༢༠༠༨ ལོའི་ཟླ་བཅུ་གཅིག་པའི་ཚེས་ ༤ ཉིན་ཨ་རིའི་མི་མང་གིས་ལོ་ན་ ༤༧ ཅན་གྱི་ཨོ་བྷ་མ་སྲིད་འཛིན་དུ་འོས་འདེམས་བྱས་པ་རེད། ཨ་རིའི་མི་ཚོས་འདི་ནི་ལོ་རྒྱུས་ཐོག་ཏུ་མི་རིགས་ནག་པོ་ཞིག་སྲིད་འཛིན་དུ་འདེམས་པ་ལ་ཧང་སངས་དང་ཧོན་འཐོར་བ་བྱེད། མི་གཅིག་གིས་འགྲེལ་བཤད་བརྒྱབ་དོན་ལ། “ཨ་རིའི་མི་མང་གིས་ལོ་བཞིའི་གོང་དུ་སྲིད་འཛིན་བྷུ་ཤུ་འོས་འདེམས་བྱས་ནས་ ད་ཆ་མི་རིགས་ནག་པོ་ཞིག་འོས་འདེམས་བྱས་པ་ནི་ཧ་ལས་པའི་འགྱུར་ལྡོག་ཆེན་པོ་ཞིག་རེད་ལ། འདི་ནི་ཨ་རིའི་དམངས་གཙོའི་གཟི་བརྗིད་ཅིག་རེད།” ཅེས་བཤད་སོང་།
ང་ནི་གནས་ཚུལ་འདི་ལ་བལྟ་བཞིན་བལྟ་བཞིན་བོད་ཀྱི་སྐོར་ལ་བསམ་བློ་བཏང་། ང་ལ་གནས་ཚུལ་མང་པོ་མ་རྙེད། རྒྱ་ནག་ནང་གྲངས་ཉུང་མི་རིགས་ཀྱི་མི་འབོར་གྱིས་སྤྱིའི་མི་འབོར་གྱི་བརྒྱ་ཆ་ག་ཚོད་ཟིན་ཡོད་དམ། གལ་སྲིད་བོད་འདི་མི་མཐུད་ནས་རྒྱ་འོག་ནས་ལྷགས་པ་ཡིན་ན། བོད་ཀྱི་མི་གཅིག་རྒྱ་ནག་གི་སྲིད་འཛིན་ལ་འོས་ཤོག་འཐོབ་སྲིད་དམ། ཡང་ན། གནམ་ས་བརྗེ་བ་དང་ཉིན་མཚན་བརྗེ་བ་ལྟ་བུའི་འགྱུར་ལྡོག་འདི་འདྲ་བོད་ལ་ཡོང་སྲིད་དམ།
ཨོ་བྷ་མ་སྲིད་འཛིན་ཐོབ་པའི་རྒྱུ་མཚན་དང་ཁ་གཡང་གཙོ་བོ་ཞིག་ནི་ “རེ་བ་”ཟེར་བ་དེ་རེད། མི་མང་ལ་འདོད་པ་ཡོད་ན་རེ་བ་གང་ཡིན་ཡང་འགྲུབ་སྲིད་པ་རེད། མི་མང་ལ་འདོད་པ་ཡོད་ན་རེ་བ་གང་འདྲ་ཞིག་ཡིན་ཀྱང་བརྒྱབ་ཆོག་པ་རེད། འདི་ནི་དཔང་རྟགས་དང་བཅས་ཁུངས་སྐྱེལ་བྱས་པ་རེད། བོད་ལ་”རེ་བ་”ག་རེ་ཡོད་པ་རེད། ང་ཚོས་ “རང་བཙན་གྱི་རེ་བ་” འདི་གསོན་པོར་འཇུ་ཐུབ་བམ། མི་མང་གི་འདོད་པ་དང་ཤུགས་དེས་རི་རབ་ཀྱང་འགུལ་ནུས་པའི་དཔང་རྟགས་འདི་ཚོ་བོད་ལ་ཡོང་སྲིད་དམ། “རེ་བ་”འདི་མི་ཤི་བའི་ཐབས་ལ་ང་ཚོས་གང་འདྲ་ཞིག་བྱེད་དགོས་སམ། འདི་དག་ནི་ངའི་སེམས་ཀྱི་དྲི་བ་དག་ཡིན།