(༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་དགུང་གྲངས་ ༨༤ ཕེབས་པར་ཕུལ།)
གཡུ་སྒང་དགེ་འདུན་
༡༽བློ་བཟང་མཚན་དཔེ་དཀྱིལ་འཁོར་རྫོགས་པའི་སྐུ།།
བསྟན་འཛིན་སྐྱེ་འགྲོར་ཚངས་དབྱངས་སྒྲོགས་པའི་གསུང་།།
ཇི་སྙེད་ཆོས་ཀྱི་རྒྱལ་མཚན་བསྒྲེངས་པའི་ཐུགས།།
ས་སྟེང་མཁས་པའི་གཙུག་རྒྱན་ཁྱེད་ལ་འདུད།།
༢༽ལུགས་གཉིས་ཆུ་ཀླུང་ཆེན་པོའི་དེད་དཔོན་དེ།།
གླིང་ཆེན་ཁྲིམས་དོན་མཁས་པའི་སྨྲ་སྒོ་དག །
འགག་པར་རྣམ་དཔྱོད་རིག་པའི་རལ་གྲི་ཅན།།
འཛམ་གླིང་ཉི་མའི་ཕྱག་རྟེན་ཁྱེད་ཉིད་ལགས།།
༣༽ ལྷ་གཅིག་ཕྱག་ན་པདྨོའི་ཞབས་སེན་དུ།།
དད་པའི་མུ་ཏིག་ཚོམ་བུ་རབ་བཀོད་དེ།།
གང་བྱས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་མཁན།།
སྲིད་གསུམ་གཙུག་རྒྱན་མ་ཧ་པཎྜི་ཏ།།
༤༽ཕྱི་ནང་ལེགས་བཤད་ཆུ་གཏེར་བསྲུབས་པ་ལས།།
ཟབ་གསལ་ཤེས་རིག་རིན་ཆེན་དང་གཉིས་ནི།།
བསམ་བློའི་དབུལ་ཕོངས་སེལ་བར་གཏོང་ཕོད་ཀྱིས།།
དད་ལྡན་གྲངས་མེད་གཙུག་གི་ནོར་བུ་དངོས།།
༥༽ ཁྱེད་གསུང་ལེགས་བཤད་ཆུ་དྭངས་ནོར་བུའི་མཚོན།།
སྡིག་ཅན་ལྷས་བྱིན་སྙིང་ལ་ཟུག་པ་ཡིས།།
མཐོ་འཚམ་སྡུག་སྐད་བྲག་ཆ་བརྒྱབ་ན་ཡང་།།
བཟོད་པའི་གོ་ཆ་གྱོན་པའི་སེམས་དཔའ་ཆེ།།
༦༽ ཆོས་དང་ཆོལ་ཁའི་ཕྱོགས་མཐའ་མ་ལྷུང་བར།།
ངོ་མཚར་དྲང་སྲོང་ཆེན་པོའི་བརྟུལ་ཞུགས་ཀྱིས།།
ཆོས་སྲིད་ཤིང་རྟའི་ཁ་ལོ་བསྒྱུར་མཛད་པའི།།
༸སྐྱབས་རྗེ་ཟམ་གདོང་སྐུ་ཚེ་རྟག་བརྟན་ཤོག ། །།
སློབ་དཔོན་ཆེན་པོ་ཟམ་གདོང་རིན་པོ་ཆེ། གྲངས་ཆ་ ༨༤ ཕེབས་པའི་འཁྲུངས་སྐར་ལ།
སྒོ་གསུམ་གུས་པ་ཆེན་པོའི་འཚམས་འདྲི་ཞུ། ཁྱེད་ནི་༧ གོང་ས་མཆོག་གིས་ཕྱག་རོགས་ཡིན།
ཁྱེད་ཀྱིས་བཙན་བྱོལ་མང་གཙོའི་རྩ་བ་བཙུགས། ཁྱེད་ནི་སྤྱི་འཐུས་གྲོས་ཚོགས་མིག་འབྱིན་ཡིན། ཁྱེད་ནི་གྲོས་ཚོགས་ལམ་ལུགས་གསལ་སྟོན་ཡིན། ཁྱེད་ནི་འཛིན་སྐྱོང་ཁྲིམས་འོག་བཅུག་མཁན་ཡིན། ཁྱེད་ནི་ཕྱོགས་སྟོན་འཁོར་ལོ་ཡིན། ཁྱེད་ནི་བོད་མིའི་གྷན་རྡི་ཡིན། ཁྱེད་ཀྱི་སྐུ་ཚེ་ཡུན་རིང་བརྟན་པ་ཤོག བཀྲིས་བདེ་ལེགས་འཚམས་འདྲི་ཞུ། བདེན་པ་ཉིད་རྣམ་པར་རྒྱལ་ལོ།