ཨེ་མ་ཧོ།
ན་མོ་གུ་རུ་མ་ཎི་པདྨ་ཡེ།
མཚན་དཔེ་སྐུ་ཡི་ངོ་བོ་རྟག་ཏུ་བརྟན།།
ཟབ་རྒྱས་གསུང་གི་རང་བཞིན་འགགས་པ་མེད།།
མཚུངས་མེད་ཐུགས་རྗེའི་སྒྱུ་འཕྲུལ་རྡོ་རྗེའི་གར།།
མཁྱེན་བརྩེ་ནུས་ལྡན་ཞི་བདེ་གླིང་པར་རྒྱལ།།
བླ་མ་བསྟན་འཛིན་རྒྱ་མཚོའི་བྱིན་རླབས་གཏེར།།
ཡི་དམ་རྟེན་འབྱུང་དངོས་གྲུབ་ནོར་བུའི་མཛོད།།
མཁའ་འགྲོ་ཆོས་སྲུང་ཕྲིན་ལས་སྒྲུབ་པའི་གར།།
སྲིད་གསུམ་དབང་བསྒྱུར་ཞི་བདེ་གླིང་པར་བསྟོད།།
རིས་མེད་གྲུབ་མཐའ་རྒྱ་མཚོའི་གཏེར་ལ་དབང་།།
ཐབས་ཤེས་རིག་པའི་ཡིད་བཞིན་ནོར་བུ་མཆོག།
དཀར་ཕྱོགས་བསྟན་པའི་རྒྱལ་མཚན་བསྒྲིང་བའི་མགོན།།
འཛམ་གླིང་ཞི་བདེ་གླིང་པ་ཡོངས་སུ་བསྔགས།།
གངས་ཅན་བསྟན་སྲིད་ཕན་བདེའི་སེང་ཆེན་རྒྱལ།།
རྒྱལ་འགོང་དམ་སྲི་འདུལ་བའི་དགེ་སློང་རྗེ།།
རྗེ་བཙུན་བླ་མ་ཀུན་འདུས་རིན་པོ་ཆེ།།
ཆེ་བའི་ཆེ་མཆོག་ཕྱོགས་ལས་རྣམ་རྒྱལ་ཤོག།
ཅེས་པ་འདི་ཡང་རབ་རྒྱན་ཤིང་རྟའི་ཟླ་ཚེས་དགེ་བ་འམ་ཕྱི་ལོ་ཉིས་སྟོང་བཅུ་བཞི་ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན་རྒྱལ་དབང་བཅུ་བཞི་པ་ཞི་བདེ་གླིང་པས་ནོ་སྦིལ་ཞི་བདེའི་གཟེངས་རྟགས་བཞེས་པའི་དུས་ཆེན་ལ་སྤྲུལ་སྐུ་འཇམ་དབྱངས་གྲགས་པ་དང་། དྲ་གྲོགས་ཕྱི་གསལ་ནང་གསལ་དང་། མཁའ་འགྲོ་དཔལ་ལྡན་ལྷ་མོ་དང་ཚེ་རིང་སྒྲོལ་དཀར་སོགས་ཀྱིས་སྐུལ་ངོར་རིག་འཛིན་ཨེ་མ་ཧོས་དབྱིན་ཡུལ་ཀུན་བཟང་ཆོས་གླིང་ནས་གསོལ་བ་འདེབས་པར་དགེའོ།། །།