སེར་ཤུལ་རིན་ཆེན་དོན་གྲུབ།
མི་རིགས་ཤིག་དང་། ཡང་ན་ཆོས་ལུགས་ཤིག་གི་བླ་ཆེན་དང་དབུ་འཁྲིད་ཙམ་མིན་པར་འགྲོ་བ་མི་དང་སྲོག་ལྡན་སྐྱེ་འགྲོ་ཡོངས་ཀྱི་མགོན་དང་སྐྱབས་སུ་གྱུར་བའི་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐུ་ཡི་འཕྲེང་བ་བཅུ་བཞི་བ་ཆེན་པོ་མཆོག་ནི་འཛམ་གླིང་ཐོག་བཟང་སྤྱོད་ཀྱི་ནུས་ཤུགས་མཆོག་ཏུ་གྱུར་བའི་འབྱུང་ཁུངས་དང་། ཆེས་མཐོའི་དབང་ལྡན་གྱི་རྒྱལ་ཁབ་དག་གི་མཆོག་གྱུར་གྱི་སྟོན་པ། འཛམ་གླིང་གོ་ལའི་ཁྱོན་གྱི་བླ་མེད་ཀྱི་དབུ་འཁྲིད། ཉམ་ཐག་སྐྱེ་འགྲོ་ཡོངས་ཀྱི་མགོན་སྐྱབས་དང་དཔུང་གཉེན། རྒྱལ་སྤྱིའི་ཁྱོན་གྱི་འཚེ་མེད་དང་བཟང་སྤྱོད་ཀྱི་ལྟ་གྲུབ་ཀྱི་འབྱུང་ཁུངས། དཔྱོད་ལྡན་སྐྱེ་བོ་ཡོངས་ཀྱིས་ཆེས་བླ་མེད་ཀྱི་གུས་བཀུར་ཐོབ་པའི་དབུ་འཁྲིད་ཡང་དག་གཅིག་པུ་དེ་ཡིན། བོད་གངས་ཅན་གྱི་སྐྱེས་བོ་ཡོངས་ཀྱིས་ཆེས་མཆོག་ཏུ་གྱུར་བའི་སྐྱེས་མཆོག་ཁོང་ལ་དད་པ་དང་། གུས་ཞབས། ཡིད་ཆེས། ཆེ་མཐོང་སོགས་གཞན་ལས་ཁྱད་དུ་འཕགས་པ་དང་། མཆོག་ཏུ་གྱུར་པ། བླ་ན་མེད་པ་ཞིག་ཡོད་ལ་ཀུན་ལས་ཁོང་ཉིད་རྩ་ཆེན་དུ་བརྩི་ཞིང་བཀུར། དེ་ནི་འོས་ཤིང་རུང་བའི་བྱ་ཞིག་ཡིན་པ་མ་ཟད་འགྱུར་བ་མེད་པའི་དད་སྟོབས་ཀྱི་ནུས་ཤུགས་འདིས་བོད་གངས་ཅན་པའི་བསྟན་པ་ཆབ་སྲིད་དང་གོང་བུའི་ནུས་པ་གཅིག་ཏུ་སྒྲིལ་བར་ཕན་རླབས་ཆེན་པོ་ཐོན་ཡོད། འོན་ཀྱང་ང་ཚོས་ད་བར་དུ་དད་པ་དང་དམ་ཚིག། ཡིད་ཆེས་དང་བརྩི་མཐོང་འདི་དག་གི་རྒྱབ་ལྗོངས་ཀྱི་བསམ་བློ་སྟེ་ཁོང་ནི་སངས་རྒྱས་ཡིན་པས་གང་ཡང་ཡོད་ཆོག་ཅིང་ཁྱད་དུ་འཕགས་པའི་ཡོན་ཏན་གང་འདྲ་ཞིག་ཡོད་ཀྱང་དེ་ནི་ངོ་མཚར་བ་དང་ཧ་ལས་པ་གང་ཡང་མིན་ལ་རང་ཉིད་ནི་སོ་སྐྱེ་ཕལ་བ་ཞིག་ཡིན་པས་ཁོང་གི་ཡོན་ཏན་དང་བཟང་ཕྱོགས་ཀྱི་ཕྱག་ལས་དག་ལ་སྐྱབས་སུ་མཆི་ཟེར་ནས་སྡོད་ཀྱི་ལས་གང་ཡང་མེད་སྙམ་པའི་བསམ་བློ་འདིར་དཔྱད་ཞིབ་བྱ་དགོས། བསམ་བློ་འདི་ཡང་དག་པ་མ་ཡིན་པ་དང་དགེ་མཚན་གྱི་བཀག་རྡོ་ཞིག་ཏུ་འགྲེལ་མི་ནུས་ཀྱང་ཁོང་གི་ཡང་དག་པའི་བྱམས་བརྩེ་དང་ནུས་ཤུགས། དྲང་བདེན་དང་འཚེ་མེད་ཀྱི་མཛད་སྤྱོད། བཟང་སྤྱོད་དང་ཟིལ་ཤུགས་ཀྱི་འབྱུང་ཁུངས་། ཁོང་ཉིད་ཇི་ལྟར་བྱས་ནས་འཛམ་གི་ཆེ་དགུ་དང་། སྐྱེ་འགྲོ་ཡོངས་ཀྱི་མགོན་དང་སྐྱབས་སུ་འགྱུར་ཚུལ་ལ་དཔྱད་ཞིབ་ཀྱི་བསམ་བློས་གདེང་འཇོག་དང་ཡིད་ཆེས་བྱེད་པ་ནི་གོང་གི་རྒྱུ་མཚན་དང་བསམ་ཕྱོགས་དག་ལས་ཁྱད་དུ་འཕགས་ཤིང་མཆོག་ཏུ་གྱུར་བ་གོར་མ་ཆག རྒྱུ་མཚན་ནི་འཚོལ་ཞིབ་ཀྱི་བསམ་བློའི་དྲངས་པའི་ཡིད་ཆེས་དང་དད་སྟོབས་འདིས་རང་ཉིད་དང་རང་ཉིད་ཀྱི་བྱ་སྤྱོད་དག་ཁོང་དང་ཁོང་གི་ཡང་དག་པའི་ལམ་ཕྱོགས་སུ་སྐུལ་དེད་བྱེད་ཅིང་ཁོང་ཉིད་ཀྱིས་ཡང་ཡང་གསུང་བཞིན་པའི་ཤེས་རབ་ཀྱི་གྲོགས་དང་བཅས་པའི་དད་པ་ཡང་དག་གི་སར་རང་ཉིད་འདྲེན་པར་བྱེད། དེས་ན་ང་ཚོའི་དཔྱོད་ཤེས་ཀྱི་བློ་སྟོབས་ཀྱིས་ཁོང་གི་མཛད་བཟང་དང་ནུས་སྟོབས་ལ་ཞིབ་ལྟ་ཞིག་བྱ། བླ་མེད་ཀྱི་སྐྱེས་མཆོག་ཁོང་ལ་བོད་གངས་ཅན་དང་རི་བོ་ཧི་མ་ལ་ཡའི་ས་མཚམས་བརྒལ་ཏེ་གོ་ལ་ཧྲིལ་བོའི་མི་མང་ཁྱོན་ཡོངས་ཀྱིས་དད་གུས་དང་དགའ་བསུ་འདི་ལྟར་ཐོབ་པ་ནི་ཁོང་ཉིད་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པས་མིན་ལ། བོད་ཀྱི་ཏཱ་ལའི་བླ་མ་ཡིན་པས་རྒྱུ་མཚན་གྱིས་ཀྱང་དེ་བས་མིན། དེ་ནི་ཁོང་ཉིད་ཀྱིས་ཉམས་བཞེས་གནང་བཞིན་པའི་འཚེ་བ་མེད་པ་དང་། བྱམས་སྙིང་རྗེ། དྲང་བདེན་དང་སྤྱི་སྙོམས་ཀྱི་ཐུགས་ཁུར། ཆོས་ལུགས་མཐུན་སྒྲིལ་དང་སྤྱི་ཚོགས་བསམ་བློ། དུས་བསྟུན་རང་བཞིན་གྱི་མཛད་པ་དང་གཞན་གཅེས་སེམས་མཆོག་སོགས་ཀྱི་ནུས་ཤུགས་ཡིན། མཐར་གཏུགས་ན་རིན་བྲལ་ནང་བསྟན་ཆོས་ལུགས་ལ་ཉམས་བཞེས་ཀྱི་གྲུབ་འབྲས་ཤིག་ཀྱང་རེད། འདི་ལྟར་བསམ་ན་ང་ཚོས་མི་རེའི་ངོས་ནས་ཀྱང་ཁོང་གི་མཆོག་གྱུར་གྱི་མཛད་པ་དག་གི་ཕྱོགས་སུ་གོམ་པ་སྤོ་བའི་སེམས་ཤུགས་དང་དམ་བཅའ་རེ་སླེབས་ཐུབ་ལ་རང་རང་གིས་གང་ལྕོགས་ཀྱིས་བློ་ཁ་བཟང་པོའི་མཛད་སྤྱོད་ཀྱི་རྗེས་སུ་ཕྱོགས་པར་འབད་པ་བྱ་བའི་སྐུལ་མ་རེའང་ཐེབས་སྲིད། ང་ཚོ་འདི་ལྟར་གནས་མཆོག་རྡོ་རྗེ་གདན་དུ་སླེབས་ནས་བླ་མེད་ཀྱི་སྐྱེས་མཆོག་ཁོང་གི་མདུན་ནས་བཀའ་དབང་ཞུས་ཏེ་གསོལ་འདེབས་སྨོན་ལམ་གྱི་རྫོངས་པ་ཙམ་ཞིག་ཁུར་ནས་ཕེབས་པའི་གྲ་སྒྲིག་མི་བྱེད་པར་ཁོང་གི་ཡང་དག་པའི་མཛད་སྤྱོད་ཀྱི་འབྱུང་ཁུངས་དག་ལ་རང་ཉིད་ཀྱིས་གང་ནུས་ཀྱི་ལག་བསྟར་བྱེད་པའི་དམ་བཅའ་འཇོག་པར་སྟ་གོན་བྱ་དགོས། འདི་ནི་སྐྱེས་མཆོག་ཁོང་གི་བཞེད་དགོངས་དང་རང་ཉིད་ཀྱི་ཡང་དག་པའི་དགེ་ཚོགས་དང་ལེགས་བྱས་རླབས་པོ་ཆེ་ཞིག་ཀྱང་ཡིན། ང་ཚོས་ངེས་པར་དུ་དམ་བཅའ་འདི་རང་སེམས་ལ་བཞག་དགོས། རང་ཉིད་ལ་བཞག་དགོས། ངེས་པར་དུ་བཞག་དགོས།། །།
༢༠༡༢/༡/༤ ལ་གནས་མཆོག་རྡོ་རྗེ་གདན་དུ་བྲིས།
ངེས་པར་དུ་འཇོག་དགོས།། །།
ཧ་ཧ་་་ཡག་པོ་བྲིས་འདུག
དགའ་བསུ་ཞུ།
བྱ་བྲལ་ཁང་མཚན་ནང་ལ་ངེས་པར་བཞག་དགོས།
གནད་ལ་ཕིག་པོའི་དཔྱད་རྩོམ་མདའ་མོ་འདི།།
གདོང་དམར་བོད་པའི་སྙིང་ལ་ས་མ་ཡཱ།།
བྱང་ཕྱོགས་གངས་རིའི་རྭ་བས་བསྐོར་བའི་རྒྱུད།
བོད་ཡུལ་ཆོས་ལྡན་ཞིང་གི་རྒྱལ་ཁམས་སུ།
སྐྱེ་དགུ་ཕན་དང་བདེ་བ་མ་ལུས་པ།
འབྱུང་བའི་ཡོན་གནས་དམ་པ་ཐུགས་རྗེའི་གཏེར།
འཕགས་མཆོག་སྤྱན་རས་གཟིགས་དབང་མི་གཟུགས་ཅན།
ཐུབ་བསྟན་འཛིན་པ་རྒྱ་མཚོ་ལྟ་བུ་ཡི།
གཙུག་གི་རྒྱན་གྱུར་བླ་མའི་ཞབས་སྐྱེས་པད།
སྲིད་མཐའི་བར་དུ་གཡོ་མེད་བརྟན་གྱུར་ཅིག།