འབྲས་སྤུངས་སྒོ་མང་ཀླུ་འབུམ་བསྟན་འཛིན་རྒྱ་མཚོས།
【དཔྱད་རྩོམ་ཁ་བྱང་།】 འཛམ་གླིང་ཞི་བདེ་རིགས་སྒྲུབ་ཀྱི་རྨད་བྱུང་ཐབས་ལམ།
【བསྡུས་མིང་།】 ༸འཕགས་མཆོག་ཕྱག་ན་པདྨོའི་ཐུགས་བསྐྱེད་དམ་བཅའ་བཞི།
【བརྡ་ཆད་གཙོ་བོ།】 ༡ འགྲོ་བ་མིའི་བཟང་སྤྱོད་གོ་རྟོགས་སྤེལ་ཐབས། ༢ ཆོས་ལུགས་མཐུན་འབྲེལ་སྤེལ་ཐབས། ༣ བོད་ཀྱི་ཆོས་རིག་ཁོར་ཡུག་དང་བཅས་པ་སྲུང་སྐྱོབ་བྱེད་ཐབས། ༤ རྒྱ་གར་གྱི་གནའ་བོའི་ཤེས་རིག་བསྐྱར་གསོ་གནང་ཐབས་བཅས།
མཆོད་པར་བརྗོད་པ།
༸འཛམ་གླིང་སྐྱེ་འགྲོའི་དཔལ་དུ་བལྟམས་པའི་ངོ་མཚར་མཛད་བརྒྱ་གཅིག་ཏུ་འཁྱིལ་བའི་འཆི་མེད་བདུད་རྩིའི་བུམ་བཟང་། བོད་ཁ་བ་གངས་ཅན་པའི་ལྷ་སྐལ་འཕགས་མཆོག་ཕྱག་ན་པདྨའི་ཞབས་རྡུལ་གསེར་གྱི་བ་གམ་མངོན་པར་མཐོ་བའི་ཁྲི་འཕང་དམ་པར། གངས་ལྗོངས་ལྷ་མི་ཡོངས་ཀྱིས་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ།
དཔྱད་རྩོམ་གྱི་གཞི་གདིང་བ།
ནང་བ་ཙམ་དུ་མ་ཟད་“ཚན་རིག་གི་ལྟ་ཚུལ་ཐོག་ནང་ཀྱང་། སེམས་ཅན་ཞེས་པ་ནི་བདེ་བ་དང་སྡུག་བསྔལ་མྱོང་བའི་ནུས་པ་དང་མྱོང་བ་དེ་དག་ལ་ཡ་ལན་བྱེད་སྟངས་ལ་བསྟུན་ནས་འགྲེལ་བརྗོད་བྱེད།”1 པས་འགྲོ་བ་སེམས་ཅན་ཞིག་ཡིན་ཕྱིན་ཆད་བདེ་བ་ངང་གིས་འདོད་ཅིང་། སྡུག་བསྔལ་རང་བཞིན་གྱིས་མི་འདོད་པ་ཡོང་གི་ཡོད་པ་ནི་སུས་ཀྱང་སྒྲུབ་བྱེད་བཀོད་མི་དགོས་པར་སེམས་ཅན་གྱི་ཆོས་ཉིད་དེ་ཚ་བ་མེའི་རང་བཞིན་བཞིན། དེ་ཡང་“དབང་ཤེས་ཀྱི་མྱོང་བའི་ཐོག་ནས་བདེ་བའམ་སྡུག་བསྔལ་ངོས་འཛིན་པ་ནི་ང་ཚོ་དང་སེམས་ཅན་གཞན་འདྲ་བ་ཡིན།”2 པས་དེའི་ཆ་ནས་འགྲོ་བ་མི་དུད་འགྲོ་སོགས་སེམས་ཅན་གཞན་རྣམས་ལས་ཁྱད་པར་འབྱེད་མི་ཐུབ། “ང་ཚོ་མི་རྣམས་ལ་དྲན་ཤེས་ཀྱི་ནུས་པ་སྟོབས་ཆེ་བ་དང་ཤིན་ཏུ་ཕྲ་བ་ཞིག་ཡོད་པ་དེ་ནི་སེམས་ཅན་གཞན་མང་པོ་ལས་རྦད་དེ་ཤུགས་ཆེ་བ་ལྟ་བུར་སྣང་། དེ་ལ་བརྟེན་ནས་ང་ཚོའི་སེམས་ནང་འདས་དོན་རྣམས་དྲན་ཐུབ་པ་ཡོང་གི་ཡོད། གཞན་ཡང་ང་ཚོས་མ་འོངས་པར་བསམ་བློ་གཏོང་ཐུབ་ཀྱི་ཡོད། དེར་མ་ཟད་ང་ཚོར་ཧ་ཅང་སྟོབས་ཆེ་བའི་འཆར་སྣང་དང་། སྐད་བརྡའི་ཐོག་ནས་ཕན་ཚུན་འབྲེལ་བ་བྱེད་པར་ཡར་ཐོན་ཧ་ཅང་ཆེ་བའི་ནུས་པ་ལྡན་”3 པས། དུས་རབས་འདིར་འཛམ་གླིང་གོ་ལ་ཧྲིལ་བོའི་སྐྱེ་ཁམས་ཁོར་ཡུག་དང་བཅས་པའི་འགྲོ་བ་མི་རྣམས་གཅིག་ལ་གཅིག་རྟེན་གྱིས་ཕན་ཚུན་ཕན་གནོད་འདྲེན་པ། དཔེར་ན། རྒྱལ་ཁབ་ཕན་ཚུན་གྱི་དཔལ་འབྱོར་མཁོ་སྒྲུབ་དང་། དེང་གི་ཏོག་དབྱིབས་ནད་ཡམས་འགོས་ཚབས་ཆེ་བའི་རྒྱུ་རྐྱེན་ལས་བསླབ་བྱ་ལེན་ཐུབ་པ་ཞིག་རེད། དེས་ན་དེང་གི་འཛམ་གླིང་འདི་གནའ་སྔ་མོ་དང་མི་འདྲ་བར་རང་གི་གཉེན་ཉེ་དང་ཉེ་འཁོར་འདུས་སྡོད་ཙམ་དུ་མ་ཟད། རྒྱལ་ཁབ་དང་འཛམ་གླིང་ཤར་ནུབ་ལྷོ་བྱང་སོགས་གོ་ལ་ཧྲིལ་བོའི་སྣོད་བཅུད་སྐྱེ་ཁམས་ཁོར་ཡུག་ཡོངས་རྫོགས་དར་ཐག་གཅིག་གིས་སྦྲེལ་བ་ལྟ་བུར་གནས་པས། མི་སྒེར་གཅིག་དང་རྒྱལ་ཁབ་གཅིག་གིས་ཀྱང་འཛམ་གླིང་གོ་ལ་ཧྲིལ་བོར་ཕན་གནོད་ཀྱི་ནུས་པ་མངོན་གསལ་འདྲེན་པ་མཐོང་ཆོས་སུ་གྱུར་བ་འདིས། བཟང་ཕྱོགས་ནས་རེ་བ་གསར་བ་ཞིག་དང་ལྡོག་ཕྱོགས་ནས་ཉེན་ཚབས་ཤིན་ཏུ་ཆེ་བར་བརྟེན།
༸འཕགས་མཆོག་ཕྱག་ན་པདྨོས་དངོས་ཤུགས་བརྒྱུད་གསུམ་ནས་དུས་བསྟུན་ཐབས་མཁས་ཀྱིས་འཛམ་གླིང་གོ་ལ་ཧྲིལ་བོའི་མིའི་དངོས་ཡོད་འཚོ་བའི་ནང་། སྤྱི་སྒེར་སུས་ཀྱང་ལག་ལེན་བསྟར་ཐུབ་ཅིང་ཕན་བདེ་འབའ་ཞིག་སྟེར་བའི་ཐུགས་བསྐྱེད་དམ་བཅའ་བཞི་སྟེ་༡ འགྲོ་བ་མིའི་བཟང་སྤྱོད་གོ་རྟོགས་སྤེལ་ཐབས། ༢ ཆོས་ལུགས་མཐུན་འབྲེལ་སྤེལ་ཐབས། ༣ བོད་ཀྱི་ཆོས་རིག་ཁོར་ཡུག་དང་བཅས་པ་སྲུང་སྐྱོབ་བྱེད་ཐབས། ༤ རྒྱ་གར་གྱི་གནའ་བོའི་ཤེས་རིག་བསྐྱར་གསོ་གནང་ཐབས་བཅས་ལས། ཐབས་ལམ་དང་པོ་གཞི་རྩར་བཟུང་ནས། གཉིས་པས་དེ་ལ་རམ་འདེགས་བྱེད་ཅིང་། གསུམ་པས་དེང་གི་དུས་འདིར་ཐབས་ལམ་སྔ་མ་གཉིས་ལག་ལེན་དོན་འཁྱོལ་ཡོང་བར་དམིགས་བསལ་ནུས་པ་འདོན་ཐུབ་ནའང་། རྒྱ་གར་འཕགས་ཡུལ་ནི་ཆོས་ལུགས་མཐུན་འབྲེལ་གནས་ཡུལ་གྱི་དཔེ་མཚོན་བཟང་པོ་ཞིག་དང་། རང་གི་འཚོ་གནས་དང་རིག་གཞུང་གི་ཆ་ཤས་སུ་གྱུར་བའི་བོད་ཀྱི་ཁོར་ཡུག་དང་ཆོས་རིག་སྲུང་སྐྱོབ་བྱེད་པར་འཕགས་ཡུལ་རྒྱལ་ཁབ་རང་ལ་དམིགས་བསལ་གྱི་འགན་ཁྲི་ཡོད་པ་ཞིག་དང་། རྒྱ་ཆེ་གཏིང་ཟབ་ཀྱི་རིག་གཞུང་དེ་སླར་བསྐྱར་གསོ་གནང་ཐུབ་ན་མི་གྲངས་དུང་ཕྱུར་བཅུ་ལྷག་གནས་པའི་རྒྱལ་ཁབ་རང་གི་རྩ་ཁྲིམས་ནང་གསལ་བའི་སྙིང་རྗེ་དང་འཚེ་མེད་ཞི་བའི་འབོད་སྒྲ་དེས། འཛམ་གླིང་གོ་ལ་ཧྲིལ་བོ་ཞི་བདེ་མཉམ་གནས་ཀྱི་ཁྱིམ་ཚང་ཆེན་པོ་གཅིག་ཏུ་བསྒྱུར་ཐུབ་པར་གདོན་མི་ཟ་ནའང་། དེ་ནི་རྒྱལ་ཁབ་རང་གིས་སྙིང་སྟོབས་ཆེན་པོས་མདུན་བསྐྱོད་ཐབས་ལམ་དེ་དངོས་སུ་ལག་ལེན་ཐུབ་མིན་ལ་རག་ལས་པ་ཞིག་རེད། དེས་ན་སྤྱི་སྒེར་སུ་འདྲ་ཞིག་ཡིན་ཡང་སོ་སོས་འགྲོ་བ་མིའི་“བདེ་སྐྱིད་འཚོལ་སྙེག་གི་གོམ་འགྲོས་དང་པོ་ནི་ཤེས་པར་བྱེད་པ་སྟེ། ང་ཚོས་ཐོག་མར་མི་དགེ་བའི་སེམས་དང་སྤྱོད་པས་རང་ཉིད་ལ་ཇི་ལྟར་འཚེ་བ་བྱེད་པ་དང་། དགེ་བའི་སེམས་དང་སྤྱོད་པས་རང་ཉིད་ལ་ཇི་ལྟར་ཕན་འདོགས་པ་རྟོགས།”4 ནས། འདས་ཟིན་པའི་རང་གི་ཉམས་མྱོང་དང་དུས་རབས་ལོ་རྒྱུས་ལས་བསླབ་བྱ་བླངས་ཏེ། ༸ འཕགས་མཆོག་ཕྱག་ན་པདྨོའི་བླ་མེད་ལམ་སྟོན་བཞི་ཉམས་སུ་བསྟར་བའི་རིགས་སྒྲུབ་མན་ངག་ལ་བརྟེན་ནས་ཐོག་མར། མི་རང་ཉིད་ནས་འགོ་བརྩམ་སྟེ་ལེགས་བཅོས་ཇི་ལྟར་བྱེད་པའི་ཚུལ་ལ་དཔྱད་ཅིང་གསལ་བར་འགོད་པ་ལ།
༡ འགྲོ་བ་མིའི་ཡ་རབས་བཟང་སྤྱོད་གོ་རྟོགས་སྤེལ་ཐབས།
འགྲོ་བ་མི་འཚོ་གནས་བྱེད་པར་བུད་མེད་རྣམས་ལ་ཕྲུ་གུ་སྐྱེད་སྤེལ་བྱེད་པའི་དམིགས་བསལ་གྱི་རང་གི་ལུས་པོའི་གྲུབ་ཆའི་ཐོག་ནས། ཕྲུ་གུར་བརྩེ་བ་ངང་གིས་སླེབས་ཅིང་དེའི་ཆེད་དུ་བློས་གཏོང་ཆེན་པོ་བྱེད་ནུས་པ་ཙམ་དུ་མ་ཟད། སྤྱིར་སྐྱེས་པ་ཕོ་ལས་རང་བཞིན་གྱིས་བྱམས་བརྩེ་ཆེ་ཞིང་ཕྲུ་གུ་རྣམས་ཀྱང་གཞན་གྱིས་བསླབ་པ་ལ་མི་ལྟོས་པར་རང་གི་ངང་གིས་མ་ལ་དམིགས་བསལ་གྱི་བརྩེ་བ་སླེབས་པ་ནི། ཕྲུ་གུ་སྐྱེད་སྤེལ་དང་འཚོ་གནས་ཀྱི་དགོས་མཁོ་ལས་ཕན་ཚུན་བཅོས་མིན་གྱི་བྱམས་བརྩེ་དང་འགན་ཁུར་དེ། གཉིས་ཕན་ལྟོས་གྲུབ་ཀྱིས་བཀོད་བསྒྲིགས་བྱས་པ་ཞིག་རེད། དེས་ན་ང་ཚོ་འགྲོ་བ་མི་རྣམས་ཀྱང་སྔོ་རིལ་རིལ་གྱི་གོ་ལ་ཟླུམ་པོ་ཞིག་གི་སྟེང་དུ་མཉམ་གནས་ཀྱིས་འཚོ་སྡོད་བྱེད་པའི་སྤྱི་ཚོགས་ཤིག་ཡིན་སྟབས་རང་ཉིད་གང་དུ་གནས་སའི་ཁོར་ཡུག་ལ་གཅེས་སྐྱོང་དང་། གང་གིས་འཚོ་བའི་སྤྱི་ཚོགས་དེ་བྱམས་བརྩེ་དང་མཛའ་མཐུན་གྱིས་འཚོ་དགོས་པ་ནི། བྱ་དང་རི་དྭགས་མཉམ་འདུས་ཀྱི་སྤྱི་ཚོགས་ལ་དཔེ་ལྟོས་ནའང་གསལ་བོ་རེད། དེའི་ཕྱིར་ང་ཚོས་སྔ་མའི་ནུབ་ཕྱོགས་ཚན་རིག་པའི་ཡིད་ཆེས་ཀྱི་བསམ་བློའི་ཤུགས་རྐྱེན་དང་སློབ་སྦྱོང་ཁོ་ནར་འབད་འབུངས་བྱས་ནས་བདེ་སྐྱིད་ཡོད་ཚད་ཕྱི་དངོས་པོའི་མཐུན་རྐྱེན་ལས་བསྐྲུན་ཐུབ་པར་ཡིད་ཆེས་བྱེད་པ་ལས། ནང་བསམ་བློའི་འཁྱེར་སོ་དྲན་ཤེས་བག་ཡོད་བསྟེན་ནས། རང་གི་འཚོ་བར་ཆོག་ཤེས་དང་གཞན་ལ་བྱམས་བརྩེ་དང་བཟོད་སྒོམ་གྱི་བཟང་པོའི་བསླབ་བྱར་ཆེད་སྦྱོང་བྱེད་པ་ཕར་ཟད། དེ་དག་འཐུས་ཤོར་བཏང་བ་མང་དྲགས་པའི་མཇུག་འབྲས་ལས་དེང་གི་འགྲོ་བ་མིར་སྣོད་བཅུད་ཁོར་ཡུག་དང་བཅས་པར་བསབ་ཐབས་མེད་པའི་ཡ་ང་བའི་གནས་སྟངས་འདི་ལྷགས་པ་རེད།
དེས་ན་“ཚན་རིག་གི་དོ་ནན་ཚ་ཤོས་ཀྱི་ལྟ་ཚུལ་ཐོག་ནས་ཀྱང་། རང་འདོད་མེད་པ་དང་གཞན་ལ་སེམས་ཁུར་བྱེད་པ་ནི་ང་ཚོ་རང་གི་ཁེ་ཕན་ཙམ་མ་ཡིན་པར། ང་ཚོའི་ལུས་པོའི་གྲུབ་ཆའི་རང་བཞིན་གྱི་ཐོག་ནས་རང་ཆས་སུ་ཡོད་པའང་བསྟན་ཡོད། དེ་ལྟ་བུའི་དཔང་རྟགས་ང་ཚོ་སྒེར་གྱི་མྱོང་བ་དང་མཉམ་སྡེབ་བྱས་ཤིང་། རྒྱུན་ཤེས་དང་ཟུང་འབྲེལ་བྱས་ན། ངོས་ཀྱི་བསམ་བར། ཆོས་ལུགས་ཀྱི་ལྟ་གྲུབ་བམ་དད་པར་རྩ་བ་ནས་མ་བརྟེན་པར་འགྲོ་བ་མིའི་གཞི་རྩའི་རིན་ཐང་རྒྱུད་སྦྱོང་བྱེད་པའི་ཕན་ཡོན་ཐད་སྒྲུབ་བྱེད་ཤུགས་ཆེ་ཞིག་རྒྱུ་སྐྲུན་ཐུབ།”5 པས་ད་ལྟ་འཛམ་གླིང་འདིར་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་སྐྲུན་པ་ལ་ནུས་པ་ཆེ་ཆེར་འདོན་ཐུབ་པའི་ཚོགས་སྡེ་དང་སྒེར་བ་དག་མཉམ་རུབ་ཀྱིས། རྒྱལ་ཁབ་དང་ས་གནས་མི་རིགས་གང་ཡིན་ལ་ལྟོས་པ་མེད་པར་གང་ན་བཀྲེས་ལྟོགས་དང་ནད་ཡམས་དབུལ་ཕོངས་སོགས་ཀྱིས་མནར་བཞིན་པའི་མི་རྣམས་ཛ་དྲག་གི་ཉེན་ཁ་ལས་སྐྱོབ་པར་བྱེད་པ་དང་། གོ་ལའི་ཚ་དྲོད་རྒྱས་པ་སོགས་ཁོར་ཡུག་གི་ཉེན་ཚབས་ཆེ་བའི་རིགས་ལ་སྔོན་འགོག་གི་བྱེད་ཐབས་ཅི་དགེ་སྤེལ་བར་གྲོས་མོལ་རང་བཞིན་གྱིས་ནུས་པ་མཉམ་སྤུངས་བྱེད་པ་དང་། ཆུང་བྱིས་པའི་སློབ་ཆུང་ནས་བཟུང་ནང་བསམ་བློའི་འཁྱེར་སོ་ཚུལ་མཐུན་བག་ཡོད་དང་དྲན་ཤེས། བྱམས་བརྩེ་དང་བཟོད་སྒོམ་ཆོག་ཤེས་བཅས་པའི་བཟང་པོའི་བསླབ་བྱ་དག་ལ་ཆེད་སྦྱོང་བྱེད་པའི་སློབ་དེབ་དང་སློབ་ཁྲིད་སོགས་བཟང་ཕྱོགས་ཀྱི་མཐུན་རྐྱེན་ཚང་བར་འབད་འབུངས་བྱེད་པ་ནི། ལག་ལེན་དངོས་ཀྱི་ཐོག་ནས་ང་ཚོ་འགྲོ་བ་མི་ཚང་མ་བདེ་སྐྱིད་ཀྱིས་འཚོ་བའི་ཐབས་ལམ་ཡག་ཤོས་ཤིག་དང་། མིག་ལྟོས་བཟང་པོ་ཞིག་གི་གོམས་གཤིས་འཇགས་ཐབས་བྱེད་པའི་གཞི་རྟེན་བཙུགས་པ་ཞིག་རེད། དེ་ལྟར་བཟང་པོའི་བསླབ་བྱར་ཆུང་ནས་སློབ་གསོ་ཐོབ་ཅིང་དེའི་དགེ་མཚན་དང་ཕན་ནུས་ལ་གུས་བརྩི་ཐོབ་ཅིང་དྲན་ཤེས་བག་ཡོད་དང་བྱམས་བརྩེས་ཀུན་ནས་བསླངས་ཏེ། གཞན་ཕྱིར་ལས་དོན་སྒྲུབ་པ་རང་གི་འཚོ་བའི་ཆ་ཤས་སུ་འཁྱེར་ནུས་པའི་མི་ཞིག་གསོ་སྐྱོང་བྱེད་ཐུབ་ཚེ། དེ་འདྲ་བའི་མི་རྣམས་ཀྱིས་ཆེ་ས་འཛམ་གླིང་སྤྱིའི་ཁོར་ཡུག་དང་རྒྱལ་ཁབ་ཆུང་ས་རང་ཉིད་ཀྱི་འཚོ་བར་དྲན་ཤེས་བག་ཡོད་དང་། ཆོག་ཤེས་ཀྱི་བསམ་པས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་རང་གི་འཁོས་བབ་ལ་གཞིགས་ནས་འཚོ་བ་སྐྱེལ་བ་ལས་བག་མེད་རྒྱས་སྤྲོས་དང་ལྐོག་ཟ་རུལ་སུངས་ནམ་ཡང་མི་བྱེད་ལ། དེ་མཚུངས་སུ་དཀའ་ངལ་ཆེ་ཕྲ་ཅི་སྙེད་ཅིག་ལ་འཕྲད་ཀྱང་བཟོད་སྒོམ་དང་། བསྟུན་མཁས་ཀྱིས་འགྲོ་བ་མིའི་བདེ་སྐྱིད་ངོ་མ་དེར་ལོངས་སྤྱོད་པ་ཞིག་ཡོང་གི་རེད་སྙམ།
༢ ཆོས་ལུགས་མཐུན་འབྲེལ་སྤེལ་ཐབས།
དེ་ལྟར་འགྲོ་བ་མིས་རང་གི་བདེ་སྐྱིད་ངོ་མ་དེར་ལོངས་སྤྱོད་པར་“ཆོས་ལུགས་ཆེ་ཁག་རྣམས་ཀྱི་གཟི་བརྗིད་གཅིག་ནི། ང་ཚོས་སྙིང་རྗེ་རྒྱུད་ལ་སྐྱེད་དགོས་པ་དང་། དེ་ལ་བརྟེན་ནས་རང་གི་སེམས་དོན་གྱི་བསྒྲུབ་བྱ་ལེགས་གྲུབ་ཡོང་ཐུབ་ཅེས་པའི་བསླབ་བྱའི་སྙིང་པོ་དེ་ཡིན། སྙིང་རྗེའི་ཐོག་རླབས་ཆེན་གྱི་ཆོས་ལུགས་དེ་དག་གི་གཅིག་གྱུར་གྱི་བསླབ་བྱ་ལ་བརྟེན་ནས་ང་ཚོའི་སེམས་ཀྱི་དགའ་སྣང་དང་གོ་རྟོགས་ཚད་མཐོན་པོ་ཞིག་ཏུ་གོང་མཐོར་གཏོང་བའི་ནུས་པ་ཆོས་ལུགས་དེ་དག་ལ་ཡོད།”6 པས་ཆོས་ལུགས་པས་རང་ཉིད་བྱམས་བརྩེ་དང་བཟོད་སྒོམ་ཆོག་ཤེས་ཀྱི་ཀུན་སྤྱོད་ལ་གནས་ནས་འགྲོ་བ་མིའི་གཞི་རྩའི་ཡོན་ཏན་དྲན་ཤེས་བག་ཡོད་དང་བྱམས་བརྩེ་དེ་ཆོས་ལུགས་སུ་འདྲ་ཞིག་གིས་སྤེལ་ཀྱང་། ཆོས་ལུགས་དེས་འགྲོ་བ་མིར་དགོས་ངེས་ཀྱི་རང་གི་ཆོས་ལུགས་ཀྱི་བསླབ་བྱ་བྱམས་བརྩེ་ངོ་མ་དེ་སྤེལ་བཞིན་པ་ཤེས་ནས་ཆོས་ལུགས་དེ་ལ་གུས་བརྩི་་བྱེད་ཅིང་། དེའི་ལྟ་གྲུབ་རང་དང་མི་མཐུན་ནའང་འགྲོ་བ་མི་ཡོངས་རྫོགས་རང་གི་ཆོས་ལུགས་འབའ་ཞིག་ལ་དད་པའི་དད་ལྡན་པ་ཞིག་ཏུ་ནམ་ཡང་འགྱུར་མི་སྲིད་པའི་གནས་ལུགས་དེ་ཤེས་པའི་ཐོག་ནས་ཆོས་ལུགས་གཞན་དག་གི་བྱེད་ཐབས་ལའང་ངེས་པར་བཟོད་སྒོམ་བྱེད་པ་དང་། དེ་དང་ལེན་བྱས་ནས་ཆོས་ལུགས་མཐའ་དག་མཉམ་རུབ་ཀྱིས་འཛམ་གླིངས་ཡོངས་བདེ་སྐྱིད་ཀྱི་ལམ་དུ་འཁྲིད་དགོས་པ་དང་འཁྲིད་ཐུབ་པ་ཞིག་ཀྱང་རེད།
༣ བོད་ཀྱི་ཆོས་རིག་ཁོར་ཡུག་དང་བཅས་པ་སྲུང་སྐྱོབ་བྱེད་ཐབས།
ང་ཚོ་འགྲོ་བ་མི་རྣམས་ཀྱིས་“ངེད་ཅག་ཐམས་ཅད་བདེ་བ་འདོད་པ་དང་སྡུག་བསྔལ་ལས་ཐར་བར་འདོད་པའི་དབྱེ་རུ་མེད་པའི་གཞི་རྩའི་རང་བཞིན་ཐད་ཀར་ཉམས་སུ་མྱོང་”7 ཐུབ་པ་ཡིན་ན་“ང་ཚོ་སྒེར་སོ་སོའི་བར་མི་
མཐུན་པ་ཡོད་མིན་ལ་མ་ལྟོས་པར་དབྱེ་རུ་མེད་པའི་རང་བཞིན་འདི་ང་ཚོ་དང་ང་ཚོའི་འཇིག་རྟེན་འདི་འགྱུར་བ་གཏོང་བའི་དངོས་ཡོད་ཀྱི་བདེན་དོན་ཞིག་ཏུ་འགྱུར་ཐུབ། ཤིན་ཏུ་གལ་གནད་ཆེ་བའི་བེམ་རྫས་ཀྱི་ཁྱད་ཆོས་དག་ཚད་རྡུལ་དབྱེར་མེད་ཀྱི་རང་བཞིན་ལས་ཕྱིར་མངོན་པ་བཞིན། བཅོས་མ་མིན་པའི་བྱང་ཆུབ་ཀྱི་སེམས་ཀྱང་ང་ཚོ་འགྲོ་བ་མི་རྣམས་ཁྱད་པར་དབྱེ་རུ་མེད་པའི་རང་བཞིན་འདི་ལས་འབྱུང་གི་ཡོད། བདག་གཞན་མཉམ་བརྗེའི་ཉམས་ལེན་ནུས་པ་འཐོན་པ་བྱེད་ཐུབ་ཚེ་དེས་ནུས་པ་མེད་པ་དང་ཚོར་བ་མེད་པའི་བདེན་དོན་དག་བྱ་བཞག་ཀུན་ཁ་ལོ་སྒྱུར་ཐུབ་པའི་ནུས་སྟོབས་ཅན་དུ་སྒྱུར་ཐུབ། ཐབས་ལམ་འདིའི་ཐོག་ནས་བོད་པ་ཚོས་བརྩེ་བ་དང་ཤེས་རབ་གཉིས་ཟུང་དུ་སྦྲེལ་”8 ཏེ་གཞན་ལས་རང་ལ་བདེ་སྡུག་ཇི་ལྟར་འབྱུང་བའི་སྐྱོན་ཡོན་ལེགས་པར་ཤེས་པར་བྱས་ནས་རང་ཉམས་ལ་དཔག་སྟེ་བཟོད་སྒོམ་དང་བྱམས་བརྩེ་སོགས་ཀྱི་བསླབ་བྱ་ལག་ལེན་བྱེད་པ་ཞིག་ཡིན་པས། “བོད་བརྒྱུད་ནང་བསྟན་གྱི་སྙིང་པོ་གྱུར་བའི་ཀུན་ཁྱབ་སྙིང་རྗེ་ནི་གཞན་གྱི་བདེ་དོན་ལ་བཅོས་མ་མིན་པའི་དོ་ཁུར་དང་དེ་ལྟར་ལག་བསྟར་བྱེད་པའི་ཆོད་སེམས་ཡོད་པ་”9 ཞིག་ཡིན་ཞིང་། དེ་ཡང་བོད་མི་རིགས་རང་གི་སྐད་ཡིག་རིག་གཞུང་གི་གཏིང་ཟབ་ཉིང་བཅུད་ཡིན་པས། དེ་འདྲའི་རིག་གཞུང་གང་ལ་བརྟེན་སའི་སྐད་ཡིག་དང་། དེ་འདྲའི་རིག་གཞུང་ལོ་ངོ་སྟོང་ཕྲག་གཉིས་མ་ཟིན་ཙམ་གྱི་རིང་འཆད་ཉན་ཉམས་བཞེས་ཚུལ་བཞིན་གནང་ནས་ཤ་གསེང་རུས་གསེང་དུ་ཐིམ་པའི་བོད་མི་རིགས་དང་། དེ་གང་དུ་གནས་སའི་འཛམ་གླིང་གི་གནས་གསུམ་པར་གྲགས་པའི་ཁ་བ་གངས་ཅན་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་དང་བཅས་པ་ཉེན་ཁ་ལས་བསྐྱབས་ཤིང་སྲུང་སྐྱོབ་བྱེད་པ་ནི་བོད་ཙམ་དང་གླིང་ཆེན་ཨེ་ཤ་ཡ་ཙམ་མ་ཡིན་པར་འཛམ་གླིང་སྤྱིའི་བདེ་སྐྱིད་ཀྱི་འབྱུང་རྩ་ཡིན་པས་བོད་མི་ཙམ་དུ་མ་ཟད་འཛམ་གླིང་འདིའི་སྟེང་འཚོ་སྡོད་བྱེད་པའི་མི་རེ་ངོ་རེར་འགན་ཡོད་པ་ཞིག་རེད།
༤ རྒྱ་གར་གྱི་གནའ་བོའི་ཤེས་རིག་བསྐྱར་གསོ་གནང་ཐབས།
བོད་འདིར་“ཐེག་པ་གཉིས་དང་། གྲུབ་མཐའ་བཞི། མདོ་སྔགས་དང་བཅས་པའི་སངས་རྒྱས་ཀྱི་བཀའ་འདི་དག་ནི་གཙོ་བོ་ལེགས་སྦྱར་གྱི་སྐད་ནས་བོད་སྐད་དུ་བསྒྱུར་པའི་པོད་བརྒྱ་ཙམ་གྱི་ནང་དུ་བསྡུས་ཡོད། བཀའ་དེ་དག་ལ་རྒྱ་གར་གྱི་མཁས་པའི་དགོངས་འགྲེལ་པོད་ཉིས་བརྒྱ་མ་ཟིན་ཙམ་ཞིག་ཡོད་པ་དེ་དག་ཀྱང་བོད་སྐད་དུ་རིམ་པས་བསྒྱུར་ཡོད།”10 ཅིང་། ད་ལྟ་རྒྱ་གར་ནང་དེ་དག་ཉམས་ནས་རྗེས་ཤུལ་ཙམ་ལས་ལྷག་མེད་པའི་དུས་འདིར། ༸ ཆེས་ཕུལ་བྱུང་གི་རིགས་སྟོབས་དང་སྤྱི་སྙོམས་ཀུན་ཁྱབ་ཀྱི་བྱམས་བརྩེའི་གོང་བུ་༸ འཕགས་མཆོག་ཕྱག་ན་པདྨོས། འཛམ་གླིང་གི་མི་འབོར་ཆེ་ཤོས་རྒྱ་གར་རྒྱལ་ཁབ་ཀྱིས་རང་གི་འཚོ་རྟེན་དང་གཏིང་ཟབ་རིག་གཞུང་གི་ཕན་ནུས་དགོས་གལ་རྟོགས་ནས་འཛིན་སྐྱོང་དར་སྤེལ་བྱེད་ཐུབ་ན། གནས་སྐབས་གཞུང་འཛིན་མི་སྣ་དང་སྒྲིགས་འཛུགས་ཇི་ལྟར་ཡིན་ཡང་ནང་པ་ས་ཡ་མང་པོ་འཚོ་སྡོད་བྱེད་པའི་རང་གི་ཁྱིམ་འཚེས་རྒྱལ་ཁབ་རྒྱ་ནག་དང་དོན་དམ་པའི་མཛའ་འབྲེལ་བྱུང་ནས། རྒྱལ་ཁ་གཉིས་ཕན་ཚུན་མཉམ་རུབ་ཀྱིས་འཛམ་གླིང་སྤྱིའི་བདེ་དོན་ལ་སྔར་ལས་ནུས་པ་ཆེ་ཙམ་འདོན་ཐུབ་ཅིང་དེའི་དམིགས་རྐྱེན་ལས། རིམ་ཀྱིས་བཟང་པོའི་བསླབ་བྱ་དེ་དག་རྒྱལ་ཁབ་གཞན་ལའང་ཁྱབ་འཕེལ་བྱུང་ནས། འཛམ་གླིང་ཡོངས་རྫོགས་སྐྱིད་སྡུག་མཉམ་མྱོང་གཅིག་གིས་འཚོ་ཞིང་ཀུན་ཁྱབ་བྱམས་བརྩེ་གཅིག་གིས་གོང་བུར་བཅིངས་པའི་གོ་ལ་ཧྲིལ་བོའི་ཁྱིམ་ཚང་ཆེན་པོ་ཞིག་ཏུ་འགྱུར་ཐུབ་པའི་༸ འཕགས་མཆོག་ཕྱག་ན་པདྨོའི་ཐུགས་རེ་ལྟར། ཐབས་ལམ་ཟབ་མོ་འདིའི་རིན་ཐང་ལ་ངེས་པ་འདྲོངས་ན། དོན་དམ་པར་འཛམ་གླིང་ཞི་བདེ་བསྐྲུན་པའི་ཐབས་ཤེས་ལ་འདི་ལས་ཐབས་ལམ་གཉིས་པ་གཞན་མེད་པ་ལྟ་བུར་སྣང་བས། ཆེ་ས་འཛམ་གླིང་སྤྱི་དང་རྒྱལ་ཁབ་སོ་སོ་ཆུང་ས་མི་རེ་ངོ་རེས་རང་གི་མི་ཚེ་བདེ་སྐྱིད་ལྡན་པའི་ངང་འཚོ་ཞིང་ཡུན་གནས་ཐུབ་པ་ཞིག་འདོད་ཕྱིན། ༸ འཕགས་མཆོག་ཕྱག་ན་པདྨོས་དུས་བསྟུན་ཐབས་མཁས་ཀྱིས་གནང་བའི་བླ་མེད་ལམ་སྟོན་བཞི་བོ་འདི་རང་གི་མི་ཚེའི་འཚོ་བའི་ཆ་ཤས་སུ་ཁ་ཞེ་གཉིས་མེད་ཀྱིས་ལག་ལེན་དོན་འཁྱོལ་གནང་དགོས་པ་ཞིག་རེད།
《འཛམ་གླིང་ཞི་བདེ་རིགས་སྒྲུབ་ཀྱི་རྨད་བྱུང་ཐབས་ལམ། 》འདིས། ༸ འཕགས་མཆོག་ཕྱག་ན་པདྨོའི་རླབས་ཆེན་ཐུགས་རྗེའི་འོད་སྣང་དཀར་པོ་དེ། འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་སེམས་ཁོངས་སུ་ཞི་བདེའི་འོད་སྣང་འདྲེན་པའི་སྐྱ་རེངས་གསར་བར་འགྱུར་བའི་སྨོན་འདུན་དང་བཅས། འཕགས་ཡུལ་ལྷོ་ཕྱོགས་བྱེས་ཀྱི་གདན་ས་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པ་ནས། ཕྱི་ལོ་༢༠༢༠ཟླ་༡༢ཚེས་༢༡རེས་གཟའ་ཟླ་བའི་ཉིན། གུས་པ་འབྲས་སྤུངས་སྒོ་མང་ཀླུ་འབུམ་བསྟན་འཛིན་རྒྱ་མཚོས་ཕུལ།
ཟུར་མཆན།
1 བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་2016འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་ཤོག་43ཕྲེང་17ལས།
2 བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་2016འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་ཤོག་44ཕྲེང་12ལས།
3 བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་2016འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་ཤོག་47ཕྲེང་13ལས།
4 ཕྱི་ལོ་2016ལོའི་སྒོ་མང་ཕར་ཕྱིན་འཛིན་གྲྭ །བདེ་སྐྱིད་ཀྱི་བསྟན་བཅོས་པོད་དང་པོའི་སྟོད་ཆ། ལེའུ་གསུམ་པ། ཤོག་62ཕྲེང་15ལས།
5 བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་2018འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་ཤོག་17ཕྲེང་10ལས།
6 བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་2018དོན་དམ་པའི་ཆོས་ལུགས་མཛའ་འབྲེལ། ༸ ཕྱག་ན་པདྨོའི་གསུང་། ་ཤོག་159ཕྲེང་5ལས།
7 བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་2013 ཝིག་ཊར་མན་སི་ཕིལ་གྱིས་བརྩམས། བོད་བརྒྱུད་ནང་བསྟན་དང་དེང་དུས་དངོས་ཁམས་རིག་པ། ཤོག་58ཕྲེང་1ལས།
8 བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་2013 ཝིག་ཊར་མན་སི་ཕིལ་གྱིས་བརྩམས། བོད་བརྒྱུད་ནང་བསྟན་དང་དེང་དུས་དངོས་ཁམས་རིག་པ། ཤོག་58ཕྲེང་2ལས
9 བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་2013 ཝིག་ཊར་མན་སི་ཕིལ་གྱིས་བརྩམས། བོད་བརྒྱུད་ནང་བསྟན་དང་དེང་དུས་དངོས་ཁམས་རིག་པ། ཤོག་50ཕྲེང་15ལས
10 རིགས་སློ་ལྷག་བརྩེགས་ཚོགས་ཆུང་། ཕྱི་ལོ་2005 ༸ ཕྱག་ན་པདྨོའི་གསུང་། ནང་པའི་ལྟ་སྤྱོད་ཀུན་བཏུས། ཤོག་195ཕྲེང་19ལས།
ཐུགས་བསྐྱེད་བཞིའི་དགོས་དོན་ནི།
་
འགྲོ་མིའི་བཟང་སྤྱོད་མེད་ན་མེད་ཐབས་མེད། །
ཆོས་ལུགས་མཐུན་འབྲེལ་མེད་ན་མེད་ཐབས་མེད། །
སྐད་ཡིག་ཁོར་ཡུག་སྲུང་སྐྱོབ་བྱེད་ཞོར་དུ། །
རྒྱ་གར་གནའ་བོའི་ཤེས་རིག་དར་སྤེལ་གྱིས། །
བཟང་སྤྱོད་མེད་ན་བདེ་བ་འོངས་ཐབས་མེད། །
མཐུན་འབྲེལ་མེད་ཞི་བདེ་འོངས་ཐབས་མེད། །
སྐད་ཡིག་ཁོར་ཡུག་མེད་ན་བོད་དོན་མེད། །
རྒྱ་གར་གནའ་ཤེས་མ་གསོས་ནང་བསྟན་མེད། །
བདེ་བ་འདོད་ན་བཟང་སྤྱོད་དགེ་གསོག་གྱིས། །
ཞི་བདེ་དགོས་ན་མཐུན་འབྲེལ་འབྲེལ་ལམ་བཙུགས། །
སྐད་ཡིག་ཁོར་ཡུག་སྲུང་དོན་བོད་དོན་རེད། །
ནང་བསྟན་སླར་གསོ་རྒྱ་གར་ཁེ་ཕན་རེད། །
རྒྱ་གར་སྡོད་རིང་རྒྱ་གར་ནང་ཆོས་སྤེལ། །
བཙན་བྱོལ་སྡོད་རིང་སྐད་ཡིག་ཁོར་ཡུག་སྲུངས། །
ཞི་བདེའི་དོན་དུ་ཆོས་ལུགས་དད་གུས་སློབས། །
བདེ་སྐྱིད་ཆེད་དུ་བཟང་སྤྱོད་ཡོད་ཚད་སྤེལ། །
་
ཀརྡོ་རབ་འབྱམས་པས།
སྐུ་ཞབས་ཀླུ་འབུམ་བསྟན་འཛིན་རྒྱ་མཚོ་ལགས།
རྩོམ་ཡིག་བཀླགས་པ་ཡིན། ཚིག་སྦྱོར་དང་ནང་དོན་ཡག་པོ་འདུག