསྡད་ནའང་སྡོད་མ་ཤེས་པ་མི་འདུག མིང་རྫུན་མ་ཞིག་བཀོལ་ནས་བྲིས་བསྡད་ནའང་ཁྱོད་ཅག་གིས་ཚོད་དཔག་ཐུབ་ས་མ་རེད། དེ་ཡིན་དུས། ད་ཕྱིན་བདག་གང་ཟག་རྫུན་མ་ཡིན་པ་སོགས་མི་གཤིས་རང་ལ་གཟས་ཡོང་བའི་སྐད་ཅ་དེ་ཚོ་བཤད་མ་ཡོང་རོགས། ད་ཕྱིན་བདག་སྒེར་དང་འབྲེལ་བ་བཤད་ཡོང་ནའང་སྟངས་སྙོམ་ལ་འཇོག་ཐབས་བྱེད་ཀི་ཡིན། འདི་ཤ་ཀླན་བུ་གཅིག་པུ་ལ་བཤད་པ་དེ་འདྲ་མིན། ཚང་མས་གོ་བར་བྱེད་པའི་གཏམ་ཡིན།
ཡ། འདི་དྲག་པོ་འདྲ་ཞིག་ཆགས་སོང་ང་། རྣམ་པ་ཚོས་བཟོད་པ་བཞེས་ལ།
ནགས་ཤོད་སད་མི་དང་དབང་འདུས་ལགས་གཉིས་ཀི་དགོངས་འཆར་ལ་བསམ་བློ་གཏོང་གི་ཡིན། དེ་སྔོན་ཀི་སྒྲ་འདི་འབྲེལ་སྒྲར་གཞག་ན་འཐད་མིན་རྩོད་པ་འགའ་རབ་བྱུང་ཚར་བ་རེད། དེ་ཚོའི་རྒྱུ་མཚན་ལའང་བསམ་དགོས། གང་ལྟར་ཐུགས་གཡེང་མི་དགོས། འདིའི་ཐད་ལ་ང་ལ་མཁྲེགས་འཛིན་གང་ཡང་མེད། གཙོ་བོ་ཁ་ལ་རང་བཞིན་དུ་འཇགས་བསྡད་པ་འདི་ལག་གིས་བྲིས་ཡོང་དུས་བདེ་བོ་དང་སྐྱིད་པོ་འདྲ་ཞིག་འདུག
ཁང་གསར་རྡོ་རྗེ་ལགས། ཉིད་ནས་གསལ་འགྲེལ་བྱས་པ་དེར་བཀའ་དྲིན་ཆེ་ལགས། སྐུ་ཉིད་ཁ་ན་ཀྲ་རུ་ཡོད་མཁན་ཞིག་གི་ངོས་ནས་བཤད་ན། ད་རེབས་་རྒྱལ་སྤྱིའི་བོད་རིགས་པའི་ཚོགས་ཆེན་སྟེང་བསྐྱོད་ཐུབ་ཡོད་པར་རེ་བ་རྒྱག་གི་ཡོད། གལ་སྲིད། བསྐྱོད་ཐུབ་སོང་ཡོད་ན་དེ་ཡི་སྐོར་གྱི་རྒྱུས་མྱོང་མདོར་བསྡུས་ཤིག་ལས་མ་བྱུང་རུང་། དྲ་ཐོག་ལ་དེ་ཡི་སྐོར་གྱི་རྩོམ་ཡིག་ཞིག་འབྲི་རོགས་ཞུ།
འོ་ཡ། ཁང་གསར་རྡོ་རྗེ་ལགས་ཀྱི་ཡུལ་སྐོར་ཟིན་བྲིས་ལ་ངའི་ཁ་ནག་པོ་འདིས་ནང་ནས་ཀྱང་བསྟོད་པ་ཤོར་ཐལ། ངོ་ནས་ཡག་པོ་བྲིས་འདུག ད་དུང་མུ་མཐུད་དུ།
ཁང་གསར་ལགས་ཀྱིས་སྣང་འཇོག་བྱས་པ་ཐུགས་རྗེ་ཆེ། ཁྱེད་ཀྱི་ཀི་སྒྲ་སོགས་ཀྱི་སྒྲུབ་བྱེད་དེ་དག་ནི་ཆེས་ཉི་ཚེ་བ་ཞིག་
རེད། དེ་འདྲ་ང་ཚོ་ཁ་སྐད་ཡོད་མཁན་ཚང་མས་འགོད་ཆོག་ཆོག་རེད།ངོ་མར་བསམས་ན་ད་ལྟའི་དུས་འདིར་བོད་ཀྱི་
ཡི་གེ་འདི་ང་ཚོའི་སྐྱབས་གནས་ངོ་མ་དེ་རེད། ང་ཚོ་ད་བར་འདིས་བསྐྱབས་པ་མིན་ན་སྔ་ས་ཞིག་ནས་ཤར་ཕྱོགས་ཙི་
ནའི་མིར་གྱུར་ཟིན་པ་རེད། དེས་ན་འདིའི་རིན་ཐང་དང་ཕན་ནུས་ཤེས་དགོས། ང་ཚོས་རང་དགར་ངང་འདི་ཡང་ཁ་
ཆག་སྣ་རལ་དང་དུམ་བུར་གཏུབས་བཏང་ན། དེ་ནི་ཧ་ཅང་ཐེག་པར་དཀའ་བའི་འགན་འཁྲི་དང་སྐྱི་གཡའ་དགོས་
པའི་གནད་དོན་ཞིག་རེད།
རེད་དེ། འུ་ཚོའི་ཁ་སྐད་དང་ཡིག་སྐད་དབར་ན་བར་སྟོང་ཆེན་པོ་འདི་མཐོང་དུས་ངས་ཀྱང་མཚམས་རེ་འདི་ལྟར་
དྲན་འོང་གི་འདུག ཡི་གེ་ནི་མི་རྣམས་ཀྱི་སྐད་ཆའི་ཚབ་མཚོན་རང་ཡིན་པས་ཁ་སྐད་རང་གཞི་ལ་བཞག་ནས་འབྲི་
དགོས་པ་མིན་འགྲོ་སྙམ་པ་དྲན་གྱི་འདུགའོན་ཏེ་ངས་སུའི་ཁ་སྐད་གཞི་ལ་འཇོག་དགོས་པ་རེད། ཁྱེད་ཅག་ལྟར་ན།
ངས་ཀྱང་ཕ་ཡུལ་གྱི་ཁམས་སྐད་གཞིར་བཞག་ནས་ཡི་གེར་ཕབ་བཏང་ན་མི་འགྲིག་པ་ཅི་ཡང་ཡོང་ས་མེད་མོད་ངས་
དེ་ལྟར་བཟོད་མེད། གང་ཞེ་ན། སྤྱིར་བོད་ཀྱི་ཡུལ་སྐད་ཆེན་པོ་གསུམ་གཅིག་གྱུར་མེད་པ་ལྟ་ཅི། ཁམས་སྐད་
ནང་ཁུལ་ནའང་ལུང་ཚན་སོ་སོའི་ཚིག་བརྗོད་ལ་ཁྱད་པར་ཆེ་ཐག་ཆོད་ཡོད། དབུས་སྐད་དང་ཨམ་མདོའི་སྐད་
ལའང་དེ་དེ་བཞིན་རེད། དེ་འདྲ་སོང་བས་ངས་ད་བར་ཕ་ཡུལ་གྱི་ཁ་སྐད་གཞིར་བཞག་ནས་ཡིག་ཐོག་འབེབས་ཕོད་
མེད། ཅི་སྟེ་ང་ཚོ་ལ་སྤྱི་སྐད་ཅིག་ཆགས་ཟིན་པའམ་གཏན་འབེབས་ལྟ་བུ་ཡོད་ཚེ། ང་ཚོ་ཚང་མས་དེ་ལྟར་
བྲིས་བཏང་ན་འགྲིག་པ་རེད་ལ་འབྲི་ཡང་དགོས་པ་རེད། ཁ་སྐད་དང་ཡིག་སྐད་གཅིག་གྱུར་ཆགས་ན་ཡི་གེའི་ནུས་
པ་ཇེ་ཆེར་སོང་བ་རེད། འོ་ནའང་ད་ལྟ་དེ་འདྲ་ཆགས་མེད་དུས་ཡིག་སྐད་ལྟ་བུ་ཞིག་ལ་རྩ་འཛིན་བྱས་ནས་ཡི་གེར་
ཕབ་འོང་ན་ཏན་ཏན་ཡག་ཤོས་དང་བརླིང་ཤོས་རེད་བསམ་ཡོད། འདིའི་ཐད་མཁས་དབང་དགེ་ཆོས་ལ་དྭགས་ན་
ཡོད་དུས་ཀྱི་སྐད་ཆ་དེར་མཉམ་འཇོག་གཏིང་ཟབ་ཅིག་བྱས་ན་ཧ་ཅང་གོ་རྒྱུ་ཆེན་པོ་རེད་པས་ཁྱེད་ཅག་ངེས་ཤེས་འདྲོངས་ངེས་རེད།
ནགས་ཤོད་སད་མིའི་བསམ་ཚུལ་འདི་ངའི་ལྟ་ཚུལ་དང་སེན་མོ་གང་གི་ཁྱད་པར་མི་འདུག ངོ་མཚར་ཆེ།
བླུན་པོ་རང་དང་མཐཱུན་པས་དགའ། །གསུངས་པ་ལྟ་ན་ང་བླུན་པོ་ཞིག་ཡིན་པ་འདྲ་རང་དང་ལྟ་ཚུལ་མཐུན་པ་ཞིག་པ་ཞིག་མཐོང་བས་དགའ་སྣང་སྐྱེས་སོང་།།
འཛམ་གླིང་གི་རྒྱལ་ཁབ་ཆེ་ཤོས་ཨང་ ༡༥ ལ་སླེབས་ཀི་རེད།
འདི་
འཛམ་གླིང་གི་རྒྱལ་ཁབ་ཆེ་ཤོས་ཨང་ ༡༥ ལ་སླེབས་བགྱི་རེད། བྲིས་ན་འཐད་པ་མི་འདུག་གམ།
ཁང་གསར་རྡོ་རྗེའི་རྩོམ་འདི་བམ་ྐློག་ཐེངས་གཅིག་བྱས་བ་ཡིན།
དོགས་སློང་འགའ་བྱེད་རྒྱུ་འདུག ཉིན་འགའི་རྗེས་ནས་ཡོང་གི་ཡིན།
སླེབས་ཀི་དང་ནི་སླེབས་བགྱི་གཉིས། །
ཕན་ཚུན་ཁྱབ་པ་སྒོ་བཞི་རེད། །
ཀ་རྡོ་དཀའ་ལས་མ་རྒྱབ་པར། །
ཀ་ར་བཞེས་ནས་ལྷོད་བཞུགས་མཛོད། །
ཁ་སང་དོགས་སློང་འགའ་བྱེད་རྒྱུ་ལབ་ཡོད། བར་ནས་དེ་གཏིང་བརྗེད་དུ་འགྲོ་གྲབས་འདུག
ངེད་ཀྱི་དོགས་སློང་དེ་འོག་གི་འདི་གཉིས་ཡིན།
འདི་གཉིས་ལ་གནས་ཚུལ་གྱི་ཁུངས་དགོས་བར་འདོད།
1) འོན་ཀྱང་དུས་དེར་ཡུ་རོབ་པ་སླེབས་པ་ལ་བརྟེན་ནས་ནད་རིགས་གསར་པ་ཁྱབ་སྟེ་གདོད་མའི་མི་རིགས་མང་པོར་འཆི་སྐྱོན་བྱུང་།
2) ཉ་སྣུམ་གྱི་ཚབ་ཏུ་རྡོ་སྣུམ་ཐོན་པར་བརྟེན་ཡུལ་འདིའི་འཚོ་ཐབས་ལ་སྐྱོན་ཆགས།
རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས། གོང་གསལ་དོན་ཚན་གཉིས་ལ་ཁུངས་མང་པོ་འདུག ཡུལ་འདིའི་བྱུང་རབས་ལོ་རྒྱུས་དཔེ་དེབ་མང་ཆེ་བའི་ནང་འདུག སྤྱིར་བཏང་ནས། ཨ་རིའི་ནང་ཡོད་པའི་གདོད་མའི་མི་རིགས་དེ་ཚོར་ཡང་ནུབ་ཕྱོགས་པ་དང་ཐོག་མར་ཐུག་དུས་ན་ཚ་མང་བོ་བྱུང་འདུག ངས་བལྟས་པའི་དེབ་མང་ཆེ་བ་ཡུལ་དེ་ག་རང་གི་དཔེ་མཛོད་ཁང་ཁག་གི་དཔེ་དེབ་རེད། ད་ལྟ་ལག་ཏུ་མེད། འོན་ཀྱང་ཁུངས་དགོས་ན།
༡༽ ནད་ཀྱི་སྐོར་དེ། Microsoft Encarta Encyclopedia Standard ཞེས་པའི་ཤེས་བྱ་ཀུན་བཏུས་དེབ་ཕྲེང་ཁོངས་ནས། པོད་ N ཤོག་གྲངས་ ༥༤༩ ལ། More important were the European whalers, who in the 19th century employed the Inuit as pilots and hunters. Contact with Europeans brought foreign diseases to the native populations, killing many. The large number of whaling ships also wiped out herds of animals to feed the increased numbers of people. These changes caused many Inuit to start relying on Europeans for food and clothing.
ཞེས་གསལ་འདུག་པ་ལས་ཤེས།
༢༽ ཉ་སྣུམ་གྱི་སྐོར་དེ། གོང་གསལ་གྱི་དེབ་དེ་གའི་ཤོག་གྲངས་ ༥༥༠ རུ། By the beginning of the 20th century, economic activity in Nunavut was shifting from whaling to the fur trade. The whaling industry eventually collapsed as petroleum products replaced whale oil.
ཞེས་གསལ་འདུག་པ་ལས་ཤེས། ཐུགས་རྗེ་ཆེ།