སོག་མདའ།
ཀ་ར་བུ་རམ་དཀར་ཟས་དྭངས་གཙང་གི་ཚལ་རིགས།།
ཁུ་བ་ཞིམ་པོ་ཤིང་ཏོག་སྣ་མང་གི་བཅུད་བཟང་།།
གུར་གུམ་བཟང་དྲུག་སྨན་སོགས་འཚོ་བཅུད་ལ་རོལ་ནས།།
ངན་གསོད་ཤ་ཁྲག་ཟ་བའི་སྡིག་ཟས་འདི་སྤོངས་ན།
ཅལ་ལེ་ཅོལ་ལེ་དམར་ཟས་གཞན་སྲོག་ལ་རྒོལ་བས།།
ཆོ་མེད་སྡིག་པ་བསགས་པས་ཐབས་ཚུལ་འདི་དོར་ནས།།
ཇོ་བོ་ཡིད་བཞིན་ནོར་བུའི་བཀའ་གསུང་གིས་བྱིན་རླབས།།
ཉ་སོགས་སེམས་ཅན་དུད་འགྲོ་ཚེ་ཐར་ལ་འབད་ན།།
ཏ་ཐཱ་ག་ཏའི་བསྟན་པ་འཇིག་རྟེན་ལ་དར་བས།།
ཐ་དད་འགྲོ་བ་ཀུན་གྱིས་སེམས་རྒྱུད་དེ་འདུལ་ནས།།
ད་ནས་བཟུང་སྟེ་ཕྱི་མ་འགྲིམས་རོགས་ཀྱི་བར་ལ།།
ན་གེ་ནོག་གེ་བྱ་ངན་སྲོག་གཅོད་ལ་འཛེམས་རོགས།།
པ་ཕ་སྐྱེད་བྱེད་དམ་པ་དུང་དུང་གི་གཤིས་ཀྱིས།།
ཕ་ཝང་གནམ་ལ་འཕུར་བས་གཤོག་ལྡན་གྱི་འདབས་ཆགས།
བ་གླང་རི་ནས་འཚོ་བའི་རྨིག་ལྡན་གྱི་དུད་འགྲོ།།
མ་ལུས་སེམས་ཀྱིས་བསྐྱངས་ནས་གཅེས་སྲོག་འདི་མ་གཅོད།།
ཙ་རི་གནས་བསྐོར་ལ་སོགས་དགེ་བ་ཡིས་དབེན་ཞིང་་།།
ཚ་གསུར་བསང་གསོལ་མཆོད་པའི་རྣམ་གྲངས་ནི་མེད་ཀྱང།།
ཛ་དྲག་གཞན་སྲོག་སྐྱོབ་པའི་བྱང་ཆུབ་ཀྱི་སེམས་མཆོག །
ཝ་ཏི་འཕགས་པ་མཆེད་བཞིའི་ཆོས་ཚན་ལས་མཆོག་གོ །
ཞ་ར་འོན་པ་མ་ཡིན་རྣམ་དཔྱོད་ཀྱིས་ཕྱུག་པའི།།
ཟ་མ་དཀར་ཟས་མཆོད་པའི་སྐྱེས་ལྡན་གྱི་མི་ལ།།
འ་ཅག་མི་བུ་ཀུན་གྱིས་བརྩི་བཀུར་རེ་བྱས་ན།།
ཡ་ཐོད་མིག་གཉིས་མངའ་བར་རིན་ཐང་ནི་ཆེའོ།།
རི་དྭགས་རི་ནས་ལྡིང་ན་རི་ཀླུང་གི་རྒྱན་ཡིན།།
ལ་ལོ་སྤང་ནས་འཚེར་ན་སྤང་ཐང་གི་བཅུད་ཡིན།།
ཤ་ཁྲག་དམར་ཟས་སྤང་ན་འཚེ་མེད་ཀྱི་ཞིང་ཡིན།།
ས་ཐོག་བདེ་དགེའི་འཚོ་བ་འདི་ལྷག་ལས་མེད་དོ།།
ཧ་ན་ཧོན་ནེར་བརྡོལ་བས་ཁ་ནང་གི་ཚིག་མིན།།
ཨ་ཇོ་རང་གི་འཚོ་བ་དཀར་ཟས་འདི་ཡིན་པས།།
དཀར་དམར་ཟས་ལ་རོལ་བའི་རིགས་མཐུན་ཀྱི་ཚོགས་ལ།།
ཀ་ཕྲེང་མུ་ཏིག་ཕྲེང་བ་སུམ་བཅུ་འདི་འབུལ་ལོ།།
ཞེས་སྤྱི་ལོ་༢༠༡༥ ཟླ་༡༡ ཚེས་༢༤ ཉིན་དགོང་དྲོའི་ཆུ་ཚོད་༩་ཐོག་རང་ཤག་ནས་སྦྱར་བ་དགེ་ལེགས་འཕེལ།
ལྟོ་བ་བརྒྱགས་པའི་ཉིན་མོ་དཀར་ཟས་ཀྱང་དྲན་ལ། །
མཐོང་ཚད་བླ་རྒན་རྣམས་ལ་དམ་བཅའ་ཡང་འབུལ་ངེས། །
ཅུང་ཟད་ལྟོག་ན་ཁ་ནས་སྡུག་སྐད་ཀྱང་འཆོར་ལ། །
དམ་བཅའ་འབུལ་ཡུལ་དབུ་སྐོར་གཏོང་བ་སོགས་ཅི་ཁག །
དེའི་ཕྱིར་བརྒྱགས་ལྟོག་ཅི་ཡོང་ངེས་པ་ནི་མེད་ལ། །
འདི་ཉིད་ཁོ་ན་མ་གཏོགས་མི་ཟ་སོགས་མ་ཟེར། །
འཛམ་གླིང་སྤྱི་ཡིས་འཚོ་བ་རོལ་སྟངས་ལ་ལྟོས་དང་། །
ཅོལ་ཆུང་སྐྱེ་བོས་རང་གཤིས་སྟོན་རྒྱུ་རེ་མ་མང་། །
འཛམ་གླིང་དཀར་ཟས་འཛམ་གླིང་དམར་ཟས་ཞེས། །
བོད་པ་རྣམས་ལ་ཁ་ཕོ་སྒྲོག་རྒྱུ་མང་། །
བོད་པས་འཛམ་གླིང་ཁ་ལོ་བསྒྱུར་ནུས་སམ། །
ལག་ལ་བཞག་ན་བོད་པས་འཇོན་རྒྱུ་ཉུང་། །
མི་བཤད་མི་བཤད་རང་གི་མི་རིགས་རེད། །
སྟོང་ལབ་བརྒྱབས་པས་མི་བཤད་ཁ་མེད་རེད། །
སྟོང་ལབ་མ་རྒྱག་འཛམ་གླིང་ཀུན་དང་བསྟུན། །
རང་ཅག་འཛམ་གླིང་རྗེས་ལུས་ཡིན་པར་སོམས། །
ཤ་རིགས་བཟས་པ་རོ་འཁོགས་ཟ་བ་འདྲ། །
ཤ་ཁུ་འཐུང་བ་རོའི་ཇ་འཐུང་དང་འདྲ། །
ཤ་རྗེན་ཟ་བ་སྤྱང་ཀི་ཁྱི་རྒན་འདྲ། །
ཤ་སྤངས་སྔོ་ཚོད་བཟས་ན་དྲང་སྲོང་འདྲ། །
སྔོ་ཚོད་ཟོས་ན་དྲང་སྲོང་འདྲ་གྱུར་ན། །
རྩ་ཟན་དུད་འགྲོ་དྲང་སྲོང་འདྲ་བར་ཐལ། །
འདོད་ན་དྲང་སྲོང་དུད་འགྲོ་ཁྱད་མེད་ཐལ། །
རྩ་བའི་ཁས་ལེན་དོན་ལ་གནས་དགོས་ཕྱིར། །
ཤ་ཁྲག་ཟོས་ན་དྲང་སྲོང་མིན་ཟེར་ན། །
གྲུབ་ཆེན་ཏེ་ལོ་དྲང་སྲོང་མིན་འགྱུར་ཞིང་། །
གྲུབ་པའི་དབང་ཕྱུག་གྲུབ་ཆེན་ཏེ་ལོ་པ། །
སྤྱང་ཁུ་ཁྱི་རྒན་འདྲ་ཞེས་ཁྱོད་ཟེར་རམ། །
རིགས་པའི་ལམ་ལ་མནོ་བསམ་མེད་པ་ཡི། །
ཧ་ཧ་ངོ་ཚ་མེད་པའི་སྨྱོ་གཏམ་འདི། །
ཆེན་པོར་རློམས་ལ་སྤྲེལ་ལད་ཡིན་ངེས་མོད། །
ལྐུགས་པའི་ལྐུགས་གཏམ་འདི་གཞན་ཅི་ཞིག་འབྱུང་། །
ཤ་རིགས་ཟ་བ་འཛམ་གླིང་མི་ཡི་སྲོལ། །
སྔོ་ཚོོད་ཟ་བ་རྩྭ་ཟན་སྤྱི་ཡི་སྲོལ། །
འོན་ཀྱང་རྩྭ་ཟན་དྲང་སྲོང་འདྲ་འོ་ཞེས། །
ཤེས་མེད་སྨྱོན་པ་ཁྱོད་ཉིད་སྒྲོག་ནུས་སམ། །
ཧཧཧཧ། ཧོཧོ།
འདྲ་བ་ལ་ནི་དངོས་་མ་ཡིན། །ཞེས་པའི་གཞུང་ཚིག་དེ་འདྲ་གོ་མྱོང་བས་་་་་་་ ལགས།
༄༅། །དཀར་ཟས་ཁོ་ན་དག་པའི་ལམ་མ་ཡིན།
ཀ་ར་བུ་རམ་དོན་དུ་འབུ་སྦྲངས་རིགས་གསོད་དགོས། །
ཁུ་བ་སྐོལ་བའི་དོན་དུ་ཕྲ་འབུའི་རིགས་བསྲེག་དགོས། །
གུར་གུམ་བཟང་དྲུག་དོན་དུ་གནོད་འབུའི་རིགས་ཁྱུ་གསོད། །
ང་རྒྱལ་དཀར་ཟས་མཁན་པོས་གནས་ལུགས་ཤིག་མི་རྙེད། །
ཅ་ནེ་ལག་ཏུ་བླང་བ་སྲེད་པ་ཡི་འགུལ་ཤུགས། །
ཆ་ལུགས་སྣ་ཚོགས་བྱ་བ་ལེན་པ་ཡི་གར་སྟབས། །
ཇ་ཆང་གང་ཞིག་འཐུང་ཡང་སྲེད་ལེན་ལས་མ་འདས། །
ཉ་ཉུང་ཅི་ཞིག་ཟོས་ཀྱང་སྲིད་པ་ཡི་རྩ་བ། །
ཏཱ་ཐ་ག་ཏས་དག་པའི་ཤ་ཟས་ཀྱི་གནང་བ། །
ཐ་ཆད་འགའ་རེས་ལྷས་སྦྱིན་བརྟུལ་ཞུགས་དང་བརྗེས་ཏེ། །
ད་ནི་རྒྱལ་བའི་བཀའ་ཡང་ལོག་པ་རུ་འགྲེལ་བའི། །
ན་ནིང་ད་ལོའི་རྒྱ་བླའི་དབུ་འཕང་དེ་ཇེ་མཐོ། །
པ་སངས་ལྷག་པའི་དཀར་ཟས་དུས་ཁྲིམས་དེ་ལེགས་མོད། །
ཕ་རོལ་ཤ་ཟན་ཐམས་ཅད་ཁྱད་གསོད་ཅིག་མ་གནང་། །
བ་འབྲི་འབུ་སྲིན་དབྱེ་བ་ཕྱོགས་རེ་བའི་སྙིང་རྗེ། །
མ་རྒན་སུ་ཞིག་བསད་ཀྱང་དྲིན་ལན་ནི་ལོག་མཇལ། །
ཙཱ་རིའི་འབུ་རིགས་ཟ་བའི་ཀློ་བ་ཡི་རིགས་ལ། །
ཚ་བའི་ཡུལ་གྱི་མཐའ་འཁོབ་ལྐུག་པ་ཞེས་སྨོད་གྱིན། །
ཛ་དྲག་གཡོ་རྒྱུས་དཀར་ཟས་ཆེ་བརྗོད་ཀྱི་འུད་མོ། །
ཝ་སྐྱེས་ཚོས་ཀྱིས་བསྒྱུར་བའི་གནའ་སྒྲུང་ལས་མ་འདས། །
ཞྭ་གོས་ཐོབ་ཐང་རྩོད་པ་བསྟན་དོན་ལ་ཞལ་བསྒྱུར། །
ཟྭ་ཚོད་འབུ་རིགས་བཟའ་བ་འདུལ་ཁྲིམས་ལ་ལོག་འགྲེལ། །
འུ་ཅག་བོད་པའི་ཁ་བདེ་ཆོས་པ་ཡི་གཡོ་སྒྱུས། །
ཡ་མཚན་རྒྱལ་བསྟན་རྟགས་ཙམ་འཛིན་པའི་སར་སྐྱེལ་ཉེ། །
རྭ་ལོའི་ཤ་ཆང་བུད་མེད་གསང་སྔགས་ཀྱི་ཆེ་བ། །
ལ་སྟོད་མི་ལས་དམ་ཚིག་རྫས་མཆོག་ཏུ་བཞེད་པ། །
ཤ་ཟན་དགྲ་རུ་འཛིན་པའི་མིག་ལམ་ལ་མི་མཛའ། །
ས་ཐོབ་སེམས་དཔའི་བཞེད་པ་གད་སྙིགས་སུ་འདོར་ཉེ། །
ཨ་ལ་ལ་སྟེ་ལོག་པའི་ལྟ་བ་ལ་མཐའ་མེད། །
ཧ་ལམ་དཀར་ཟས་མཁན་པོར་བདེན་པ་ཡང་ཡོད་སྲིད། །
ཨ་རེ་དམ་པའི་གསུངས་ལ་ལེགས་ཆ་རེ་ལོས་ཡོད། །
ཧ་ཧ་སྨྱོན་པ་ང་ཡི་གཏམ་འཆལ་འདི་དོན་མེད། །ཞེས་དཀར་ཟས་ལ་དགའ་བ། དཀར་ཟས་པ། ཆེན་པོའི་དཔུང་དང་། མཐོན་པོའི་རྒྱབ་སྐྱོར་མེད་ཀྱང་གཅིག་པུར་སྤྲོ་ཡལ་ལེ། ངོ་འཛིན་གྱི་སྤྲོས་པ་མེད་པ། དྲང་བདེན་གྱིས་མི་ཚེ་སྐྱེལ་ལ་དགའ་བའི་དྲི་མེད་མིང་གིས་ཀུ་རེ་དང་དོན་དམ་འབྲེལ་བའི་གླུ་འདི་སྐར་མ་ལྔའིཡུན་ལ་བྲིས་ཏེ་ཕུལ།
དཀར་ཟས་མང་ལ་དམར་ཟས་ཉུང་། །
ཁ་ལ་བྲོ་བ་ཆེ་བའི་ཟས། །
ག་འདྲ་གར་འདུག་ཡང་ཡང་ལྟོས། །
ང་ཚོ་བོད་རིགས་སྤུན་ཟླ་ཚོ། །
བཟའ་བཏུང་རྒྱུས་མངའ་ཀུན་ལ་ཡོད་པས། །
དཀར་དམར་ཟས་ལ་བསླབ་བྱ་མི་དགོས། །
ཀུན་གྱིས་ཤེས་པའི་ཤེས་བྱ་ཞིག་ལ། །
ཀུན་ལ་བསླབ་བྱ་བཤད་ཁུལ་མ་བྱེད། །
བོད་ལྗོངས་ཛ་དྲག་དཀའ་ངལ་འདི་ལས། །
སྐྱོབ་པའི་གསར་བཏོད་ཐབས་ཤེས་ཨེ་ཡོད། །
ཡོད་ན་བོད་སྐྱོབ་ཐབས་ལམ་སྟོན་རོགས། །
xxxx
དཀར་ཟས་དམར་ཟས་ངས་མི་ཤེས་ང་ཚོ་ནང་པ་ཡིན་ན་སེམས་ཅན་གྱི་ཤ་ཁྲག་ལ་ལོང་སྤྱོད་པ་འདི་ཤིན་ཏུ་ནོར་བས་ཤ་དང་འོ་མ་སོགས་ཚང་མ་སྤང་དགོས་ན་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་ཁྲིམས་སྒྲིག་གཏན་འབེབས་གནང་ནས་བོད་པ་ནང་པ་ཡིན་པ་ཚང་མས་ཤ་དང་དུད་འགྲོའ་འོ་མ་དང་མར་ཕྱུར་ར་སོགས་དང་སྤུ་བལ་སྤག་པ་སོགས་རྩ་བ་བིད་ནས་བེད་སྤྱོ་གཏོང་མི་ཆོག་པའི་ཁྲིམས་བཟོ་དགོས་།