འཛམ་གླིང་སྤྱི་དང་རྒྱ་གར་གྱི་གཏམ་དཔྱིད་ཉི་འཕུད་བྱེད་སིནྡྷུ་ཝ་རའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།
རྩོམ་པ་པོ་སི་ཏུ་ཆོས་ཀྱི་རྒྱ་མཚོ། མཚམས་སྦྱོར་བ་ཀླུ་སྨྱོན།
༄༅།།ངག་གི་དབང་ཕྱུག་ངག་ལ་ཞུགས་པ་ཡིས། །ངག་དབང་ལྷ་མོའི་ངག་སྙན་འགྱུར་བའི་སྒྲས། །ངག་གི་བརྗོད་པ་ངེས་པའི་དོན་དུ་ཤར། །ངག་གི་དཔལ་སྦྱིན་ངོ་མཚར་བླ་མ་ལྷ། །སྙིང་གི་ཐིག་ལེའི་འདབ་སྟོང་གཡོ་བའི་སྦུབས། །ལེགས་པར་མཆོད་དེ་མི་བདེན་སྣང་བ་འདི། །ངེས་མེད་སྒྱུ་མ་ལྟ་བུའི་རོལ་པ་ནི། །ངག་འཆལ་སྨྲ་བ་ང་ཡི་ངག་ལས་སྟོན། །
ད་ལྟ་རབ་བྱུང་བཅོ་ལྔ་པ་ཟད་ལ་ཕྱོགས་པ། རྔ་ཆེན་གྱི་ལོ་སྟེ་ཆུ་ཁྱི་(༡༩༢༢)ཤར་བའི་དུས་སུ་ཐོས་པ། རྒྱ་གར་གྱི་ཡུལ་དབུས་ནི་མ་ག་དྷ་ཡིན་ལ། ཤར་ན་པི་ཀན་ཏ་ནི་ཟ་ཧོར་རྒྱལ་པོ་དགེ་བ་དཔལ་ཞེས་ཇོ་བོ་རྗེའི་ཡབ་ཀྱི་ཕོ་བྲང༌། མཁན་ཆེན་ཞི་བ་འཚོ་དང༌། ཨ་ཏི་ཤ་ཁུ་དབོན་གྱི་འཁྲུངས་ཡུལ་བྷང་ག་ལ། དེའི་བདག་པོ་ནི། ད་ལྟ་ཕྱི་ཡི་རྒྱལ་པོའི་གླིང་བར་བྷེ་ལག་སྟེང་ངམ་རྔ་ཡབ་གཞན་ནམ་སྟེ་པྲྀ་ཡང་ཀུའི་གླིང་ཡིན་ནམ་ཞེས། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་བཤད་དེ། དེ་ནས་ཐོན་པའི་རྒྱལ་པོ་རྒྱ་ནག་སོབ་བམ། གཡིང་ཀྭང་ངམ་གཡིང་ཀུའམ། བོད་པས་དབྱིན་ཇི་ཞེས་འབོད་པའི་རྒྱལ་པོ་ལ། ས་དཀར་རྒྱལ་པོར་ཡང་བརྗོད། གཞུང་རྐྱང་ཐོ་བ་རེའི་ཕོ་བྲང་ལྟེ་བ་བྷོ་ལག་སྟེང་ཡིན། ཁམས་ལ་བློན་ཆེན་དགུ་ཡི་སྤྱི་དཔོན། ཀར་ལི་ཤར་ར་ན་ཡོད་པ། ལ་རི་རྒྱལ་ཚབ་ཆེན་པོ་ཞེས། མི་ལོ་ཇི་རི་ནི་བོད་ཀྱི་སྲིད་སྐྱོང་ལྟ་བུའོ། །
དེའི་འོག་རྒྱ་གར་གྱི་རྒྱལ་པོ་སུམ་བརྒྱ་ཙམ་ཡོད་ཅེས་སོ། །དེ་ནང་བུ་ཏྲམ་ཟ་ཡི་རྒྱལ་པོ་ལ་འབུམ་དམག་གཅིག་ཡོད། དེ་ཕྱི་གླིང་ཁྲི་སྟོན་རྒྱལ་ས་ཆེན་པོ་པ་ཊ་ལི་པུ་ཊ་ཞེས་སྔོན་གྱི་དུས་སུ་གྲགས། རྒྱལ་པོ་མྱ་ངན་མེད་ཀྱི་ཕོ་བྲང་གི་ཤུལ། མ་ཐུ་ར་སྟེ་བཅོམ་བརླག་དང་ཐག་ཉེ་བ་དེར། བྷོ་ལི་འམ། དྷི་རྡི་ལི་སྟེ། རབ་བྱུང་བཅོ་ལྔ་པའི་ས་བྱ་ལོར་བྱས་པ་ཡིན། དེ་དུས་བུ་ཏྲམ་ཟའི་རྒྱལ་པོས་རྗེ་པ་ལ་བཀུར་བསྟི་གུས་འདུད་ཡེ་མ་བྱས་པས། འཁྲུགས་པ་ཕྲན་བུ་བྱས་ཀྱང་བུ་ཏྲམ་ཟའི་རྒྱལ་པོས་ཡེ་མ་དོ་བས། རྟེན་འབྲེལ་མི་ཤིས་པར་འགྲོ་སྙམ་ཕེ་རིང་རྒྱལ་པོས་ཁོག་ཆེན་ཡིན་ཁུལ་གྱིས་བཞག་པ་ཡིན་འདུག་ཀྱང༌། སེམས་ལ་བདེ་པོ་བྱུང་མེད་སྐད། བུ་ཏྲམ་ཟའི་རྒྱལ་པོ་མི་རྒོད་ཀ་བིལ་དང་གྲོགས་པོ་ཡིན། ཕི་ལིང་ལའང་ཧ་ལམ་ཞིག་ལས་ཁ་ཉན་པར་མི་བྱེད། ཞེ་ལ་མི་དགའ་བས། ཕི་ལིང་ལའང་ངོ་ལོག དམག་བྱ་བ་འདོད་པ་ཡོད་སྐད། ས་གནས་ཐམས་ཅད་བསྡོམས་ན་འབུམ་བརྒྱར་ཉེ་བ་ཡོད། དེ་ཐམས་ཅད་ལ་དུས་རྒྱུན་དུ་དམག་ཕོགས་ཡོད་པ་སྟེ། རྒྱ་གར་ནུབ་དེར་ཁྲི་སྟོན་བྱེད་པའི་རྒྱུ་མཚན་ཡུལ་དེར་ཤིན་ཏུ་སྐྱིད་པོ་ཡིན་སྐད་དང༌། སྔར་དྷྲི་ལིས་ཞེས་རྒྱ་གར་ཤར་ནུབ། མུ་པུརྨ་ར་བཅས་དབང་བྱས་པ་ཡིན། གསར་དུ་ལ་ཧོར་པ་བཅས་ཀུན་དབང་བྱས་པ་ཡིན།
ད་ལྟ་དེ་དག་སྔོན་རྒྱལ་པོ་སྟོབས་ཆེན་བྱུང་བ། རྒྱལ་པོ་ཕལ་བར་གྱུར་ཏེ། དབྱིན་ཇིའི་འོག་ཏུ་འཛུལ་དགོས་བྱུང༌། ས་དེ་ཤེས་པ་ཡིན་པའི་རྒྱུ་མཚན་གྱིས་གནས་དེར་ཁྲི་སྟོན་བྱས། རྒྱལ་པོ་བརྒྱས་ཀྱང་རང་རང་གི་འབྱོར་བ་ལྟར། ཁང་པ། གསེར། དངུལ། ཤེལ། དཀར་ཡོལ་སྣ་ཚོགས་ཀྱིས་མཐའ་བསྐོར་དུ་བརྒྱན།
༈ རྡུལ་མི་ལྡང་དོན་དུ་ས་ལ་སྤོས་དཀར་ཏིལ་མར་བསྲེལ་བ་སྤོས་སྣུམ་བྱུགས་ནས་བཞགས། ག་པུར་ཐང་ཆུ་སི་ཧླ་དང༌། གུར་གུམ་གྱིས་ཆག་ཆག་བཏབ། ཡུལ་སོ་སོའི་ཤིང་དང༌། མེ་ཏོག་མི་འདྲ་བ་སྣ་ཚོགས་པ་བཙུགས། ཕྱི་གླིང་རྒྱལ་པོ། གུར་ཤེལ་གྱི་ཀ་བ་ཉེར་བརྒྱད་པ་ཕུབ། མཚན་གློག་གི་ཞུན་མར་སྦར་བས། ཤེལ་གྱི་ཀ་བ་ནང་མེ་ཏོག་སྣ་ཚོགས་སྐྱེས་པའི་དབུས། རྒྱལ་པོ་ལྷགས་པ་མི་འདྲ་བ་གསེར་ཞུན་ཁ་དོག་ཅན། གོས་གོན་པའི་མཐའ་རྒྱ་གར་རྒྱལ་པོ་བཅུ་ཡི་བུ་བཅུས་འཁུར་དགོས་པ་གོན། རྒྱལ་ཁག་གི་བུ་མོ་བཅུས་ཁུར་རོགས་དགོས། ས་ཆེན་ལ་དབང་བྱེད་པར་མཚོན་དོན་ཡིན་སྐད། རྒྱལ་པོ་གསེར་ཁྲི་ལ་བསྡད། བློན་པོས་ཤེལ་གྱི་དབྱུག་པ་དུ་ཚགས་གཟུགས་འདྲ་བ་ཐོགས་ནས་ཁྲོམ་མང་དབུས། བཀོད་པ་འདྲ་བ་བཤད་སྲོལ་གདའ་སྐད། ཁྲི་སྟོན་བྱེད་པའི་དུས། ཉིན་ཚ་བ་ཆེ་བས་ཉལ། མཚན་ཅུང་བསིལ་བས་མཚན་བྱེད་སྐད། རྒྱལ་པོ་སུམ་བརྒྱ་དེ། དེ་ནང་བོད་པ་འབྲུག་རྒྱལ་དང༌། འབྲས་ལྗོངས་པ་གཉིས་ཡོད་པར་གྲགས།
དབྱིན་ཇི་རྒྱལ་པོ་ལ་དམག་ཤིན་ཏུ་མང་བར་བཤད་འོང་རུང༌། བཤད་ཚོད་མི་བདེན། སྔོན་ཐོག་མ་ལ་དམག་འབུམ་ཚོ་བརྒྱ་ཡོད། ད་ལྟ་འཇར་མིན་དམག་འབུམ་ཚོ་བདུན་བཅུ་བྱུང་བས། དབྱིན་ཇིས་ཀྱང་འགྲན་ནས་དམག་མང་དུ་བཅུག་པས་དམག་སྒར་ཆེ་ཤོས་ལ་འབུམ་ཚོ་སུམ་བཅུ་ལྷག བཞི་བཅུར་ཉེ་བ་ཡོད་ཟེར། སྔར་ཕྱི་གླིང་གིས་རྒྱ་གར་བ་ནི་གླེན་པ་ལུག་དང་འདྲ། འཕྲུལ་གྱི་རིགས་མི་ཤེས་ཟེར་བརྙས་པ་ལ། ཕྱིས་རྒྱ་གར་བས་རིག་གནས་སྦྱངས་པས། ཕྱི་གླིང་མི་ལོ་ཇི་རིང་ཡང་བུད་ཆོག་རྒྱུའི་ཡོན་ཏན་ཅན་འོང་ན་ཡང༌། མི་ཡི་ལད་མོ་ནེ་ཙོས་ཀྱང་ཤེས་འོང་ཟེར་ནས་ཀླ་ཀློ་ཁོ་རང་གི་མི་རྒྱུད་ཡིན་ངེས་ཅན་མ་གཏོགས། རྒྱ་གར་བས་སྲིད་སྐྱོང་ལ་མི་དགའ་ནས་ངོ་ལོག་འདོད་པ་ཡོད་སྐད། རང་ཅག་མཚམས་པ་བཅུ་སྡེ་དང༌། བཤད་གྲྭ་བ་མི་ཉི་ཤུ་སུམ་བཅུ། ཕྱི་མའི་དོན་དུ་ཆོས་ཕོགས་སྦྱོར་བ་ལའང་དཀའ་བ་ཆེ་ཙམ་མཆིས་ན། ཚེ་ཐུང་རྨི་ལམ་གྱི་སྣང་བ་འདྲ་བ་འདི་ཁོ་ནའི་དོན་དུ། སྲོག་དང་ལོངས་སྤྱོད་མང་པོ་དོན་མེད་ཆུད་ཟོས་སུ་བཏང་ན་ཀྱེ་མ་ཧུད།
དབྱིན་ཀྭང་ངམ་གཨིན་ཀུའམ། དབྱིན་ཇིར་འབོད་པའི་རྒྱལ་པོ། རྒྱལ་ས་རྩ་བ་བྷེ་ལད་སྟེང་ངམ་རྒྱ་མཚོའི་གླིང་བར། དེ་དང་ཀ་ལམ་གར་ཏ་སོགས་ན་ཡོན་ཏན་སློབ་གྲྭ་ཤིན་ཏུ་མང་པོ་ཡོད།
དེ་ན་རིག་གནས་དང་པོ་ཡི་གེའི་བྲིས། ༡༽
དེ་ནས་འཕྲི་བསྣོན་བསྒྱུར་བགོ་སོགས་རྩིས་ཀྱི་རིག་པ། ༢༽
སྙན་ངག་དང་སཾ་ཀྲི་ཏ་ལ་སྐད་དོད་མཚམས་སྦྱོར་ཙམ་ལས་བྱིང་གྲུབ་པ་སོགས་ཡོད་པ་ལམ་ཙམ་པ་དང༌། ༣༽
སྨན་འཚོ་བྱེད་ཀྱི་གཞུང་འཛམ་གླིང་གི་དྲང་སྲོང་མང་པོའི་ལུགས་དང་སྤོར་ཆུག་ལུགས་བསྡུས་པ། ༤༽
ལུགས་ཀྱི་བསྟན་བཅོས་ཚད་མ་ཕམས་ལོ་སོ། ༥༽
ཕམས་ཟེར་བ་ཕྱིས་མཁས་པ་ཞིག་གིས། མི་ཐམས་ཅད་རྩ་ལས་སྐྱེས་པའི་བྱུང་བ་ཡིན་པའི་སྒྲུབ་བྱེད་བཀོད་པ་ཡོད་སྐད། ༦༽
གཡུལ་འགྱེད་པའི་ལུས་དང་མེ་མདའ་སོགས་དམག་རྩེད་སྦྱོང་བ། ༧༽
ས་ཡན་སི་ཟེར་བ་རྩལ་ལག་མི་འདྲ་སྣ་ཚོགས་རྩོམ་རྒྱུད་དང༌། རྒྱང་མཐོང་མི་འདྲ་བ་སྣ་ཚོགས། རྒྱ་མཚོའི་ཐོག་འགྲོ་རྒྱུའི་གྲུ་རྫིངས། གནམ་གྲུ་མེ་ཆུ་འཐབ་པ་ཤིང་རྟའི་འཕྲུལ་འཁོར་སོགས། རིགས་པའི་རྩལ་སྦྱོང་བ་འཕྲུལ་གྱི་རིག་གནས་དང༌། ཇི་སྐད་དུ། འདི་ཡིས་སྲིན་བུའི་གྲངས་མཁྱེན་པ། །ངེད་ལ་འགའ་ཡང་ཉེར་མཁོ་མེད། །ཅེས་པ་ལྟར་ཕ་རོལ་ལ་གནོད་ཅིང་དབང་དུ་སྡུད་པའི་ཐབས་ཁོ་ན་དང༌། འཛམ་གླིང་གི་ཡུལ་གྱི་ཆགས་ཚུལ། ཆུ་ཡི་འབབས་ཚུལ། གླིང་དང་ཡུལ་ཐ་དད་དེ། ས་རྒྱ་ཆེ་ཆུང༌། མི་གྲངས་དང༌། དེ་དག་ན་ནོར་རྫས་ཅི་ཡོད་སོགས་དང༌། འཛམ་གླིང་གི་ས་བཀྲ་སྤར་དུ་རྒྱག་ཚུལ། གོ་ལའི་འདོད་ཚུལ། དེ་རྣམས་སུ་འགྲོ་བའི་གོམ་གྲངས་ཚུན་ཞིབ་མོར་བརྩིས་པའི་རིག་པའི་གནས། ༨༽ གཅིག་སྟེ། གཉིས་ཁོང་གིས་གསལ་པོ་མི་དྲན་ཏེ། རིན་ཆེན་སོགས་བརྟག་པ་བརྒྱད་གཅིག་ཡིན་སྙམས་ཞེས་སོ། །རྒྱལ་སྲིད་དང་ཁྲིམས་ཀྱི་བསྟན་བཅོས་གཅིག་ཡིན་པ་འབྲས་ལྗོངས་པ་ཞིག་གིས་ཟེར། ལེགས་པོར་ཤེས་པའི་རྒྱ་གར་བ་སོགས་ལ་དཔོན་ཆེ་ཙམ་དང་བྷ་ལིར་ཊར་སོགས་གོ་ས་འབྲིང༌། ཁོ་རང་ཚོའི་རྒྱུད་ལ་གོ་ས་ཆེན་པོ་སྟེར།
ཕྱིས་མི་རབས་ལྔ་དྲུག་སྔ་རོལ་ཏུ་བྱུང་བ། མཁས་པར་རྩི་བར་ཞིག་གིས་གོ་ལའི་རྣམ་བཞག་ཆེན་པོ་ཞིག་བརྩམས་པ། ད་ལྟར་རྒྱ་གར། རྒྱ་ནག རྒྱ་མཚོའི་གླིང་བར་ཕལ་ཆེར་དུ་དར། གོ་ལ་བྱ་ཡི་སྒོ་ང་འདྲ་བའི་ཤེལ་ལས་བླུགས་པའི་དཔེ་རིས་ཀྱང་ཡོད། སྣོད་གོ་ལ་ཉིན་ཞག་རེ་ལ། བླ་འོག་ཏུ་ཚར་རེ་བསྒྱུར་ནས། མགོ་འོག་ཏུ་ལོག་པ་ན་མཚན་མོ་འཆར་བ་དང༌། སྟེང་དུ་ན་ཉིན་མོ་འཆར་ཅེས་ཟེར།
དེ་དུས་རི་གླིང་སོགས་མི་འཇིག་པ་ནི། ལག་རྩལ་ཅན་གྱིས་ཕོར་བ་ཆུས་བཀང་བ་བླ་འོག་ཏུ་བསྒྱུར་བ་དང་ཆུ་མི་བོ་བ་ལྟ་བུར་འདོད། དེ་འདྲའི་གོ་ལ་འཁོར་བའི་སྣང་ངེས་སུ་འཛམ་གླིང་འདིའི་མཐའ་བསྐོར་ནས། ཁོ་རང་ཚོ་ཕྱིན་པ་ནི། ས་འོག་ཏུ་མུན་པའི་ནང་ནའང༌། རིན་ཆེན་སོགས་སྒྲོན་མེ་ལ་བརྟེན་ནས་ཟླ་བ་ཁ་ཤས་དང༌། ཁྱད་པར་སྒོ་ང་འདྲ་བའི་རྩེ་ན་ཟླ་བ་བཞི་ཙམ་སོང་ཡང༌། འཁྱགས་རོམ་ཤིན་ཏུ་རྩུབ་པས་ཡེ་འགྲོ་མ་ཐུབ་པས། གོ་ལ་དེ་སྟེང་འོག་ནས་བསྐོར་བ་འགྲོ་འདོད་དང༌། འཁོར་འདོད་ཡོད་ཀྱང་ད་སྔར་འགྲོ་མ་ཐུབ་སྐད།
འཇིག་རྟེན་ཁམས་གྲངས་མེད་ཡོད་པ་བདེན་པ་འདྲ། སྐར་མ་གྲངས་མེད་འདུག རྒྱང་ནས་སྐར་མར་རྒྱང་མཐོང་ཁྱད་འཕགས་ཀྱིས་བལྟས་པས། གོ་ལ་རེད་འདུག་པས། གོ་ལ་འདི་འདྲ་གྲངས་མེད་འདུག་ཅེས་བཤད་སྐད། ནང་པ་སངས་རྒྱས་པས་གོ་ལ་ནི་རི་རབ་ཀྱི་ངོས་གླིང་བཞིའི་ནམ་མཁའ་ལ་ཡོད་ཅིང༌། དེ་འང་སྐར་མ་གྲངས་མེད་པ་དེ་ཚོ་དང་ཐམས་ཅད་མཉམ་དུ་ཡོད་པར་འདོད་པས། ཁྱེད་ཅག་ད་ཨེ་ཐུབ་བལྟ་རྒྱུ་ལ་ཀླ་ཀློའི་རྒྱལ་ཁག་ཐམས་ཅད་ལ་འདྲེན་རྒྱུ་ཡིན་སྐད། དབྱིན་ཇིས་སྔར་འཛམ་གླིང་མ་གཏོགས་མི་འདུག ནང་པ་སངས་རྒྱས་པས། རི་ཡི་རྒྱལ་པོ་རི་རབ་ལ། གླིང་བཞིས་གླིང་ཕྲན་བསྐོར་བ་མི་བདེན། རི་རབ་མི་འདུག་ཅེས་པར། ཕྱི་རྒྱ་མཚོའི་ནང་དུ་མང་པོ་ཕྱིན་པས། གླིང་ཕྲན་བདུན་མཐོང་ནས། ཤར་གླིང་ལ་སོགས་པ་གླིང་བདུན་འདུག རི་རབ་ད་ལྟ་མི་འདུག་ཟེར། སྐར་མ་གྲངས་མེད་པ་དེ་ཚོའི་ནང་དུ་སླེབ་མ་ནུས་པས། རི་རབ་མཐོང་སར་མ་སླེབ་པ་དང༌། གླིང་བཞི་ཡོངས་རྫོགས་མ་མཐོང་བར་ཤེས་ཤིང༌། རྒྱ་མཚོའི་གླིང་བར་གླིང་ཕྲན་དུ་འཁྲུལ་བ་ནི། འཛམ་གླིང་གི་གླིང་ལག་གླིང་ཕྲན་མང་པོ་ཡོད་པར། དྲན་པ་ཉེར་བཞག་ནས་གསུངས་པ་ཡོད་པས། ཁྱོད་ཀྱིས་མཐོང་བ་ལས་གསལ་བའི་མཐོང་བ་ཡོད་དེ། གྲངས་མེད་པའི་གོ་ལའམ། འཇིག་རྟེན་དཔོག་པ་ལ་འཁྲུལ་བ་མེད་པ་ལྟར་རོ། །
མ་མཐོང་ཕྱིར་ན་མེད་པ་མིན་ཏེ་གོ་ལ་སྒོ་ང་འདྲ་བའི་རྩེ་འཁྱགས་རི་གངས་རི་ལ། སྟེང་འོག་བསྐོར་ནས་འགྲོ་ན་མཐོང་འདོད་དང་ཤེས་འདོད་བཞིན་ད་ལྟ་རྒྱ་ནག་པེ་ཅིང་དུའང་གོ་ལའི་ཁ་སྦྱར་ཟེར་བའི་ཀླ་ཀློའི་གོ་ལའི་འདོད་ཚུལ་དེ་བསྒྱུར་བ་དར་ཡོད་པ་དང༌། སོག་ཡུལ་དང་ཨ་མདོ་སོགས་ནང་པ་འགའ་འང༌། དེ་འདྲའི་གོ་ལའི་རྣམ་བཞག་ལ་ཡིད་སྨོན་ཤོར་བ་དང༌། ཚ་གན་ནོ་མིན་ཧན་གྱི། འཛམ་གླིང་ལམ་ཡིག་སོགས་ཀྱང་བརྟག་པར་བྱ། གཞན་མཐའ་མིའི་གཏམ་རྗེས་བཅད་པ་ནི། ཡན་ལག་བརྒྱད་ལྡན་གྱི་བདུད་རྩིའི་མཚོ་འགྲམ་དུ་བ་ཚྭ་ཅན་གྱི་ཁྲོན་པ་འབྲུ་བ་བཞིན། སངས་རྒྱས་ཐམས་ཅད་མཁྱེན་པའི་གསུངས་ཚད་མ་དོར་ནས། འཇིག་རྟེན་པའི་བློ་ངན་རྒད་པོའི་གཏམ་ལ་དགའ་བ་རྣམས། ལྷ་སྐལ་ཆད་དེ་འབྱུང་པོ་སྒྲུབ་པ་ལྟ་བུའོ། །ཁྱོད་རང་གིས་ངག་འཆལ་སེང་གེ་བྲི་བའང་དེ་བཞིན་ནོ་ཟེར་ན། འདི་ནི་མི་མཚུངས་ཏེ་བསྟན་པ་ཡོད་མེད་སོགས་རྟོག་པ་དང༌། ཉམས་མཚར་གྱི་ངག་འཆལ་སྒྲུང་ལྟར་རང་གར་བྲིས་པ་ལས་སངས་རྒྱས་ཀྱི་བཀའ་མི་བདེན་རྨི་ལམ་དུའང་མི་བསམ་པའི་ཕྱིར་རོ། །
གཞན་ཡང༌། ས་འཁོར་བ་ནི་མངོན་སུམ་དང་འགལ། དེའི་སྣོད་འཁོར་བ་ནི་སྒོང་ཤུན་ལྟ་བུ་ས་ཡི་ཕྱི་རོལ་ཏུ་ཡོད་པ་དེ་རགས་པ་སྒྲིབ་ཐོག་ཅན་ནམ། སྒྲིབ་ཐོག་མེད་པ་རྒྱུ་ཅི་འདྲ། རྩེར་གངས་རི་ཡོད་པ་ཡིན་ན་སྒྲིབ་ཐོག་ཅན་ཡིན་དགོས། དེ་ཡིན་ན་ཉི་ཟླ་ནང་དུ་ཡོད་དམ་ཕྱི་རོལ་ཏུ་ཡོད། སྒོ་ང་འདྲ་བ་དེ་དེའི་ནང་ནས། དེའི་དབྱིབས་བརྟག་ན་འཁྲུལ་རྒྱུ་ཡིན་ལ། ཕྱི་རོལ་རྒྱང་རིང་ནས་བལྟས་ན་ཡང་དེ་བས་ཆེས་ཆེར་འཁྲུལ་པས་སོ། །
ཡང་ཉི་མ་དང་ཟླ་བའི་དཀྱིལ་འཁོར་ནང་དུ་འགྲོ་མི་ནུས་བཞིན། དེ་སྐེད་པའི་ཐད་ན་ཡོད་པའམ། དེ་ཡན་གྱི་རི་རབ་ཡོད་མེད་སོགས་མི་ནུས་པའི་ཕྱིར། སྒོ་ང་འདྲ་བའམ་མི་འདྲ་བ་སོགས་མི་ནུས་ཏེ། ཉི་ཟླ་སྒྲིབ་མི་སྒྲིབ། མི་སྒྲིབ་ན་ནང་དུ་ཡོད་པ་འགྱུར་ལ། དེ་ཡོད་ན་སྣོད་དེ་བླ་འོག་ཏུ་འགྲོ་བ་ཐལ་ལ། དེ་ཡི་ཚེ་ཉི་ཟླ་ཡང་རེས་འོག རེས་སྟེང་དུ་འགྲོ་བར་ཐལ་བ་སོགས། ཉི་ཟླ་མི་སྒྲིབ་ན་ཉི་ཟླ་ཕྱི་རོལ་ཏུ་ཡོད་ལ་སྒོ་ང་འདྲ་བ་འདི་བརྡོལ་ནས་ཉི་མས་འོད་འཇུག་པ་འམ། སྒོ་ང་འདྲ་བས་ཉི་མའི་གོ་ལ་དང་བར་ན་ཡོད་པ་མཐོང་དགོས་པ་སོགས་མངོན་སུམ་དང་འགལ་ལོ། །དེས་ན་རྒྱ་མཚོའི་ནང་དུ་སོང་ཕྱིན་པས། ཕྱོགས་བསླད། མགོ་རྨོངས་ཏེ། སྒོང་ང་འདྲ་བའི་འཇིག་རྟེན་ནི། སྨིག་རྒྱུ་འམ། འོད་དམ། རླབས་སམ། འཁྲུལ་རྒྱུས་བསླད་པ་ཞིག་ཡིན་པར་འདུག་གོ །
གོ་ལའི་སྟེང་གངས་ཀྱི་རྩེ་ལ་མི་ཐར་ཞེས་པ་ནི། ཤམ་བྷ་ལའི་ཆུ་བོ་སི་ཏའི་ཉེ་བར་ཕ་རོལ་གྱི་གངས་རི་ཆེན་པོ་ལམ་ཡིག་ཏུ་བྱུང་བ་དེ་ཚོ་མིན་གྲང་སྟེ་སླད་ནས་གསལ་བར་འགྱུར་རོ། །
ད་ལྟ་ཕྱི་གླིང་ཨིན་ཇི་ལ་རྒྱལ་པོའི་གླིང་བར་གྱི་ཡུལ་ཕྲན། འཛམ་གླིང་ཤར་དང༌། ནུབ་ཏུ་ཆེས་དམའ་བས། ལུང་པ་ལ་ལ་ནི་ཉི་མ་ཤར་སྐབས། ལ་ལར་ནུབ། ལ་ལར་ཉིན་གུང༌། ལ་ལར་མཚན་གུང་ཡོད་པས། རྒྱ་གར་གྱི་སྙན་ངག་མཁན་འདྲས། ཨིན་ཇི་རྒྱལ་པོར་བསྟོད་པ་བཏང་སྐབས། ཁྱོད་ཀྱི་ལུང་པ་ཉི་མ་མི་ནུབ་པའི་རྒྱལ་པོ་ཞེས་བསྔགས་པར་བྱེད་སྐད། རྒྱ་གར་ཧིནྡྷུའི་ལུགས་འཛིན་པ་ཨ་ཤོ་ཏ་བྷོ་རྡི་ཞེས་སྙན་ངག་མཁས་ཕྱིར་སྙན་ངག་བརྩམས་པས། ༼རྒྱ་གར་གྱི་སྙན་ངག་མཁན་ཌ་སྒོར་ལ་ནོ་བེར་རྩོམ་རིག་བྱ་དགའ་ཐོབ་པ་དེ་མིན་ནམ། སྒྲིག་མཁན་གྱི་མཆན། ༽རྒྱལ་པོ་གཞུང་གིས་སྒོར་འབུམ་བྱ་དགར་ཐོབ་བོ་སྐད། ཡེ་ཤུའི་རྟགས་རྒྱལ་པོའི་ཞྭ་ཡི་གོང་དུ་ཁྲམ་རིས་རྒྱ་གྲམ་དུ་གཏོད་པ་ལྟ་བུ་དེའོ། །ཨིན་ཇི་རྒྱལ་པོས་རྒྱ་གར་གྱི་ས་ཐོག་མར་འཛིན་པའི་སྐབས་ཆིངས་དོན། ཨངྒི་དང་སོ་ན་གྲུབ་མཐའ་རང་རང་གི་ཆོས་ལུགས་སྔར་ནས་ཅི་དར་བྱེད་ཆོག་རྒྱུ་ལས། བསྒྱུར་བཀོད་མི་བྱེད་རྒྱུའི་ཁས་དད་ཡི་གེ་བྲིས་ཡོད་པས། རྒྱལ་པོ། བློན་པོ་སོགས་ཞེ་ཕུགས་ཡེ་ཤུའི་ཆོས་ལ་དགའ་ཡང༌། ཆགས་སྡང་ཆེན་པོ་མེད་པའི་ཟོལ་གྱིས། ད་ལྟ་གཞུང་རྐྱང་གིས་འཇིག་རྟེན་ན་ལུགས་སྔར་གྱི་ཅི་ཡིན་ལས། ཆོས་ཐད་ནས་ཡེ་ཤུའི་རིང་ལུགས་རྒྱལ་པོ་དཔོན་དང་བློན་པོ་སུས་འཛིན་ཀྱང༌། རྒྱ་གར་བའི་ཧིན་དྷུས་རྩོད་པ་བྱེད་ཆོག་པས། ཡེ་ཤུའི་ལུགས་ཀྱི་ཆོས་བཤད་པ་མཐོང་ན། དེ་མ་ཐག་མུ་སྟེགས་ཧིན་དྷུ་མཁས་པ་ཚོ་སོང་ནས་རྩོད་པས་ཚར་གཅོད་སྲོལ་འདུག་ཟེར། རྩོད་པས་ཚར་བཅད་སྐབས་ཡེ་ཤུའི་ལུགས་འཛིན་ཚོ་ལ་རིགས་པ་མེད་པར། རང་གར་སྨྲས་པ་ཡིན་པས་ངོ་འགྱུར་ཏེ་ཁྲོས་ནས་བསྡད་པ་ལས། ལན་འདེབས་རྒྱུ་མི་འདུག རིགས་པ་ཧིན་དྷུ་རྒྱལ་འོང་ཟེར། ལར་ཡང་ཡེ་ཤུའི་ལུགས་དེ་ལ་འཕྲུལ་གྱི་རིག་གནས། མི་གྲངས། ས་རྒྱ་ཆེ་ཆུང་སོགས་དོན་ཆུང་ལ་མཁས་པ་མ་གཏོགས། དོན་ཆེན་འཐད་ཅིང་འོས་པའི་རིགས་པ་མེད་ལ་རིགས་པ་ལ་མི་མཁས་པ་ཞིག་ཀྱང་ཡིན་པར་འདུག
མེ་སྒྱོགས་དང༌། གནམ་གྲུ་དང༌། ཆུ་ཡི་ནང་དུ་གྲུ་རྫིང་སོགས། དབྱིན་ཇི་ལས་ཀྱང༌། འཇར་མིན་ནམ། རྒྱར་མིན་མཁས་ལ་དེ་དག་ནང་པ་སངས་རྒྱས་པའི་དུས་འཁོར་དང་ཕྱི་རོལ་པའི་རིག་བྱེད་ལས་བཏོན་ཏེ། ཕྱི་ནང་གི་གཞུང་མང་པོ་ལས་བརྐུས་བསྡུས་བྱས་སྐད་དོ། །དཔེར་ན་བོན་གྱིས་ཇི་ལྟར་རོ། །
དེ་ལ་རིག་པ་གསར་པ་མང་པོ་བསྣན་པ་ཡིན་འདུག ཨིན་ཇིས་མནའ་ཁུར་ན། བུ་ཌོ་ཟིན་རྒྱལ་པོ་འབུམ་དམག བལ་པོ་རྒྱལ་པོ་འབུམ་དམག་སོགས་འབུམ་དམག་ཡོད་པའི་རྒྱལ་པོ་ཁ་ཡལ་ཡོད། བྱེ་ལག་སྟེང་ངམ། བྷེ་ལད་སྟེང་ན་ཕྱི་གླིང་ལུགས་མི་རྩིས་ལ་ཕབ་སྲོལ་ཡོད། རྒྱུན་མི་འབུམ་ཕྲག་སུམ་ཅུ་སོ་གསུམ་ཡོད། དེ་ནའང་ནང་པ་སངས་རྒྱས་པའི་ཆོས་ཞུ་པ་སྟོང་ཕྲག་བརྒྱད་ཡོད། དགེ་སློང་ཡང་རེ་རེ་ཙམ་ཡོད། ཡེ་ཤུའི་ལུགས་འཛིན་དག་རང་རིགས་ཀྱི་ཆོས་མི་བྱེད་པར་སངས་རྒྱས་ཀྱི་ལུགས་ལ་ཞུགས་ཟེར་ནས་མི་དགའ་བར་བྱེད། རྒྱ་གར་བས་ཆད་དུ་རུབ་ཀྱི་དགེ་སློང་སྟེ་རིགས་ལ་མི་དགའ་བར། སྡེ་ཚན་གཞན་དུ་བྱེད་འདུག་ཟེར། དེ་ན་མི་གཅིག་སྐྱེས་སྟོབས་ཀྱི་ཤེས་རབ་ཆེ་བས། བྷེ་ལད་ན་ཡོད་པའི་མི་དེ་ཐམས་ཅད་ཀྱི་མིང་ཤེས་ལ། དེ་རིང་མི་སུ་སྐྱེས་དང༌། དེ་རིང་མི་སུ་ཤི་ཤེས་པའི་མི་གཅིག་ཡོད། བྷེ་ལད་འོག་ཏུ་བྷཾ་གྷ་ལའི་གྲོང་ཀ་ལི་ཀ་ཏ་ལ་མི་འབུམ་ཕྲག་བཅུ་གཉིས་ཡོད་སྐད་ཀྱང༌། རྫས་སྦྱོར་བཅུད་ལེན་གྱི་མཐུ་དང༌། སྨན་མཁས་པས་དང་ཟས་སྦྱོར་སོགས་རན་ཅིང་ཚོད་འཛིན་པས་མི་ལོ་བརྒྱ་དང་ཉི་ཤུ། སུམ་ཅུ་ཐུབ་པའི་མི་རེ་རེ་ཙམ་རྒྱུན་དུ་འབྱུང་སྐད།
ད་ལྟ་མི་ལོ་བརྒྱ་དང་ཉི་ཤུ་པ་གཅིག་ཡོད། སློབ་དཔོན་སློབ་མའི་སེམས་བརྗེ་ནུས་པ་སྟེ། གྲོང་འཇུག་ཐུབ་པ་ཞིག་ཀྱང་ཡོད། དེ་ཧིནྟུ་ཀླ་ཀློ་གཉིས་དང༌། ཀླ་ཀློ་ཡེ་ཤུ་གཉིས་ལུགས་མི་འདྲ་སྟེ་ཕྱི་རོལ་པའི་ལུགས་ཡིན་ནམ། ས་ཡན་སི་སྟེ་འཕྲུལ་གྱི་རིག་གནས་ཀྱིས། ལོ་བཞི་བཅུར་ཉི་མ་ལ་བལྟས་པས་ཉི་མའི་དཀྱིལ་འཁོར་དུ་རི་ཡོད་པ་ཙམ་མཐོང་སྐད་པའི་མི་གཅིག་ཀྱང་ཡོད། རྒྱ་གར་གྱི་ནུབ་དང་ཐག་ཉེ་བ་ན་བྷོམ་བེ་ཞེས་པའི་གྲོང་ཁྱེར་ཆེན་པོ་ཡོད། འདི་ན་ཕ་ལམ་དང༌། པདྨ་ར་ག ཨིན་ཊ་སྙིལ་སོགས་རིན་པོ་ཆེ་ཆེས་མཆོག་རྣམས་ཤིན་ཏུ་མང་བར་དོན། ཡུལ་གཞན་ལས་གོང་ཡང་སླ། འདི་ན་མི་འབུམ་ཚད་བརྒྱད་ཡོད། ལ་རི་རྒྱལ་ཚ་བ་ཆེན་པོ། དབྱར་ཀ་བསིལ་བ། མེ་ཏོག་སོགས་ཤིན་ཏུ་སྤྲོ་བ་བོད་ཀྱི་ས་དང་ཉེ་བ་ལ་དབྱར་མཐོང་བྱེད་སྐད། གངས་རི་ཏེ་སེ་ནས་ཞག་བཅོ་ལྔ་ཙམ་གྱིས་སླེབས་པ། ཁུ་ནུ་དང་ཡང་ཐག་ཉེ། མངའ་རིས་དང་ཡང་ཐག་ཉེ་བ། དེ་ནི་ཤིང་མེ་ཏོག་དང་འབྲུ་སྣ་ཚོགས་པ། པ་ཀུན་ཨརྒ་དང་རྡོ་བཅལ་སོགས་ཤིན་ཏུ་སྤུས་དག་བཀོད་ལེགས་ཀྱིས་ཉམས་སྤྲོ་སྤྲོ་ལྟར་བྱས་པའི། པིལ་ཟེར་བ་ཡུལ་ལེགས་པོ་ཡོད་སྐད།
ཡང་བྷཾ་ག་ལ་པ་ཕལ་ཆེ་ད་ལྟ་དབྱར་འབྲས་ལྗོངས་རྡོ་རྗེ་གླིང་ལ་འོང་ནས་བསྡད། ནང་པ་སངས་རྒྱས་པ་ཁྱིམ་པ་མང་པོ་དང༌། རབ་ཏུ་བྱུང་བ་ཉུང་ངུ་བཅས་ཡོངས་དྲིལ་སྟོང་ཕྲག་བཅོ་ལྔ་ཙམ་ཀ་ལི་ཀ་ཏ་ན་ཡོད་སྐད། དེ་ནང་ཁྱིམ་གནས་དགེ་བསྙེན། བྷུ་རྡ་ཞེས་པ་མཁས་པ། མདོ་འཆད་པའི་དུས་སིང་ག་ལ་སོགས་ཀྱི་དགེ་སློང་གིས་ཀྱང་ཆོས་ཞུ། བྷཾ་ག་ལ་ཀ་ལི་ཀ་ཏ་བོད་པའི་མི་གཞིས་ཆགས་པའང་སྟོང་ཕྲག་ལྔ་ཙམ་ནང་པའི་དགེ་སློང་སིང་གྷ་ལར་ཐུག་པ་བཅོ་ལྔ་ཙམ་ལྷ་ཁང་ཞིག་ན་ཡོད་ཟེར།
ཀ་ལི་ཀ་ཏའི་ཐག་ཉེ་ན་ནང་པའི་དགོན་ཁག་བཅུ་གཅིག་ཙམ་ཡོད། ཨ་ཤོང་གྷ་རིའམ་ཨ་སཾ་གྱི་ཡུལ་གནས་པདྨ་བཀོད་དང་ཐག་ཉེ་ན་ནང་པ་སངས་རྒྱས་པའི་དགོན་པ་དང༌། དགེ་འདུན་རབ་ཏུ་བྱུང་པ་འགའ་ཙམ་འདུག་སྐད། ཀསྨིར་ཏེ་ནུབ་ཕྱོགས་ཁ་ཆེའི་རྒྱལ་པོ། བོད་པས་ཟིང་པ་རྒྱལ་པོར་འབོད་པ་དེ་ཡང་ཨིན་ཇི་ལ་ད་སྐབས་ངོ་ལྟ་བར་ཡིན་འདུག
ཀ་ལི་ཀ་ཏ་ན་རྒྱ་གར་བ་ཕྱི་རོལ་པའི་མེ་ལྔ་བསྟེན་པ་ཁ་ཤས་མེ་ཤིང་མ་རྙེད་ནས། ལ་རི་རྒྱལ་ཚབ་ཀྱི་སྒོ་དྲུང་དུ། ཤིང་རྟ་འཁོར་ལོ་བཟོ་བཀོད་ཅན་ཡོད་པ་བཤིགས་ནས་མེ་ལྔ་བསྟེན་པས། བཙོན་དུ་བཅུག་རྒྱུ་མཚན་དྲིས་པ་ན་མེ་ལྔ་བསྟེན་པ་གོམས་པས་མེ་མེད་ན་མི་ཚུགས་པས་ཡིན་ཞེས་ཟེར་བར། འོ་ན་ཏན་ཏན་ཡིན་ནམ་དྲིས། ཡིན་ཞེས་པ་ན། ཤིང་བསྡུས་ཏེ་མེ་ཡི་དབུས་སུ་བསྲེགས་པ་ཙམ་བྱས་ཀྱང་མ་ཚིག་སྐད། དེ་དག་ལ་གྲུབ་ཐོབ་འདྲ་བར་བརྩི་འོང་ཟེར་གཞན་ཡང་མ་ཐུབ་སྟེ། བཅོམ་བརླག་གི་སི་ཧ་ར་བན་ཅེས་པའི་ནགས་ཚལ་དུ་མུ་སྟེགས་རལ་པ་ཅན། བསམ་གཏན་སྒོམ་པ་མངོན་ཤེས་ཅུང་ཤར་བ་མང་དུ་ཡོད་སྐད།
ཇོ་ནང་རྗེ་བཙུན་པས། འཕགས་ཡུལ་དུའང་ད་ནི་དུས་དབང་གིས་ཕྱི་རོལ་པ་ལའང་བསམ་གཏན་གྲུབ་པ་མེད་གསུངས་འདུག་ན་ཡང༌། དེང་དུས་ཀྱི་གཏམ་གསར་པ་འདི་འདྲ་འདུག ཧིན་དུ་ཕྱི་རོལ་པ་ལ་མཁས་པ་གྲགས་ཆེན་དེང་དུས་ཀྱང་མང་པོ་ཡོད། རྒྱ་གར་སྤྱི་ཁྱབ་ལ་བསམ་པ་ཆེན་པོ་ཡོད་པ། མི་སྐྱ་མཁས་པ། ལ་ལོ་དོར་ཡེ་ཟེར་བ། སཾཀྲྀཏ་ཡིན་པ་མི་ཤེས་ཟེར། ཨརྻ་མུ་ནེའི་ལུགས་ཀྱི་མཁས་པ་ཡོད། ལ་ཧོར་གྱི་ཡུལ་དུ་ཆོས་ཞུ་སྟོང་ཕྲག་གསུམ་ནས་བརྒྱད་ཙམ་བར་ལ་ལོངས་ནས་ལེགས་སྦྱར་སྐད་དུ་ཆོས་བཤད། ཡེ་ཤུའི་གྲུབ་མཐའ་དགག སྔར་རྒྱ་གར་སྐྱིད་པོ་ཡིན་ཚུལ་ད་ལྟ་རྒྱ་མཚོའི་གླིང་ཕྲན་ནས་འོངས་པ་མི་ཁོང་ཚོས་རང་རེར་སྡུག་པོ་བཏང་སྟེ་མནར་སྦྱང་བྱས་ཚུལ་སོགས། སྔོན་རབས་དང་འབྲེལ་བའི་ལོ་རྒྱུས་མང་དུ་བཤད་པས། རྒྱ་གར་གྱི་མི་མང་པོས། མིག་ནས་མཆི་མ་བཏང༌། གྲོལ་ཞོར་ཕི་རིང་གི་རྫོང་དཔོན་པའི་ཁང་པའི་ཤེལ་སྒོ་ཚོར་རྡོ་གཞུས་ཏེ་བཅག་པ་སོགས་བྱུང་བས། དབྱིན་ཇིས་ཁྲིམས་ངན་ལ་སྦྱར་ན་ཁོང་གི་སློབ་མ་འབུམ་ཐེར་མང་པོ་ཡོད་པས་མ་བདེ། འོན་ཀྱང་སྦར་མའི་ཡུལ་དུ་གནས་དབྱུངས་ལོ་གཉིས་བྱས། དེ་སྐབས་ཀྱང༌། ཡེ་ཤུའི་ལུགས་འགོག་པའི་རིགས་པ་མང་པོས་བརྒྱན་པའི་བསྟན་བཅོས་ཆེན་པོ་གཅིག་བརྩམས། དབྱིན་ཇིའི་ཁྲིམས་ལུགས་ལ་མཁས་པས་དཔོན་པོ་མང་པོས་ཁྲིམས་ཀྱི་རྒྱུ་མཚན་བཤད་པ་གང་གིས་ཀྱང་ནག་འགོས་སུ་བཏུབ་པས། ཅི་བྱར་མེད་དེ། སླར་བྷ་ལད་སྟེང་འོང་དེར་དབྱིན་ཇིའི་མཁས་པ་སྟོང་ཕྲག་གཅིག་དབུས་ཞུ་བ་ཕུལ་སྟེ་ཅི་བདེར་བཏང༌།
ད་ལྟ་ཨ་མྲྀ་ཥའི་༼ཨ་མེ་རི་ཁ་ཡིན་ནམ༽ཡུལ་དུ་ཡོད་ཟེར། ཡང་ཡུལ་བྷ་ར་ན་སིའམ། ཀྭ་ཤི། ཝ་ར་ནྭ་སིར། ཤན་ཏི་ཀུ་མཱ་རི་ཤསྐྲཾ་མཻ་ཤྲི་བ་ཀུ་ཡཱ་ར་ཤཏྲཾ་རེ་ཞི་བའི་གཞོན་ནུ་བསྟན་བཅོས་མཁན་ཅེས། སྒྲ་པ་ཎི་པར་ཤིན་ཏུ་མཁས་པར་གྲགས། ལོ་བཞི་བཅུ་ཙམ། མུ་སྟེགས་ཚངས་སྤྱོད་པ་ཡིན། རྒྱ་གར་ཤར་ནུབ་ཏུ་མཁས་གྲགས་ཆེ། ཨརྻ་མུ་ནི་འདས་ནས་ལོ་སུམ་བཅུ་ཙམ་ན་བྱུང་བ་སྟེ་མིང་དངོས་སྭ་ར་སྭ་སྟི་དཱ་ཡ་ནཱི་མེ་དབྱངས་ཅན་ཐུགས་རྗེ་མཐའ་ཡས་ནི་མུ་སྟེགས་ཧིན་དུའི་ཕྱིས་བྱུང་གི་མཁས་པའི་ནང་ནས་མཆོག སྔོན་གྱི་དུས་ཀྱི་རིག་བྱེད་ཁོ་ན་ཚད་མར་འཛིན། གསར་བྱུང་མུ་སྟེགས་ཀྱི་དྲང་སྲོང་གི་ལུགས་མང་པོ་རྣམས་འགོག་པ་རིག་བྱེད་ལས་ལུང་བསྟན་པ་སོགས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་དད། འོན་ཀྱང་ནང་པ་སངས་རྒྱས་པའི་བདག་མེད་ལ་སྐྲག་ནས་ཅུང་ཟད་འགོག་ཁུལ་བྱེད། ཁོ་རང་གིས་པརམརྠ། དོན་དམ་པའི་བདེན་པ། ཟིབཏམ། གང་ཟག་གི་བདག པྲཀྲིཏ། རང་བཞིན་གྱི་བདག་ཡོད་དམ་རྡུལ་ཡོད་ཅེས་ཁས་ལེན། དེ་དག་གིས། ཨལཏགྲི། སྟེ་བདག་ཡོད་པ་ཁོ་རང་ཚོའི་ལུགས་དང༌། ནལཏིག སྟེ་བདག་མེད་པ་ནང་པ་ལ་ཟེར། འོན་ཀྱང་ཕྱིས་ཡེ་ཤུའི་དང༌། མུ་སརྨར་གཉིས་ངན་ཆེ་བས། ཧིན་དུས་ནང་པ་ལ་དགའ་ཞིང་ཉེ་བོ་བྱེད་དོ། །ཧིན་དུའམ་ས་ན་རྷཱ་ན་ནི་ཕྱི་རོལ་པའི་ཕྱོགས་དེས། ནང་པ་སངས་རྒྱས་པ་ཐམས་ཅད་ལ་མགོ་རྣ་གཅིག་པ་ལྟ་བུ་ད་ལྟ་བྱེད་དོ། །
ཨརྻ་མུ་ནི་ལ་སློབ་མ་འབུམ་ཕྲག་ལྷག་ཡོད་པའི་ནང་མཆོག མུནྤུ་རཾ་དང༌། ཧནྤུ་རཾ། གཉིས་ད་ལྟ་ཡང་ཡོད། སྔ་མས་ཕ་གཞིས་དང་སྒོར་སྟོང་ཕྲག་བདུན་ཅུ་ཐོབ་རྩར་བཞག ཀ་ལི་ཀ་ཏ་ན་མི་སུམ་བརྒྱ་ཙམ་གྱི་སློབ་གྲྭ་རྒྱུན་དུ་བཙུགས། བུ་ལོ་གསུམ་བཞིར་སྨན་པ་བཙལ་ནས་བལྟས། རིགས་པ་གསལ་ན་སློབ་གྲྭར་བཙུད། སློབ་གྲྭ་མ་རྫོགས་བར་ཕ་མས་མི་འཁྲིད་རྒྱུའི་གན་རྒྱ་བླངས། ལོ་རེར་སྒོར་བརྒྱ་རེ་སྟེ། ཁྱོན་ལོ་བཅོ་ལྔ་ལ་བརྒྱ་སྒོར་བཅོ་ལྔའི་ཕོག་སྟེར། མི་ཚང་ཕྱུག་པོ་འདྲས་རང་གི་བུ་ལ་རང་གིས་ཕོགས་སྟེར། དེ་དག་གི་སྒྲིགས་ལ་འཇུག་སྲོལ་ཀྱང་འདུག་ཟེར། པ་ཎི་པ་ལོ་བཅུ་གཉིས་ཙམ་སྦྱོང་མཁན་ཡོད། སློབ་གྲྭ་དེ་ནས་དོན་ནས་ཁྱིམ་འཛིན་ཟེར། ཡི་གེ་ནི་ནཱ་ག་ར་ཡིན་སྐད། ཐམས་ཅད་དེ་ནས་ལེགས་སྦྱར་དུ་བཤད།
རྒྱ་གར་བྱང་དང་ནུབ་ནས་སེར་སྐྱ་ས། དབང་ཕྱུག་པ། གཅེར་བུ་པ་སོགས་མང་བ་ལས་ཡུལ་དབུས་ཕལ་ཆེར། ཨརྻ་མུ་ནིའི་རྗེས་སུ་འབྲང་བ་མང༌། རྒྱ་གར་ཊེ་ཟའི་རྒྱལ་པོ་སྒྲ་མ་རྒྱལ་པོ་དང༌། ཀསྨིར་སོགས་ཤར་ནུབ་ལྷོ་བྱང་གི་རང་དམག་མང་པོ་ཡོད་པའི་རྒྱལ་པོ་རེས་འགའ་ལས། མི་སྡེའི་ལག་ཏུ་མཚོན་ཆ་འཆང་མི་ཆོག་རྒྱུ་དབྱིན་ཇིའི་ཁྲིམས་ཡིན། དེ་ལྟར་ན་ཡང་ཁ་མི་འཆམ་པ་མ་གཏོགས། ཁ་འཆམ་ན་དབྱུག་པ་དང་ཁུ་ཚུར་གྱིས་ཀྱང་ཕེ་རིགས་བཏོན་ནུས། ཞེས་ཧིན་དུའི་མཁས་པ་རྣམས་ཟེར་སྐད། ད་ལྟ་རྒྱ་གར་ལྷོ་ངོས་ཀྱི་ནགས་ཚལ་ཆེན་པོ་ཞིག་གི་ས་འོག་ཏུ། ཁང་པ་བཅོས་ཏེ་དེའི་ནང་དུ་མཚོན་ཆ་ཁྱད་པར་ཅན་མང་པོ་བྱེད་དུ་འཇུག་སྟེ། མ་ཧཱ་ཤནཱའམ། གྷན་ཏི་རཱ་ཎ་ཞེས་པ་གྲུབ་ཐོབ་འདྲ་བ། མུ་སྟེགས་པའི་ཡོན་ཏན་ཆེན་པོ་ཡོད་པ། ༼བདག་ཉིད་ཆེན་པོ་གན་དི་རེད༽ད་ལོ་བོད་ལ་འོང་གྲབ་བྱེད་པ་དེ་ལ་ཁྲི་དམག་གཅིག་ཡོད། དམག་ཕོགས་ལ་སྒོར་འབུམ་ལྔ་བརྒྱ་སྟེ་རྡིལ་ཚད་འབུམ་ཐེར་གསུམ་ཙམ་ཡོད་པ། ལོ་སྔ་མ་འདིར་ཕེ་རིགས་ཀྱིས། མེ་སྒྱོགས་ཆེན་པོ་ཁོ་ལ་ཁ་གཏད་དེ་བརྒྱབ་ཀྱང་ཁོ་ཡི་ལུས་ཀྱང་གཏོར་མ་ནུས། དེས་རྒྱ་གར་ཤར་ནུབ་ཀུན་བསྡུས་ཏེ། དབྱིན་ཇི་མཐར་བསྐྲད་གཏོང་འདོད་དེ་ཞི་བའི་ཐབས་ཀྱིས་འདོན་པ་འམ། དྲག་པོའི་ཐབས་གང་རུང་གིས་འདོན་དགོས་ཟེར་ཡོད་སྐད།
ཧིན་དུའི་སྡེ་ཚན་ཆེ་བས། ལོ་རེར་སྐྱེ་དམན་རབ་ཏུ་བྱུང་བ་འབུམ་ཕྲག་གཅིག་ཡོད་སོང༌། ཟེར་བ་སོགས་ཀྱི་གཏམ་འདུག་སྐད། མ་གྷ་རྡ་ན། ས་བདག་བྱེ་བྲག་པ་ཇོ་ཧོ་ཀི་རཱ་ཛ་ཞེས་པའི་རྒྱལ་པོ་དེའང་མུ་སྟེགས་ལུགས་ཡིན། སིང་གྷ་ལ་སོགས་ནས་ནང་པ་འདྲས་རྡོ་རྗེ་གདན་གྱི་ས་དེ་ཉོས་ནས་ཕྱིར་བླངས་ཏེ། ཡུལ་དབུས་མ་གྷ་དྷར་ནང་པར་འཛུགས་དགོས་ཟེར་གི་ཡོད་པའི་སྐབས་ཡིན་སྐད། ༼འདི་ནི་སིང་ག་ལའི་དགེ་བསྙེན་དྷརྨ་པཱ་ལའི་སྐོར་ཡིན་སྙམ སྒྲིག་མཁན་གྱི་མཆན།༽ཡུལ་དབུས་སུ་ནང་པའི་དགེ་སློང་མེད། རྡོ་རྗེ་གདན་དུ་འགུར་ལོག་བླ་མ་དང་སོག་པོ་དགེ་སློང་ད་ལྟ་བོད་པ་རེ་ཟུང༌། བྷུ་མ་དང༌། སིང་གྷ་ལ་པ། དགེ་སློང་རྣམས་ལ་ཡུལ་དེའི་སྦྱིན་བདག་གིས། ཟས་གོས། གྲུ་གླ་སོགས་མཐུན་རྐྱེན་སྦྱར་ནས་བྱོན་པ་མང་དུ་འོང༌། ཀ་ལི་ཀ་ཏ་ན། ནང་པ་སངས་རྒྱས་པའི་བཀའ་བསྟན་འགྱུར་ཐུབ་དབང་ལི་སྐུ་སོགས་ཐོག་སླེབ། མི་ཡི་ལུས་ཚད། གཡང་ཀྲི་ལས་བྱས་པ། རྡོ་ཀ་མ་རུ་པ་ལས་བྱས་པ། ཙན་དན་ལས་བརྐོས་པ་སོགས་མང༌། དགྲ་བཅོམ་པ་མང་པོའི་སྐུ་རྡོ་དཀར་ལས་བྱས་པ། ཝ་ར་ན་སིའི་སེར་སྐྱའི་གྲོང་སོགས་ས་འོག་ནས་དོན་པ་དང༌།
བོད་ཀྱིས་བླ་གཞུང་གིས་བྱིན་པ་དང༌། དར་མདོ་ནས་ཉོས་པ་ཐང་ཀ་སོགས་ལྷ་རྟེན་མང་པོ་ཡོད། ཕེ་རིགས་གཞུང་རྐྱང་གིས། མཚར་འདོད་དང༌། ཤེས་འདོད་ཀྱིས་རིགས་འདྲ་བསྡུ་འདོད། དེ་ན་ཡོད་པའི་ནང་པའི་མི་མང་པོས་མཆོད་ཡུལ་དུ་ཡང་བྱེད། དབྱིན་ཇི་འདི་རྒྱལ་ཁབ་ཆེ་བ་དང༌། ཁྲིམས་ཡིག་ལེགས་པར་ཡོད་པ་དང༌། རྒྱ་གར་གྱི་སྲོལ་བཟང་པོ་བཅོས་པ་དང༌། དཔོན་པོ་ཐམས་ཅད་ཡོན་ཏན་སློབ་སྦྱོང་མཐར་ཕྱིན་པའི་མཁས་པ་ཡིན་པ་དང༌། རྒྱ་གར་དང་གྱོད་ཚང་དོན་གྱི་ནང་དུ་ཐེབ་པའི་རྒྱུ་མཚན་ལས། འཕྲལ་གྱི་ཁྲིམས་ཤིན་ཏུ་དྲང་པོ་ལྟ་བུ་ཡོད་ཀྱང༌། ཕུགས་གཡོ་སྒྱུ་ཆེ། ཕ་རོལ་གནོད་པ་ཁོ་ནས་གཞན་གྱི་དཔལ་འབྱོར་ལ་བརྔམ་པ། དཔལ་འབྱོར་ཇི་ཙམ་ཡོད་ཀྱང་ཆོག་ཤེས་གཏན་ནས་མི་ཤེས་པ་ཡིན་པས། རྒྱ་གར་བས་མི་དགའ་བས། སྡེ་དང་དཔོན་ཡིན་ཀྱང་རིགས་མི་བསླད་དེ་གཉེན་ཉེ་དུ་བྱེད་སྲོལ་གཏན་ནས་མེད་པ་དང༌། དཔོན་པོ་སོ་ཡབ་ཞིག་ཡིན་རུང༌། བཙོག་པར་བརྩིས་ཏེ། རྒྱ་གར་དངོས་གཞིའི་ཁང་པའི་ནང་དུ་གཏན་ནས་འོང་འཇུག་སྲོལ་མེད་པས། དཔོན་པོ་ཁོ་རང་ཚོ་ཡང༌། ཁང་པའི་སྒོར་སྡོད་འོང༌།
བོད་པ་འདྲ་བ་ཕེ་རེང་ལ་དགའ་བོ་བྱས་ན། རྒྱ་གར་བས་བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་རྣམས་ནི་དེ་ལ་སྙིང་ན་བ་དང་མི་དགའ་བ་ཆེར་མེད་པ་ལྟ་བུ་བྱེད་འོང༌། ཕུགས་རང་འདོད་ཆེ་བས། རིགས་གཅིག་ཡིན་ཀྱང་ཛྙར་མིན་༼འཇར་མན༽སོགས་རྒྱལ་ཁག་གཞན་དང་ཡང་མི་མཐུན་སྐད། བོད་ཁྲུས་གཙང་སྦྲ་ཆེར་བྱེད་པ་དང༌། བ་གླང་དང་མཛོ་གཡག་སོགས་ཀྱི་ཤ་ཟོས་ན་ལེགས་པོ་བྱེད། ལུག་ཤ་ཟོས་ན་སྐྱོན་དུ་མི་བརྩི་གཞན་བ་གླང་གི་ཤ་སོགས་ཟོས་ན། བཙོག་བལྟས་ནས་ནང་དུ་འོང་མི་འཇུག རྒྱ་གར་བའི་མི་ཡ་རབ་རྣམས་དེ་ལྟར་ཚུགས་ཐུབ་ཀྱི་རྒྱུས་ཆེན་པོ་ཡོད་ཅིང༌། མ་རབ་འགའ་ཕེ་རིང་ནས་ལས་ཀ་འདྲ་བྱེད་ངོ་སྲུང་གཅམ་བུ་བྱེད་པ་ཡོད་ཀྱང༌། དེ་དག་གི་འང་རིགས་བསླད་སྲོལ་ནི་མེད། རྒྱ་གར་བས་བོད་པ་ལ་རྒྱུ་མཚན་དེ་སྐོར་ཞིབ་ཏུ་ཟེར་འདོད་ཡོད་ཀྱང༌། ཕེ་རོང་གི་དོགས་པས། རྒྱ་གར་བའི་མཁས་པ་བོད་དུ་འགྲོ་བ་སྔར་བཀག་པར་བྱས་སྐད།
བོད་ཀྱི་བཀའ་བསྟན་འགྱུར་གྱི་ཡི་གེ་ནི། དབྱིན་ཇི་མ་ཟད། རི་པིང༌།༼འཇར་པན༽ ཛྙར་མིན་༼འཇར་མན༽སོགས་མཐའ་མིའྀ་རྒྱལ་ཁག་ཕལ་མོ་ཆེར་ཡོད་པར་གྲགས། ཀུན་སློང་སྐྱོན་ཅན་ཕལ་ཆེར་མཚར་འདོད་ཀྱིས་ཡིན་པ་ལ། དད་པ་སྐྱེ་བ་རང་གིས་བཀག འོན་ཀྱང་དེ་དག་ལ་སྔར་མུ་སྟེགས་ཀྱི་སྟོན་པ་ལྟར་རིགས་པས་དཔྱད་པ་ནི་མི་འོང་འདྲ་བས་རིགས་ལམ་གྱི་འཇིགས་མི་དགོས་པ་གདའ། ཀ་ལི་ཀ་ཏ་ནས། གྲུ་རྫིང་ཆུ་སྒར་འདྲིལ་ལམ། འཁོར་ལོས་སིང་གྷ་ལར་ཉིན་གཅིག་གིས་སླེབ། སྦར་མ་ན་ཉིན་གཉིས་ཀྱིས་སླེབ་སྐད། དབུས་རྡོ་རྗེ་གདན་དུ་ཤིང་རྟ་རིལ་བུ་སྒར་འདྲིལ། མེ་ཆུ་ཁ་འཐབ་ཀྱིས་ཉིན་ཞག་གཅིག་གིས་སླེབ་སོང༌།
རྒྱ་གར་ཤར་བྷཾ་ག་ལར། བྱང་ཤར་བྷྲ་མ། ལྷོར་ཛ་གར་ནཱ་ཐ། ནུབ་ན་ཛ་ལན་ད་ར་ལ་ད་ལྟ་གཞའ་ལན་རྡ་ར་ལྟ་བུ་ཟེར། དེ་ནས་བྲཻ་ལཽར་པུ་རི། ནུབ་བྱང་ཟ་ཧོར་ནས་ཨ་མྲི་པུ། ར་བ་པུ། བྱང་ན་ཀུ་ཤུ་ནཱ་ག་ར་སྟེ་གྱད་ཡུལ་རྩྭ་མཆོག་གྲོང་དང་ཤིང་གི་རི་སོགས་ཡོད། ཀ་ལི་ཀ་ཏ་ནས་ཤིང་སྒར་རྒྱུག་གིས་ཉིན་ཞག་བཞི་ལ་ལྷོ་ཇ་གརཱ་ན་ཐར་སླེབ། བོད་ཀྱི་གངས་རིའི་ལྷོ་ངོས་སུ་ཁུ་ནུ་ཡོད། སྟོད་བོད་ལ་ཤས། སྨད་རྒྱ་ལ་ཤས། ལྷོ་འབྲུག་འབྲས་ལྗོངས་སོགས་དབྱིབས་འདྲ། ཁུ་ནུ་ནས་ཞག་གཅིག་གིས་ཀུ་ལུ་ཏར་ཕྱིན། མངའ་རིའི་གར་ཤའི་ལྷོ་ནས་ལ་ཆེན་པོ་ར་གོང་ཟེར་བ་བརྒྱབ་པས་ཀུ་ལུ་ཏར་སླེབ། དེ་ནས་ནུབ་ཏུ་མ་རུ་དོང་སོང་མཎྚི་ཟེར། གངས་རིའི་ནུབ་ནས་ཁ་ནུབ་བསྟན་དེ་ནས་ལྷོར་བལྟས་གངྒཱའི་ཆུ་མགོ་གཅིག ས་ཛ་བྷ་ཞེས་རྒྱ་གར་ནུབ་བྱང་ནས་ཆུ་རྔ་དོན་པ་རྣམས་ཀྱི་ཆུ་གཅིག་ཏུ་དྲིལ་བ་ལ་གངྒཱ། དེ་འང་ནུབ་ནས་ཤར་དང༌། ནུབ་ནས་ལྷོར་བབས་པས་ཡ་མུ་ན་གཉིས་སུ་གྱེས་པ་ཡིན་སྐད།
ཆུ་ཆེན་པོ་དོང་གཅིག་ཏུ་འདུས། ཐང་ཤིན་ཏུ་བདེ་བ་ནས་བར་དུ་གཉིས་སུ་གྱེས་པ་གཅིག་ཤར། གཅིག་ལྷོར་འགྲོ། ཆུ་ལྔ་པོ་དེའི་མགོ་ངོས། ཁ་ཆེ། བྲཻ་ལོད་པུ་རི་སྟེ་ཐོ་གར་གྱི་ཡུལ་དང་ཉེ་བ་རྣམས་ཡོད། བྲཻ་ལོད་པུ་ཏིར་ཐེག་ཆེན་སྤྱོད་འཇུག་བཤད། སྔགས་དང་མ་ཧཱ་པན་རྡི་སྟེ་རྫོགས་ཆེན་ཡང་དར་ཅེས་ཟེར་མཁན་ཡོད།
རྒྱ་གར་པ་ཛབ་ཀྱི་བླ་མ་ཞིག་གིས་ཟེར། ཁུ་ནུ་དང༌། གརྴ་ན་ངོར་དང་རྙིང་མ་བཀའ་བརྒྱུད་འབྲུག་པ་ཡོད། རྙིང་མ་པད་གླིང་ལུགས་དང༌། འོན་ཀྱང་དགེ་རྙིང་བཀའ་གསུམ་ཕལ་ཆེ་སེར་ཁྱིམ། ཡང་ཁུ་ནུ་ནས་ཉིན་བཅུས་མཚོ་པདྨ་ལ་སླེབ། ཡུལ་འདིར་སློབ་དཔོན་པདྨའི་སྒྲུབ་གནས་ཀྱང་ཡོད། ཟ་ཧོར་ན་མཚོ་པདྨ་ནི་སློབ་དཔོན་རིན་པོ་ཆེ་གསོན་བསྲེགས་བྱས་པའི་མེ་དཔུང་མཚོར་བསྒྱུར་པའི་རྫུ་འཕྲུལ་བསྟན་ས་དེར། མངའ་རིས་རྒྱ་གར་ཁམས་པ་རྡོ་བརྐོས་སྒར་བ་ལྟ་བུ་དབྱར་མངའ་རིས་སུ་སོང༌། དགུན་མཚོ་པདྨར་འགྲོ་བ། ད་ལྟ་འཇོང་ཡུལ་སྤྲོང་ལོང་སྒར་ཞེས་དབྱར་འཇང་པ་ཡོང༌། དགུན་དཱ་ལའམ། བྱ་རྐང༌། ཨ་བ་ཤི་ཥ་ལ་འགྲོ་མཁན་དེ་ཚོ་དབྱིབས་འདྲ་བ་རྒྱ་མ་བོད་མང་པོ་ཡོད། དེ་ཚོས་རྙིང་མ་མང་དུ་བསྟེན།
ཡུལ་དེའི་རྒྱལ་པོ་ནི་ཧིན་དུའི་ལུགས་འཛིན་ཡིན། ཡུལ་དེའི་གྲོང་གི་མཆོག་ཨ་མྲྀ་པ་འམ། ཨ་འབག་དུ་ཟེར་བ་དེར་འབྱོར་བ་ཆེན་པོ། ལྷ་ཁང་ཞིག་ཏུ། ཨོ་རྒྱན་པདྨའི་བཞུགས་ཁྲི་ཟེར་བ་ཡོད། བརྟགས་ན་ཨོ་རྒྱན་སྤྲུལ་པ། གུ་རུ་ཎ་ནའི་རེད་ཟེར། ༼དགེ་ཆོས་ཀྱིས་གཏམ་རྒྱུད་གསེར་ཐང་དུ་གསུངས་པའི་གུ་རུ་ན་ནག་ཟེར་བ་དེང་སྐབས་ཀྱི་པན་འཇབ་མི་རིགས་རྒྱ་བོ་ཚོའི་སྟོན་པ་དེའོ།།སྒྲིག་མཁན་གྱི་མཆན།༽བོད་ནས་འདི་ནི་ཨོ་རྒྱན་རིན་པོ་ཆེའི་ཡིན་པར་འཁྲུལ། ཕུགས་ཨོ་རྒྱན་པདྨའི་སྤྲུལ་པ་ཡིན་ནའང་ཅི་ཤེས་མ་གཏོགས། དངོས་གནས་ལ། ལོ་༦༠༠ཙམ་གྱི་སྔོན་དུ་སོང་བའི་མུ་སྟེགས་པའི་སྟོན་པ་ཞིག་ཡིན་སྐད།
ད་ལྟ་དེའི་ལུགས་འཛིན་ཤིན་ཏུ་མང༌། སྐྲ་མི་བྲེགས་རལ་པ་ཅན། ཁ་སྤུ་མི་བྲེགས་རྒྱ་བོ། མགོ་ལ་མཚོན་ཆའི་འཁོར་ལོ་སྐྲ་ནང་དུ་བསྡུས་ནས་འཆང༌། དེ་འཕངས་ན་མི་གསོད་ཐུབ། དེ་མཚོན་ཆ་ཡིན་པས་འཆང་མི་ཆོག་ཅེས་དབྱིན་ཇིས་ཁྲིམས་བྱས་ཀྱང་ཁར་མི་ཉན་སྐད། འདི་ཚོ་ལ་ཚོགས་འཁོར་དང་ཆ་འདྲ་བ་ཞིག་སྣང༌། ཡུལ་འདི་ན་དེང་སང་བལ་བོའི་རོལ་མོ་རྒྱ་མདུད་མ་འདྲ་བ་ཤིན་ཏུ་རྙིང་པ་ཆེན་པོ་དངུལ་ཏོ་ལའི་སྟེང་དོང་ཙེ་བརྒྱ་རེ་ཙམ་སྤྲད་པས་མདོ་ཁམས་སུ་རྡིལ་ཚད་གཉིས་གསུམ་རེ་རི་བར་བྱེད་པའི་རོལ་མོ་དེ་འདྲ་གཙང་རྒྱལ་རྩེ་ནས་གཅིག་མཐོང༌།
༈ བྷར་མའི་ཡུལ་ན། ད་ལྟ་རྒྱལ་པོ་ཆེན་པོ། གསེར་གྱི་གོས་དང་ཅོད་པན་ཅན་ཡོད། བྷར་མའི་ཡུལ་འདི་ལོངས་སྤྱོད་ཆེ། མེ་སྦྲུལ་ལོར། དབྱིན་ཇིས་འཛམ་གླིང་གི་དབུས་ཀྱི་རྒྱ་གར་གཙུག་ལག་རྙིང་པ་དང་རྒྱལ་པོའི་ཕོ་བྲང་རྙིང་པ་རྣམས་ནས་ནོར་བུ་རིན་ཐང་མེད་པ་འདྲ་ཁ་ཤས་དོན་པའི་རེ་བས་ས་བསྔོགས་པས། སེར་སྐྱའི་ཕོ་བྲང་ནས་ནོར་བུ་རིན་པོ་ཆེ་འགའ་དོན། རྡོ་རྗེ་གདན་གྱི་ཉེ་ངོས་ནས་ཀྱང་དོན། སེར་སྐྱའི་གནས་ཤིག་ཏུ་ས་བརྐོས་པས་ལྕགས་ཀྱི་འཁོར་ལོ་འཁོར་བ་མཐོང༌། ཆུའི་རྒྱུན་བཅད། དེའི་འོག་ནས་རིང་བསྲེལ་ཤེལ་བུམ་གང་བ་ལོན། དེ་ལ་ཁ་ཡིག་ཟངས་དང༌། གསེར་གྱི་གླེགས་བུར་ཡོད་པ་རྙེད། དེ་ད་ལྟ་བྷར་མའི་རྒྱལ་པོས་དངུལ་དོང་ཙེ་ཏོ་ལ་འབུམ་ཁ་ཤས་ཀྱིས་བླུས་ཏེ། བྷར་མར་ཁྱེར་ནས་མཆོད་རྟེན་བཞེངས། ལྷ་ཁང་ཁྱད་དུ་འཕགས་པ་ངོ་མཚར་བ་འདུག་པ་དེར་མཆོད་པ་སྣ་ཚོགས་ཕུལ་ཟེར། བྷར་མ་ན་དགེ་སློང་ཁྲི་ཚོ་ལྔ་ཡོད་སྐད། དེ་ཐམས་ཅད་ཀྱིས་སྡེ་སྣོད་རིན་པོ་ཆེ་ཐམས་ཅད་པུ་ཏི་ཀཿཉི་ཤུ་རྩ་གཅིག་ཏུ་བསྡུས། དེའང་དུས་ཐ་མའི་མི་ལ་འཆད་ཉན་དཀའ་བས་པོད་བདུན་དང༌། དེའང་གསུམ་ལ་བསྡུས་ནས་འཆད་ཉན་བྱེད་ཟེར།
བྷར་མ་རྒྱལ་པོས་བྱང་ཆུབ་ཤིང་ལའང་གསེར་ཤིན་ཏུ་འཐུག་པོ་བྱུགས་གདའ་ཟེར། སིང་གྷ་ལ་ཡི་ཡུལ་དུ་ཁྱིམ་པ་ཐམས་ཅད་ནང་པ་སངས་རྒྱས་པ་ལ་མཆོད་པའི་དགེ་བསྙེན་ཕོ་མོ་ཤ་སྟག་ལ་མུ་ཏིག་དང་གླང་པོ་ཆེ་སོགས་འབྱོར་བ་ཆེ། གནས་དེར་དགེ་སློང་ཁྲི་ཚོ་གསུམ་ཙམ་ཡོད། ཁྲིམས་དག་གཙོ་བོར་ཐེག་དམན་ཉན་ཐོས་སྡེ་པ་ཡིན། ཡུལ་དེའི་དགེ་བསྙེན་ཁྱིམ་གནས་དྷརྨ་པ་ལ་༼རྒྱ་གར་གཞུང་ལ་རྡོ་རྗེ་གདན་དང་ཝ་ར་ཎ་སིའི་ཆེད་དུ་རྩོད་པ་རྒྱག་མཁན་གྱི་དགེ་བསྙེན་མཛད་པ་རླབས་ཆེན་དེ་ཡིན་ནམ སྒྲིག་མཁན་གྱི་མཆན། ༽ཞེས་པའི་བསྟན་བཅོས་སུ་སྟོང་ཉིད་གཞི་སྦྱོར་བཀོད་འདུག བཤད་པ་ལ་དཔག་ན་ཐེག་ཆེན་ཀྱང་ཡོད་དམ། གླིང་དེར་དེ་བཞིན་གཤེགས་པའི་ཚེམས་མཆེ་བ་བཞུགས་པའི་མཆོད་རྟེན་དེར་དུས་བཟང་ལ་འོད་ཟེར་འཕྲོ་བ་ཡོད། དེ་སོགས་རྟེན་ཁྱད་པར་ཅན་མང༌། སིང་ག་ལ་ནས་རྒྱ་མཚོ་ནས་ཕར་ལངྐ་དང་སྤྲེའུ་འཐབ་པའི་ཡུལ། རྒྱ་མཚོའི་འགྲམ་རྒྱུད་དུ་རྡོ་ཟམ་དམར་པོ་ཡོད། སིང་ག་ལའི་ཡུལ་དེར་བསྟན་པ་ལ་དད་པ་ཆེ། དགེ་སློང་ཐམས་ཅད་ལ་འཚོ་བ་བསོད་སྙོམས་ཉིན་བཞིན་ཕུལ། དགེ་སློང་སྟོང་ཕྲག་དྲུག་གདུགས་ཚོད་ལ་དྲངས་ཏེ། ཟས་ཕུལ། ཆོས་གོས་རྣམ་སྦྱར་གྱི་རྒྱུ་རས་ཟོང་རྒྱ་ནག་གོས་ཆེན་དང་གོང་འདྲ་བ་འབུལ་ནུས་པའི་ཁྱིམ་བདག་སྟོབས་ཆེན་ད་དུང་ཡོད་འོང་སྐད།
སིང་ག་ལའི་ཁྱིམ་གནས་ཀྱི་དགེ་བསྙེན་དྷརྨ་པ་ལ་ཞེས་བྱ་བ་ཤིན་ཏུ་མཁས་པ་ཞིག་ཡོད། དེས་རྡོ་རྗེ་གདན་དུ་མགྲོན་ཁང་བཞེངས། མགྲོན་ཚུགས་བཙུགས། ཝ་ར་ནཱ་སིར་མི་སུམ་ཅུ་ཙམ་སྟོན་པའི་རྣམ་ཐར་དང༌། མཛད་པ་སྐྱེས་རབས་སོགས་འཆད་པ་རིག་གནས་སོགས་སློབ་གྲྭ་ཤིན་ཏུ་ལེགས་པ་བཙུགས། འདིས་འཛམ་གླིང་མཐའ་ཡི་གླིང་ཕྲན་ཕལ་ཆེར་དུ་བྱོན། ཨ་མྲྀ་ཥ༼ཨ་རི༽ ཛྙར་མིན།༼འཇར་མན༽ ཕ་རན་སི། སར་སྦི་ཡ། ཧོ་ལན། རྡར་རྩིས། བྷེལ་འཇམ། ཨོ་ཌོ་སོགས། རྒྱ་མཚོའི་གླིང་བར་མང་པོར་སངས་རྒྱས་པའི་དགོན་སྡེ་མང་དུ་བཙུགས། དགུང་ལོ་ལྔ་བཅུར་ཉེ་བ་ད་ལྟ་སིང་ག་ལར་བཞུགས་སམ་སྙམ།
ལར་རྒྱལ་བའི་ཕྲིན་ལས་ནི་བསམ་གྱིས་མི་ཁྱབ་པའི་ཕྱིར་ཀླ་ཀློའི་ཡུལ་དུ་ནི་ཀླ་ཀློའི་སྐད་ཀྱིས་སོ་ཞེས། ཐེག་པ་གསུམ་བྲི་བར་དྲི་མེད་འོད་ལས་ཀྱང་གསུངས། འདི་དག་ཀླ་ཀློ་ཡིན་ཡང་ནང་པ་སངས་རྒྱས་པ་ལ་དད་པ་ཐོབ་པའང་རེ་རེ་ཙམ་འབྱུང་བས་ན་མི་ཁམས་ཀླ་ཀློའི་ཁྲོད་ནས། ཁམས་པ་རེ་ཟུང་སྲིད་པ་དང༌། རང་རེ་ཆོས་དར་བའི་སར་སྐྱེས་པ་རྣམས་ཀྱང༌། ཁམས་པའི་ནང་ནས་མི་ཁམས་པ་བསྒྲུབས་ཏེ་མི་ལུས་ཙམ་པོ་བ་བྱས་ནས། བྱུར་པོ་ཆེ་བྱེད་པ་ནི། ཡ་ང་ལ་ཡི་མུག་གོ།
ཡང༌། ཛྙཱར་མན་ནས་སྐུ་འཁྲུངས་པའི་དགེ་སློང་ཛྙཱ་ན་ཏི་ཀ་སྟེ། ཡེ་ཤེས་ཐིག་ལེ་ཞེས་བྱ་བ་བཙུན་ཅིང་མཁས་པ་ཞིག་ཀྱང་ད་ལྟ་ཡོད། ༼འདི་ཡང་གཏམ་རྒྱུད་གསེར་ཐང་དུ་བྱུང༌། སྒྲིག་མཁན༽དེའི་བསྙེན་པར་རྫོགས་པའི་ཡུལ་ནི་སིང་ག་ལ་ནས་ཡིན། དེས་ཕ་རན་ས་དང༌། དབྱིན་ཇིའི་བྷེ་ལད་སྟིང༌། སར་ཞིས་ལ་སོགས་པ་མཐའ་མི་མང་པོ་བསྙེན་པར་རྫོགས། མ་བྷ་རྡཱ་འོང་ཝོར་གཅིག་ལ་དབྱིན་ཇི་བཅུ་དྲུག་ཙམ་རབ་ཏུ་བྱུང་སོང་ཟེར། ལར་ནི་སྐྲ་སེར་ལ་སོགས་པ། མཛེས་པའི་བར་ཆད་དུ་འགྲོ་འམ་སྙམ་སྟེ། ཉན་ཐོས་སྡེ་པ་གཞན་གྱི་གཞུང་ལ་བསྟན་པ་ཡིན་ནམ་མ་འཚལ། ཛྙཱར་མིན་ཕྱུག་པོ་ཞིག་གིས། སིང་ག་ལར་ཐག་ཉེ་བའི་གླིང་ཕྲན་ཞིག་ལ་སྒོར་འབུམ་བྱིན་ཏེ་ཉོས་ནས་དགེ་སློང་དེར་ཕུལ། དེ་ཡི་ཡུལ་དུ་དགེ་སློང་མང་པོ་ཚུགས་སྐད།
༈ ཡང་སིང་ག་ལ་དང་ཐག་ཉེ་བར། སི་ཡམ་ཞེས་བྱ་བའི་ཡུལ་དུ་ནང་པ་སངས་རྒྱས་པའི་དགེ་འདུན་རབ་བྱུང་དགེ་སློང་ཤས་ཆེ་བ་སྟོང་ཕྲག་གསུམ་ཙམ་ཡོད་པའི། སྟོང་ཕྲག་བཅུ་གཉིས་ལ་རྒྱལ་པོས་བླ་ནས་འཚོ་བ་སྦྱར། ཅེས་ཀྱང་ངོ༌། །རི་པིན་གྱི་ཡུལ་ན་དགེ་སློང་སྟོང་ཕྲག་བདུན་ཅུ་དོན་ལྔ་ཡོད་ཟེར། འདི་ཚོ་རྒྱ་གར་གྱི་བབ་ཀྱི་ཡི་གེར་བྲིས་འདུག་ཟེར། རི་པིན་གྱི་གྲྭ་པ་གཅིག་ད་ལྟ་སེ་རར་འདུག་ཟེར། རི་པིན་ན་ཁྲིམས་ཡུལ་ལུགས་ཀྱིས་ཅུང་ལྷོད་པ་རེད་ཟེར་མཁན་ཡོད་ཀྱང་ཁྲིམས་དག་པོ་མང་བ་ཙམ་ཡོད་འདྲ་ལ། དེའི་བསྙེན་རྫོགས་ཀྱི་རྒྱུན་སོགས་རྒྱ་ནག་ནས་དེར་སོང་བ། ཡུལ་དེར་ཐེག་ཆེན་ཕ་རོལ་ཏུ་ཕྱིན་པ་མང་དུ་དར། དེའི་དགེ་་་་་་༼མ་དཔེར་དགེ་སློང་དང་དགེ་ཚུལ་དགེ་བསྙེན་གང་ཡིན་མི་འདུག ཞྭ་སྒབ་པའི་་་སྲིད་དོན་རྒྱལ་རབས་་་ནང་འཇར་པན་པ་ཞིག་གིས་བོད་ནས་རྒྱལ་དབང་བཅུ་གསུམ་པར་ཞུས་ཏེ་བཀའ་བསྟན་གདན་དྲངས་ཚུལ་ཞིག་ཡོད་པ་དྲན་པས། ཕལ་ཆེར་མི་དེ་ཡིན་ནམ་སྙམ། སྒྲིག་མཁན་གྱི་མཆན།༽ཀོའུ་ཇི་ཞེས་པ། སཾ་སྐྲྀ་ཏ་བསླབས་ནས་རྒྱ་གར་དུ་ལོ་བརྒྱད་བཞུགས། ཀ་ལི་ཀ་ཏ་ནས། རྒྱ་དཔེ་ཡིག་རྐང་མང་པོ་བསྣམས་སོང༌། ཁྱད་པར་དཔེ་རྙིང་གནད་ཆེན་བལ་ཡུལ་ནས་མང་པོ་བསྣམས། བོད་དུའང་གཞུང་སའི་ཕྱག་ནས་བཀའ་འགྱུར་ཞུས། རི་པིན་ལ་ཕེབ་སོང་ནས་འདས་ཚར་སྐད།
ཡུལ་འདིར་འོད་དཔག་མེད་མང་པོ་བཞེངས་པས། ཆེ་བ་ཁྲོ་ལས་རི་ཆུང་ཙམ། ཆུང་བ་གསེར་དངུལ་ས་ལེ་སྦྲམ་གསེར་ཞག་ཉི་ལེ་བའི་ལི་དམར་ལས་བྱུགས་པ། ཙན་དན་ལ་བརྐོས་པ། བ་སོ་ལ་གནས་བརྟན་བཅུ་དྲུག་བྲག་རི་མ། གཡང་ཊིའུ་རྡོ་ལས་བྱས་པ། སྒོར་སྟོང་རི་བའི་གནས་བརྟན་བྲག་རི་མ། གོས་ཆེན་དཀོར་ཀེ་དྲས་ཏེ་ཐང་ཀ་བྲིས་པ་དང༌། འཐགས་ཐང༌། དཀར་ཡོལ་ལས་བྱུང་པའི་ཉེ་སྲས་མཛེས་སྡུག་མཚུངས་པ་མེད་པ་སོགས་བཟོ། ལྷ་ཡི་བྲིས་ཚུགས་བཟོ་གཉིས་ལེགས་པའི་ཕུལ་དུ་སྣང། ༼རྩེ་ཁྲུ་ག་ལྟ་་་་་མ་དཔེར་འདི་འདྲ་ཞིག་འདུག་ལ་ནང་དོན་མ་གོ༽དཀར་ཡོལ་གྱི་སྤྱན་རས་གཟིགས་ཕྱག་གཡོན་ཡི་དྭགས་ལ་འོ་རྒྱུན་བུམ་པ་ནས་འབེབས་པ། འོ་རྒྱུན་མུ་ཏིག་གི་ཕྲེང་བ་ཅན་བྲག་རིའི་ཐོག་བཞུགས་པ་ཤིན་ཏུ་ལེགས་པ། འབྲས་ལྗོངས་སྲིད་སྤྲུལ་བཅའ་ཀ་སྒོར་བཞི་བརྒྱ་རི་བ་ངེད་ནས་གཙང་རྒྱལ་རྩེའི་འཕྲེང་རིང་གཞིས་ཀའི་སྤྲོ་ཁང་དུ་མཐོང༌།
རྒྱ་ནག་ཏཱ་མིང་གི་བཟོ་དང་འདྲ་བ་ལས་ཀྱང་ཅུང་ལེགས་ཚད་དུ་འདུག རི་པིན་ནི་མི་ཕུགས་རྒྱ་ནག་ལུགས། ཕེ་རིང་དབྱིན་ཇི་ལ་ཁ་མཐུན། ཚ་དྲོད་སྙོམས་བཅའ་ཀ་སྤུས་དག འཕྲུལ་དང་དམག་གཞན་གྱིས་ཡེ་མི་དོ་ཟེར། དབུས་གངས་རི་ཅན་ཡུལ་སྐྱིད།
༈ རྒྱ་གར་ལྷོ་ངོས་གླིང་ཕྲན་ལྟ་བུ་ཛྙཱར་མིན་ལུང་པའང་སྟོད་གངས་རི་ཅན། སྨད་དབྱར་དགུན་གྱི་ཁྱད་ཆེར་མི་འོང༌། ཡུལ་སྐྱིད་ཤོས་ཤིག་ཏུ་རྩི། ཀརྤུལ་ལམ་ནག་ཀ་བིམ་གྱི་ལུང་པའི་མགོ་གངས། སྨད་མེ་ཏོག་དང༌། ཤིང་ཏོག་རྣམ་པ་སྣ་ཚོགས་ཅན་ཡོད། ཀ་བིམ་གྱི་བྱང་རྒྱབ་ཨོ་རྒྱན་གྱི་ཡུལ། རགས་པ་ཙམ་ཀུ་ལུ་ཏཱ་ཨོ་རྒྱན་གྱི་སྐོར་ཨོ་རྒྱན་པའི་ལམ་ཡིག་ཏུའང་སྣང༌། དེའི་ནུབ་བྱང་ངོས་སུ། ཕེ་རེང་པ་ཡི་གྲོང༌། དེའི་ཚུར་ཏཱ་ཟིག་གམ་སྟག་གཟིག་ཀླ་ཀློའི་ཡུལ། མོ་ཏཱ་ནལ་དང༌། མ་ཁའི་མཆོད་ཁང་སོགས་ཏརྐི་དང་ཏུརྐི་དང་ཐུ་རུ་ཀ་སྟེ་ཏུ་རུ་ཀ་རྣམས་མིང་གི་རྣམ་གྲངས། དེ་ནས་ཚུར་སྟོད་ཧོར་ལ་མིང་རུམ་པ་ཅ་ཟེར། ཁ་ཆེ་ལ་ཀ་སྨིར་ཟེར། བྱང་ཤར་དུ་མགོ་དཀར་དང༌། ཨོ་རོ་སུ། དེ་ནས་པ་རྦིས་པ། མོན་ཊམ་ཀི་གུ་རོ། འདི་རྒྱ་ནག་གི་བྱང་ཤར། དེ་ནས་རི་པིན་ནི་རྒྱ་ནག་ཤར་ངོས་ཀྱི་རྒྱ་མཚོའི་གླིང་ཕྲན་ནོ། །
རྒྱ་ནག་ཤར་ལྷོར། རྒྱ་གར་ཤར་སྟོད་བྷོ་ལད་སྟེང༌། ༼འདི་རུ་ཅུང་ནོར་འཁྲུལ་ཡོད་སྙམ་སྟེ། ཕ་རན་སི་ནི་རྒྱ་གར་དང་ཐག་མི་ཉེ་བ་ཡོངས་གྲགས་སོ།། སྒྲིག་མཁན་གྱི་མཆན།༽དེ་ནས་ཕ་རན་སི། དེ་ནས་སིང་ག་ལ་ཡོད་པའི་རྒྱབ་ངོས་ལྟ་བུ་བྷེལ་འཇམ། དེ་ནས་རྒྱ་གར་ཤར་ལྷོར་བྷེ་ཌེལ་ཏེ་ལོ་གཅིག་ལ་ཟླ་བ་དྲུག་བདུན་སར་འགྲོ་བའི་ས་ཡོད་ཅེས་ཟེར། ཨོ་སེ་ཊེ་ལེ་དང་ཛྙཱར་མིན་དང༌། དེ་ནས་ཨ་མྲྀ་ཥ། ལྷོ་གསེར་གླིང་ངམ་སུ་ཝ་ར་ན་སི། དེ་ནས་ཌ་མི་ཌམ་སྟེ་འགྲོ་ལྡིང་དང་ཟངས་གླིང༌། ནུབ་ཏུ་ལིང་ཀ་དང༌། དེ་ནས་ཚུར་ནོར་བེ་ཞེས་པ་དང་ཧོ་ལན། འདི་ནས་རྔ་ཡབ་ལ་ཐུག་ཅིང༌། གོང་གི་དེ་ནས། ཨོ་རྒྱན་ལྷོ་ངོས་ཡིན་པར་འདུག་ཟེར།
ཁ་ཆེ་ཀསྨི་རའི་རྒྱལ་པོ་ལ། བོད་པ་མངའ་རིས་པས་ཟིང་པ་རྒྱལ་པོར་འབོད། ནང་པ་ལའང་དགའ་བར་བྱེད། ཁོ་རང་གི་གྲུབ་མཐའ་ངོ་མ་ཧིན་དུ་ཡིན་པས། ཧིན་དུའི་གྲུབ་མཐའ་ལ་སློབ་གྲྭ་གསར་དུ་བཙུགས། ཁོའི་མངའ་རིས་ནི། མུ་སུུརྨན། རྒྱ་ཆེ་བས་མུ་སུརྨན་སློབ་གྲྭའང་བཙུགས། དབུས་འབྲུག་བོད་ཆེན་ཆོས་འཁོར་ཞེས་གངས་དཀར་ལུང་པ་ན་ཡོད་པ་དེའི་བླ་མ་ལ་དྭགས་སྟག་ཚང་རས་པར་ནང་པའི་སློབ་གྲྭ་ཚུགས་ན་མཐུན་རྐྱེན་ཁོང་གིས་བྱེད་ཟེར། སྔར་ལ་དྭགས་རྒྱལ་པོ་བོད་ལ་གཏོགས་ཀྱང་གཞུང་དང་རྩོད་པ་མང་མཐར་ད་ལྟ་ཁ་ཆེ་རྒྱལ་པོའི་འོག་ཏུ་སོང༌།
མངའ་རིས་ཟངས་དཀར་ཞེས་མངའ་རིས་དང༌། ཁ་ཆེའི་མཚམས་ཀྱི་ཡུལ་དེ་ན། ནཱ་རོ་པའི་སྒྲུབ་གནས་བྱང་པུཥ་ཧ་ལ་མེ་ཏོག་མདངས་འཕྲོག་གི་དགོན་པ། དེ་ནས་ནུབ་ཏུ་ཞག་མང་ཙམ་ཕྱིན་པ་ན། ལ་ལྭ་པའི་རྡོ་གདུགས་རྣམས་གྲུབ་ཐོབ་ཨོ་རྒྱན་པའི་ལམ་ཡིག་ལྟར་ཡོད། ལ་དྭགས་ན་ཨོ་རྒྱན་གུ་རུ་རིན་པོ་ཆེས་ཕྱག་མཁར་བཙུགས་པ་ལས་མངའ་རིའི་ཁམ་བུ་ཞིམ་པོ་འདིའི་ཐོག་མའི་འབྱུང་ཁུངས་ཡིན་ཟེར་བ། མངའ་རིའི་ཁམ་བུ་གཞན་ལས་རོ་བྲོ་བ་གཉིས་ཀ་ཞིམ་པ་འགྲན་གྱི་དོ་མེད་སྡོང་པོ་ཆེན་པོ་གཅིག་ཡོད་སར་མིས་མི་ཐར་བའི་བྲག གཡངས་ཀྱི་ངོས་ལ་ཡོད་པ། བྲག་གི་རྩ་བར་ཤིང་ཏོག་བྲུལ་འོང་བ་ལས་བསྒྲུགས་ཏེ་ས་བོན་གྱི་རྒྱུར་བྱེད་པ་ཡོད་ཟེར།
རྒྱ་གར་གརྴའི་ཡུལ་གྱི་ཆོས་ལུགས། བྱར་འབྲུག་ཡིན་པ་བླ་མ་བཀྲིས་བསྟན་འཕེལ་ཞེས་བོད་ཀྱི་རིག་གནས་ལ་མཁས་པ་ཞིག་ཡོད་པ། ཁ་ཆེ་ཟིང་བའི་རྒྱལ་པོ་དེས་ཧིན་དུའི་སློབ་གྲྭར་གདན་དྲངས་ཏེ། དེས་བོད་ཀྱི་རིག་གནས་བསླབས་སོང་ཟེར། དེས་ཧིན་དུའི་ཡི་གེ་འང་ཤེས། ལྷ་ས་ལ་འོངས་པའི་ཁ་ཆེ་ཚོས་ཇོ་ཁང་ལ་སྐོར་བ་གཏན་ནས་མི་བྱེད་པ་དང༌། ལོག་སྐོར་བྱེད་པ་དེ་ཚོས་ནི། མུ་སུརྨན་ཆོས་ལུགས་ཡིན་པ་ལས། སངས་རྒྱས་ལ་དད་པའི་ཁ་ཆེ་འང་ཡོད་པ་རེད་ཟེར།
༈ ཡང༌། ཨ་མྲི་ཥ་༼ཨ་མེ་རི་ཀ སྒྲིག་མཁན་གྱི་མཆན༽ན་མི་གཅིག་ཤེས་རབ་ཆེ་བས། ཡི་གེ་མཐོང་ཚད་བློ་ལ་ཟིན་པ་ཡོད་ཅེས་སོ། །
ད་ནི་ཆོས་ལུགས་ཚོ་ཇི་ལྟར་ཡིན་པ་ལ། རྒྱ་གར་པས་བུད་དྷི་ཤ་ཞེས་པའི་ནང་པ་སངས་རྒྱས་པ་ནི། མ་གྷ་དྷ་སོགས་དབུས་ན་ཆེར་མེད་པ་ལས། མཐའ་རྣམས་སུ་ཤིན་ཏུ་མང་བས་སངས་རྒྱས་པའི་སྡེ་ཚན་ཤིན་ཏུ་མང་བར་བྱེད། འོན་ཀྱང་གྲངས་ཀྱིས་བཏབ་པ་ནི་བབས་ཀྱི་ཡི་གེར་མི་འདུག་ཟེར། ཕྱི་གླིང་ངམ། ཕེ་རོང་གིས་འཛམ་བུའི་གླིང་འདིར། མི་རིགས་གནས་ས་ལ་ཡོ་རོབ་དང༌། ཨེ་ཤེ་ཡ་གཉིས་སུ་འབྱེད། དང་པོ་ནི་ཡེ་ཤུ་མ་ཤུ་ཀའི་ཆོས་ལུགས་ཡིན། ཡེ་ཤུ་བྱུང་བའི་ཡུལ་རྒྱ་གར་གྱི་ཤར་ལྷོར་མཐའི་རྒྱ་མཚོའི་གླིང་ཕྲན་གཅིག་ཡིན། ༼འདི་ནི་ནོར་བ་སྟེ། ཡེ་ཤུའི་སྟོན་པ་རྗེ་སི་སིའི་འཁྲུངས་ཡུལ་ནི་རྒྱ་གར་གྱི་ནུབ་ཕྱོགས་དཀྱིལ་ཤར་ས་ཁུལ་གྱི་ཨེ་ཟི་རེལ་རྒྱལ་ཁབ་ཡིན་པ་ཡོངས་གྲགས་རེད། སྤྲུལ་སྐུ་ཡེ་ཤེས་ཀྱི་མཆན། ༽ཕ་རན་སི་དང་ཉེ་བ་རེད་ཟེར་བ་དང༌། ཕ་རན་སི་ཁོ་རང་རེད་ཟེར་བ་གཉིས་འདུག དེའང་སྔ་ཕྱི་གཉིས་བྱུང་བ་ཡིན། ཕྱི་མ་དེ་སྔ་མའི་ཆོས་ལུགས་ལ་ཆགས་སྡང་ཡོང་བས། སྔ་མའི་སྡེ་ཚན་གྱིས་གཟུགས་པོར་ལྕགས་གཟེར་གདབ་པ་སོགས་བྱས་པས། ད་ལྟ་ཁོ་ཡི་གཟུགས་ལུགས་སུ་བླུགས་པ་ལ་ལྕགས་གཟེར་གདབ་པ་སོགས་ཡིན།
ལུང་དེ་འཛིན་པ་ཨ་མྲྀཥ། ཛྙཱར་མིན། ཨོ་སོ་ཊེ་ལེ། བྷེལ་ཇཾ། ཕ་རེན་སི། དབྱིན་ཇི། མོན་ཊོ་ལོ་ཉོ་བུ་རོ། སར་སྦི་ཡ། ཧོ་ལེན། སུས་ཌན་ནམ་སི་བྷེལ་ཌེ། ནོར་བྷེ་སོགས་རྒྱ་མཚོའི་གླིང་བར་གྱི་ཀླ་ཀློ་མང༌། ཨེ་ཤ་ཡ་ནི་རྒྱ་གར། རྒྱ་ནག བལ་པོ། རི་པིན། བོད། སོག་པོ་བཅས་ལ་ཟེར། ཏ་ཡི་གོ་ཏ་ཡིན་ཟིན། མུ་སུརྨན་ནི་དེ་ཀུན་ནང་མ་འདུས་ཀྱང༌། ཡོ་རོབ་ལ་ཕྱོགས་གཏོགས་གྲས་ཡིན། ཡེ་ཤུའི་ལུགས་ལ་མུ་སུརྨན་ནས་མི་དགའ་ཆེན་པོ་བྱེད་འོང་ཡང༌། ཡེ་ཤུའི་ལུགས་འཛིན་གྱིས་མུ་སུརྨན་དང༌། ཧིན་དུ་གཉིས་ཀྱི་ནང་ནས་ཕྱི་མ་ལ་སྡང་འོང༌། ཡེ་ཤུའི་ལུགས་ལ་གྲུབ་མཐའ་ཤེས། ཆོས་འཆད་པ་ལོག་པར་མི་གཡེམ་པ། སྐྱེ་དམན་དུག་ལོག་ནག་པོ་གོན་པའི་གྲྭ་དེ་བླ་མ་ལྟ་བུ་བརྩི་ཟེར། ཡེ་ཤུའི་ལུགས་འཛིན་ནི་འཛམ་གླིང་ན་ཆེས་མང༌། གོང་གི་གླིང་ཕྲན་དེ་དག་ཏུའང༌། གསེབ་ཚགས་སུ་སངས་རྒྱས་པའི་རང་ལུགས་ཕྲན་བུ་རེ་མང་དུ་དར་བ་ཡོད་ཟེར་བས་རྒྱལ་བའི་ཕྲིན་ལས་བསམ་མི་ཁྱབ་པ་ལ་དད་དོ། །
རྒྱ་གར་གྱི་ཧིན་དུ་འམ། ཕྱི་རོལ་མུ་སྟེགས་པ། མིང་གཞན་སཱ་ནཱ་རྡ་ན་ལ། དབྱེ་བ་ཉི་ཤུ་རྩ་གཉིས་ཡོད་ཅེས་དང༌། རྒྱ་གར་ནུབ་ངོས་སུ། མུ་སུརྨན་སྟེ། ཐུ་རུག་གམ། ཏུ་རུ་ཀ་ཀླ་ཀློའི་ལུགས། ད་ལྟ་བོད་པ་ཨ་མདོ་པས། ཧོན་ཧོས་སམ། མགོ་དཀར། ཟ་ལར། ཟ་ལད་ཅེས་པ་རྣམས་སུ་འདོགས་པ་དེའི་ལུགས་ལ་དབྱེ་བ་དྲུག་ཡོད། སྔར་རྡོ་རྗེ་གདན་ལ་དགྲ་བྱེད་པའི་སོག་པོ། ཏཱ་སིག་ཅེས་དང༌། ཁྲོམ་དགེ་བར་དམག་གི་རྒྱལ་པོ་དང༌། བོན་ནག་གི་སྟག་ཟིག་འོལ་མོ་ཟེར་བའི་འཁྲུལ་གཞི་ཡུལ་འདི་ཡིན་པ་དང༌། ལྷ་བླ་མ་ཡེ་ཤེས་འོད་གར་ལོག་གིས་བཟུང་མཁན་དང༌། སྟོད་ཧོར་གྱི་དམག་དཔུང་འདིའི་བྱེ་བྲག་ཅིག་ཡིན་པས་འདི་རྣམས་རང་གིས་བསད་པའི་ཤ་མ་གཏོགས་གཞན་གྱིས་བསད་པའི་ཤ་མི་ཟ་བ་དང༌། ཕག་གི་ཤ་གཏན་མི་ཟ་བ་དེ་རྣམས་ཡིན། སོག་པོ་ནི་རྒྱ་ཡུལ་སོགས་ཕལ་ཆེར་མང༌། འདི་དག་གི་ལུགས་གཙང་མར་འཛིན་པའི་རྒྱལ་པོ་སྟོབས་ཆེ་བ་དེ། མོ་ལ་ཏཱ་ན། ཕ་རིའི་ས། ཏུམ་པ་ཙ། ཀ་བིལ་རྣམས་ཡིན། ཧེ་ཅིས་སམ། ཁ་ཆེ་ཀསྨིར་ཡང་དེའི་ལུགས་མང༌། མོ་ལ་ཏཱ་ནི། ཤམྦྷ་ལའི་ལམ་ཡིག་ཏུ། ཤམྦྷ་ལའི་ཆུ་ཤཱི་སོགས་དང་ཉེ་བར་གསུངས། གྲུབ་མཐའ་གཞན་ལ་ཧ་ཅང་སྡང་བ་མ་རུང་པ་ཞིག་ཡིན་པས། ཡེ་ཤུའི་ལུགས་ཀླ་ཀློ་ཅུང་འཇམ་པོ་དང༌། མུ་སུརྨན་ཀླ་ཀློ་རྩུབ་མོར་བྱེད། སྔ་མས་གྲུབ་མཐའི་ཚོགས་སྲིད་ཀྱི་ལུགས་སམ། རྒྱལ་པོའི་ལུགས་ལ་ཡེ་མངོན་གྱུར་མི་བྱེད་ལ། ཕྱི་མས་གྲུབ་མཐའི་ཆགས་སྡང་དང༌། རྒྱལ་སྲིད་ཀྱི་དཔུང་ཕྱེད་གཅིག་དྲིལ་དུ་བྱེད་པས་སོ། །རྒྱ་གར་ཧིན་དུའི་ནང་གསེས། གུ་རུ་ཎ་ནའི་ལུགས་ལ། འབུམ་གཅིག་ཡོད་ཟེར།
༈ ཡང༌། འཛམ་གླིང་གི་རྒྱལ་ཁག་ཐམས་ཅད་ལས། མ་ཧཱ་ཙི་ན་སྟེ་རྒྱལ་ཁམས་གཅིག་ཏུ་མི་གྲངས་རྒྱ་ནག་ཆེས་མང༌། ས་རྒྱ་སྡེ་རྒྱ་གཉིས་ཀ་ཆེ་བ་ཨོ་རོ་སུ་ཡིན་པས་རྒྱལ་ཁག་ཨོ་རོ་སུ་ཆེ། རྒྱ་མཚོའི་ཐོག་ཏུ་གྲུ་གཟིངས་འཆའ་བ་དང༌། གཡོ་སྒྱུའི་མགོ་སྐོར་དབྱིན་ཇི་མཁས་ཤིང༌། གླིང་ཕྲན་དང་ལུང་ཕྲན་དེ་ཚང་མ་ལ་འཛམ་གླིང་གི་ཡུལ་དབུས་ས་མཆོག་རབ་རྣམས་དེ་ཚང་གིས་ཟིན། ཀོ་སྐྱ་ནང་འཛུལ་ཏེ་འཕྲུལ་འཁོར་གྱིས་གནམ་ལ་འཕུར་བའི་གནམ་གྲུ་དང༌། མཚོ་ནང་དུ་ཉ་ཡི་གཟུགས་ལ་བརྟེན་ནས་ཆུ་གཏིང་ནང་དུ་རྒྱུག་པའི་གྲུ་ཡི་འཕྲུལ་འཁོར། མེ་མདའ་དང་མེ་སྒྱོགས་རི་སྙིལ་ནུས་སོགས། འཕྲུལ་གྱི་རིག་གནས་དང༌། དམག་ལ་འཇར་མིན་འགྲན་གྱི་དོ་ཟླ་མེད་པར་རྩི། མི་གྲངས་ཉུང་ཡང༌། དམག་འཐབ་ལའང་མཁས། བཅའ་ཀ་ཡང་སྤུས་དག་པོ་ཁོ་ན་ཡོད་ཅིང༌། གླིང་ཕྲན་སྐྱིད་ས་དང་མཚར་བ་ནི་རི་བིན་ལ་བརྩི། འཛམ་བུའི་གླིང་འདི་ཕལ་ཆེར་དུ་ཁང་བཀོད་ལ་ཟླ་མེད་ཅིང༌། རྒྱལ་པོའི་ཕོ་བྲང་ལ་འགྲན་པའི་ཟླ་མེད་པ་ནི། བྷེལ་ཇམ་རྒྱལ་པོར་བརྩི། རང་ཚོད་ཟིན་པ། ནོར་རྫས་ལོངས་སྤྱོད་ཤིན་ཏུ་ཆེ་བ། རིན་ཆེན་མང་བ། ཡུལ་སྐྱིད་པ་ཨ་མྲྀ་ཥ་༼ཨ་མེ་རི་ཀ སྒྲིག་མཁན་གྱི་མཆན།༽ལ་བརྩི། ཨ་མྲྀ་ཥའི་ཚོང་པ་གསུམ་བསྡོངས་ན་འཛམ་གླིང་ཉོ་ཐུབ་འོང་ཞེས་གཏམ་དུ་གྲགས།
༈ རྒྱ་ནག་གི་ཕེ་རེང་དབྱིན་ཇི། གཡིང་ཀང་ངམ། ཞ་ཀན་ཟེར་བ་དང༌། ཀ་ལི་ཀྭར་ཟེར་པ་སོགས་འདུག་ཀྱང་སུ་ལ་ཟེར་བ་ར་མ་འཕྲོད། ༼འདི་ཕལ་ཆེར་ཧོང་ཀོང་ཡིན་པ་འདྲ་སྟེ། རྒྱ་སྐད་དུ་ཞང་ཀང་ཞེས་འབོད་པས་སོ།། སྒྲིག་མཁན་གྱི་མཆན༽
༈ ཕ་རན་སི་མི་སྡེ་འཕོས་པའི་རྒྱལ་པོ། ཨ་མྲྀཥ་མི་སྡེའི་རྒྱལ་པོ་ལོ་གསུམ་ན་བརྗེ། ཛྙཱར་མིན་རྒྱལ་བརྒྱུད་ཅན་ཡིན། དབྱིན་ཇི་རྒྱལ་བརྒྱུད་ཅན་ཡིན། ཨོ་རོ་སུ་རྒྱལ་བརྒྱུད་ཅན་ཡིན་ཀྱང་རྒྱལ་པོ་བསད་ནས་མི་སྡེས་རྒྱལ་པོ་བྱེད། དཔེར་ན་རྒྱ་ནག་གོང་མ་ཀྲུང་ཧ་མིང་གོས་ཏཱ་ཙུང་ཐུང་བསྐོས་པ་ལྟར། རི་པིན་རྒྱལ་བརྒྱུད་ཅན་ཡིན། བྷེལ་ཇམ་དབྱིན་ཇི་རྒྱལ་པོའི་དབང༌། མི་སྡེ་ཡོན་ཏན་ཅན་མཁས་པ་སྟོང་ཕྲག་ཁ་ཤས་ཡོད་པ། བློན་པོ་ཤེས་ལྡན་དག་གིས་འཛིན། མི་སྡེའི་དབང་རྒྱལ་པོས་འཛིན་ནོ། །
ཛྙཱར་མིན་སོགས་འཁྲུག་པ་བྱེད་ཚུལ་ནི་སརྦིས་ཡིས་རྒྱལ་ཁབ་ཆུང་བ་ཡིན། དེ་ནས་མི་མང་པོ་ཨོ་སེ་ཌེལ་གྱི་གླིང་དུ་ཚང་མ་སོང་བས་གཞིས་ཆགས། ཞིང་རྨོས། གྲོང་ཆེན་དུ་གྱུར། པརྦིས་རྒྱལ་པོ་ཨོ་སེ་ཌེལ་ལུང་པ་གཏད་མོ་ལ་ཕྱིན་པས། ཁོ་རང་གི་མི་སྡེ་འབངས་ངོ་ལོག་གིས་ཨོ་སེ་ཌེལ་ལུང་པར་བསད། པརྦིས་ཡས་ཨོ་སེ་ཌེལ་ལུང་པར་མི་སྟོང་བསྙེགས་པས་ཁྱོད་རང་གི་འབངས་རེད་ཅེས་མི་སྟོང་མ་བྱིན། མི་སྡེ་དེ་དག་ཀྱང་མ་སྤྲད་ནས་རྒྱལ་ཁབ་ཆུང་བ་ལ་བརྙས་པས། ཨོ་རོ་སུ་དང་སརྦིས་ཡ་ཉེ་སོར་ཡོད་པས། ཨོ་རོ་སུས་རྒྱབ་གཉེར་བྱེད་པར་རྩོམ་པ་ན། ཛྙཱར་མིན་གྱིས་ཨོ་སེ་ཌེལ་གྱི་རྒྱབ་གཉེར་བྱས། དེ་དག་གི་དམག་བྷེལ་ཇམ་གྱི་ས་ཐོག་ཏུ་ཚོགས་པར་རྩོམ་སྐབས། བྷེལ་ཇམ་གྱིས་ཕ་རན་སི་དང༌། དབྱིན་ཇིའི་ལུང་པ་གནོད་འོང་བས་ཁོ་བས་ཞག་བདུན་དུ་བཀག་པར་ཁས་བླངས། ཛྙཱར་མིན་དབྱིན་ཇི་སེམས་ལ་མི་འབབ་པས་སྔ་མ་ལོ་བཞི་བཅུ་ཙམ་ནས་དམག་གྲ་བསྒྲིགས་པ་ཡིན་པས། ཞག་བདུན་རྗེས་བྷེལ་ཇམ་གྱི་རྒྱལ་པོ་ཕོ་བྲང༌། བྷེལ་ཇམ་གྱི་དམག་བཅས་ཕ་རན་སེར་བྲོས། དེར་རྒྱལ་ཁབ་མང་པོ་བསྡོངས་ནས་བཀག་ཀྱང༌། ཛྙཱར་མིན་འཕྲུལ་ཆེ་བས་ཆེས་ཆེར་རྒྱལ། ཕ་རེན་སིའི་གླིང་ཕྱེད་ཛྙཱར་མིན་ནས་བཟུང༌། དེ་སྟེ་ལོ་བདུན་ཙམ་ཕལ་ཆེར་འཁྲུགས། ད་ལྟ་ཆིངས་དུས་སྐབས་ཡིན་སྐད།
དེ་འང༌། ཨར་རོ་བུ་བར་སྐབས་ཤིག་ན་ནང་ཞིག གཞན་སརྦིས་ཡང༌། མཽ་ཌཽ་ཉི་གུ་ཏོ། དབྱིན་ཇི། ཕ་རན་སི། ཨེ་ཌིལ་ལག་སོགས་རྒྱལ་ཁག་བཅོ་ལྔ་ཕྱོགས་གཅིག་དྲིལ། ཛྙཱར་མིན་ནམ་རྒྱར་བིན་ལ་པུ་རྡོ་རྗེ། ཨོ་སེ་ཌེ་ལེ། རུམ་པ་ཅ་རྣམས་བསྡོངས་པ་ལ་མ་དོ། མི་ཤི་ཆེ་སྐབས། ཆུ་ཚོད་རེ་རེ་ལ་མི་འབུམ་ཐེར་གསུམ་རེ་ཙམ་ཕར་ཚུར་གཉིས་ཀའི་མགོ་ནས་བརླགས། ཉིན་ཁ་ཤས་དང༌། སྟོན་དགུན་སོགས་ཟླ་བ་ཁ་ནས་རེ་མ་གཏོགས་པར་འཐབས་ཀྱང་ལོ་བདུན་ལས་ཕལ་ཆེར་ཛྙཱར་མིན་རྒྱལ། རྒྱ་མཚོའི་ཆུ་ནང༌། ཤེལ་གྱི་ཉ་གཟུགས་གཤོག་གུར་དང༌། རྔ་འགྱུར་ཐམས་ཅད་ཉ་ཇི་ལྟ་བ་བཞིན་བྱེད་ནུས་ཀྱི་གྲུ་ནང་དུ་མི་སྟོང་ཕྲག་མང་པོ་གབ་སྒྱོགས་ཆེན་པོ་བཟུང་བ། དབྱིན་ཇི་ཕེ་རེང་གིས་རྒྱང་མཐོང་ནས་བལྟས་ཀྱང༌། ཉ་ཡིན་པར་འཕྲུལ། ཉེ་བར་སླེབས་ནས་སྒྱོགས་ཀྱི་མཐུས། རྒྱ་མཚོའི་སྟེང་ན་དབྱིན་ཇིའི་གྲུ་མང་པོ་ཁ་སྦུབ་ཏུ་བཏང་ནས། མི་ཤིན་ཏུ་མང་པོ་གསོད་པར་བྱས། ཆུ་ནང་དུ་མེ་མི་ཤི་བའི་རྫས་དབྱིན་ཇིར་མེད་པར། ཛྙཱར་མིན་གྱིས་བྱེད་ནུས་པ། ཡང་དབྱིན་ཇིའི་གནམ་གྲུས། མེ་ལི་ལྔ་བཅུའི་ནམ་མཁའ་ལ་འགྲོ་བར་ནུས། དེའང་ཡོར་གྱིས་འོང་བ་ལས་མགྱོགས་པར་འགྲོ་མི་ནུས། ཛྙཱར་མིན་གྱིས་གནམ་གྲུ་མེ་ལི་བརྒྱ་ཡི་བར་ལ་འགྲོ་ནུས། དེ་ཡན་རླུང་གིས་དབུགས་ནང་དུ་བཀག་པས་སྤུ་གྲི་རེག་ཆོད་ཀྱིས། ལུས་བྱེ་མའི་ཆིངས་བུ་ལྟར་ཞིག་པར་བྱེད་པའི་རླུང་ཡོད་པས་འགྲོ་མི་ཐུབ། དེ་མིན་ན་འགྲོ་བའི་གྲུ་ཆེན་པོ་མེ་ལི་གསུམ་ཙམ་ལ་སླེབས་པ། དམག་ཉིས་སྟོང་ཙམ་ཤོང་བ། བློན་པོ་ཇི་བི་ལིས་དྲན་པ། འཇབ་རུག་བྱས་ནས་མྱུར་བར་ཕྱིར་བྲོས་ནུས་པ། ཆུང་བ་མི་གསུམ་བཞི་ཤོང་བའི་བར་ཆེ་ཆུང་མང་པོ་ཡོད། དེའང་ཁྲུ་སུམ་སྟོང་མེ་ལི་བྱེད། རྒྱ་གར་ན་དེང་སང་མེ་ལི། རྒྱ་ནག་གིས་ལེ་དབར།
བོད་ཀྱིས་ཀྱང་རྒྱ་གར་གྱི་ལད་མོ་རྡོ་ཐོ་བོ་བརྩིགས་པར་ཡི་གེ་བྲིས་ནས་འདུག མེ་མདའ་སྐད་མི་འབྱིན་པར་ཕོག་པ་དང༌། ཆུ་ཡི་ནང་དུའང་ཕོག་པ་རྣམས་ཛྙཱར་མིན་ནས་ཤེས། སྔར་རྒྱ་གར་བས་སན་སི་འཕྲུལ་གྱི་རིག་པ་མ་བསླབས་ཀྱང༌། ད་ནི་རིག་པ་དེ་ཤེས་པས་ལོ་རེའི་ནང་དུ་བཟོ་སྣ་མི་འདྲ་མང་པོ་འཆོས་པས། དབྱིན་ཇིས་རྒྱ་གར་བ་རྣམས་མི་ཐུབ་དོགས་པས་ད་ཡོད་ལས་མི་ཆོག་རྒྱུའི་ཁྲིམས་དང༌། ཁྱད་པར་དུ་མཚོན་ཆ་སྟ་གྲི་ཙམ་ཡང༌། རྒྱ་གར་གཞུང་དུ་ཉར་ཚགས་མི་ཆོག་རྒྱུ་བྱས་ཀྱང༌། ཧིན་དུའི་གན་དྷི་རཱ་ཛ་སོགས་མི་ཤེས་ལྡན་དག ས་འོག་ཏུ་ཁང་པ་བཙལ་ནས་དེར་མཚོན་ཆ་བཟོ་གི་ཡོད་པ་རྣམས་ལ་དབྱིན་ཇིས་འགོག་མི་ཐུབ་པ་རེད་ཟེར། ༼འདི་ཡང་བདེན་པ་མིན་པ་སྟེ། འཛམ་གླིང་ཡོངས་གྲགས་སུ་གན་དྷི་ནི་ཞི་བའི་ལམ་སྟོན་ཞིག་ཏུ་གྲགས་པ་ལས། མཚོན་ཆ་བཟོ་སྐྲུན་བྱས་པའི་ལོ་རྒྱུས་མི་སྣང༌། སྒྲིག་མཁན་གྱི་མཆན། ༽
ཛྙཱར་མིན་གྱིས་བྷེ་ལད་སྟེང༌། ནམ་མཁར་འཇབ་མེ་སྒྱོགས་མི་དགོས་པའི། བསང་ཁང་འདྲ་བའི་ཁྲོ་ཡི་རིལ་བུ་མང་པོ་འཕེན་པ། མར་སླེབས་དུས། རྡེའུ་གས་ནས་རྡེའུའི་ཆར་བབས། རྫས་དུད་མེ་ལྕེ་མེ་སྟག་གིས།་ཁང་པ་མང་པོ་གཏོར་ནས། དེ་བྱུང་ན་བྲོས་ཕྱིར་བྷེ་ལད་སྟེང་ས་འོག་ཏུ་འཛུལ་འགྲོ་བའི་དོང་བརྐོས། དེ་ནང་གློག་གི་ཞུན་མར་བཅོས། ཡུལ་ཆེན་ཡོད་པ་སྡོད་ཆོག་པར་བྱས། ནམ་མཁའ་ལ་ཁ་གཏད་དེ། སྒྱོགས་འཕེན་མ་རག་པས་ལྕགས་ཀྱི་ལྕགས་ཀྱུའི་མདུང༌། གནམ་གྲུ་བཟུང་བའི་འཕྲུལ་འཁོར་རྣམས་བྱས་ནས། ཐུན་སྐོར་སྲུང་གིས། རྒྱང་མཐོང་རྒྱག་པའི་གནམ་གྲུ་ཆུང་བ་བཅོམ་ནས་བསྡད་ཡོད་སྐད་རེད། དེས་ཛྙཱར་མིན་ལན་གཅིག་གཉིས་ཙམ་ཐུབ་ཀྱང་རྗེས་སུ་བྱ་འཕུར་བ་ལྟ་བུ་འམ། གློག་འཁྱུགས་པ་འདྲ་བའི་གནམ་གྲུ་ནས་ཐོག་བརྒྱབ་པ་ལྟ་བུ་འདུག སྦྱོར་རྫས་ངན་པ་བདུགས་པས། ལུང་པ་ཁྱབ་པའི་མོད་མི་མང་པོ་རང་དགར་གཉན་རིམས་ཀྱིས་འཕྲལ་དུ་ཤི་འགྲོ་བའི་མེ་མདའ་དང་རྫས་སྦྱོར་སོགས་བྱས་པས། དབྱིན་ཇི་འུ་ཐུག་པ་བྱས་སྐད།
དེ་ནས་ནོར་བྷེ་དང༌། རི་བིན། ཨ་མྲྀཥ་སོགས་རང་གར་བསྡད་པའི་རྒྱལ་ཁབ་འགའ། ཆིངས་སྒྲིགས་རོགས་ལབ་དགོས་པ་བྱུང་རེད་ཟེར། མཐའ་ཡི་གླིང་ཕྲན་ཕེ་རེན་དང་ཀླ་ཀློའི་རྒྱལ་ཁབ་དེ་ཐམས་ཅད་ཡུལ་མཐའ་བསྐོར་བ་འགྲོ་འདུག་གང་ལ་ངང་ཚུལ་གཅིག དོན་ཆུང་ལ་སྙིང་སྟོབས་ཆེ་བར་བྱེད་པ་ལའང་གཅིག་ཅིང༌། འོན་ཀྱང་འདི་ཐམས་ཅད་ཀྱིས་རྒྱང་མཐོང་སོགས་ནས། རྒྱང་ན་མཐོང་ཡང་ནང་ན་ཉེ་བར་འགྲོ་མི་ཐུབ་པའི་གླིང་བདུན་འདུག་པས་གོང་བཤད་ལྟར་སྔར་བཅོམ་ལྡན་འདས་ཀྱི་གསུང་ལ་ཡིད་མི་ཆེས་ཀྱང༌། ད་ནི་ནང་པ་སངས་རྒྱས་པའི་ལུགས་ལ། གླིང་བཅུ་གཉིས་ཡོད་པར་བཤད་པའང་བདེན་འདུག་ཟེར་བ་ཡོད་རེད། ཡེ་ཤུའི་ལུགས་འཛིན་ཚོས་འཛམ་གླིང་ན་མཁས་པ་གསུམ་བྱུང༌། གཅིག་སངས་རྒྱས་ཤཱཀྱ་མུ་ནི། གཅིག་ཧིན་དུའི་འཇུག་པ་བཅུའི་ནང་ཚན་དྲང་སྲོང་ཀྲྀཋ་ཎ་པ་སྟེ་ནག་པོ། གཅིག་ཡེ་ཤུ་ཡིན་ཟེར་བ་རེད། ཛྙཱར་མིན་ལུགས་ལ་མངའ་འོག་དེར་ཡོད་པའི་མི་ཤེས་རིག་གསལ་པོ་ཡོད་དོ་ཅོག སློབ་གྲྭ་ལ་ལོ་དགུ་ཉུང་མཐར་བསྡད་ནས། གཟོད་ཁྱིམ་འཛིན་པས། ཡུལ་དེར་བསླབ་ཤེས་མང་བའམ། བསླབ་ཤེས་ས་ཡན་སི་སོགས་རིག་གནས་ལ་མཁས་པར་བྱེད་ཟེར།
༈ ལ་ལས་དབྱིན་ཇི་རེད། ཁ་ཅིག་གིས་ཛྙཱར་མིན་ཟེར། རྔ་ཡབ་ལངྐར་བལྟ་བའི་མི་ཉི་ཤུ་རྩ་ལྔ་ལྕགས་གྲུའི་ནང་བཏང་བས། ངོ་དམར་པོ་མགོ་གསུམ་ཡོད་པའི་ཤིང་གཅོད་མཁན་མཐོང༌། ཕལ་ལས་ཉིས་འགྱུར་རིང༌། སྟ་རེ་རེའང་མི་བཞིས་འདེགས་དགོས་ཚོད་དུ་འདུག་སྐད། གྲུ་ནས་ཕྱིར་དོན་པ་རྣམས། དེས་ཁྱུར་མིད་དུ་ཟོས། གྲུ་ནང་ནས་བྲོས་པ་རྣམས་རྗེས་རི་མགོ་བཅད་ནས་འཕངས་པས་ལྕགས་གྲུ་དེའུ་བཤིགས་བྱས་པ་རེད་ཟེར་བའི་གཏམ་རྒྱུད་གཅིག་ལྷ་ས་ན་འདུག་ཀྱང་རིགས་འདྲས་མིན་ན་བདེན་བདེན་འདྲ་ཟེར། སྟ་རེ་ཀ་ལི་ཀ་ཏ་ན་ཡོད་ཟེར་བ་དང༌། བྷེ་ལད་ན་ཡོད། དེའང་རྒྱལ་པོའི་ལྟད་མོ་ཁང་དུ་ཡོད་ཟེར་བ་དང༌། དེ་འདྲ་བ་ཐོས་མཐོང་ཟེར་མཁན་སྣ་ཚོགས་འོང་འདུག
༈ གང་ལྟར་ཡང༌། ནུབ་ངོས་མཚོ་དབུས་འགྲོ་བའི་སར་རི་དམར་པོ་ཤིན་ཏུ་རྩུབ་པོ་མང་པོ་ཡོད་པ་རྒྱང་མཐོང་གིས་མཐོང་རྒྱུ་འདུག་ཟེར་བ་དང་མི་ཟ་མཁན་ངོ་དམར་པོ། མི་སྲུན་པ་ཡོ་རིང་ཞིག་གི་གླིང་འདུག་ཟེར་བ། དབྱིན་ཇི། ཨ་མྲྀཥ་སོགས་ལ་གྲགས་པ་ཞིག་གོ།
༈ ཡང་ཨ་མྲྀ་ཥས་ལྕགས་ཀྱི་གྲུ་ཆེན་པོ་ཁང་བཟང་དང༌། འབྲས་སོགས་ཀྱི་ཞིང་དང༌། སྤང་ལྗོངས་དང༌། ཤིང་ལྗོན་པའི་ཚལ་དང༌། སྐྱེད་མོའི་ཚལ་སོགས་མེ་ལི་ལྔ་དྲུག་གི་ལམ་ཙམ་ཡོད། འདི་ནས་མདུན་ཕ་རི་ཙམ་མཐོང་ཚོད་དུ་སླེབས་པ། དེ་ལྟ་བུ་དངུལ་སྒོར་འབུམ་ཐེར་མང་པོ་འགྲོ་བ་དེ་ལྟ་བུ་འབད་རྩོལ་ཆེན་པོས་བཅོས་ནས། རྒྱ་མཚོ་ཆེན་པོའི་ནང་དུ་འཁྱམས་ནས་ཟླ་བ་མང་པོར་ཕྱོགས་མཐའ་དག་ཏུ་རིང་པོར་སོང་སོང་བ་ན། རྒྱ་མཚོ་ནང་དུ་གངས་རི་འདྲ་བ་དཀར་པོ་ཞིག་མཐོང་བ་དེ་དང་ཉེ་བར་སོང་ནས་༼གྲ་༽འཁྱག་༼བྲམ་༽མི་ཟད་པ་ཞིག་རེད་འདུག་པས་དེ་ལ་རེག་པས། གྲུ་འཐོར་ནས་ཕྱེད་ཙམ་བརླགས། ནང་ནས་མི་འོངས་མང་པོ་ཤིན་ཏུ་མང་པོ་བརླགས་ཅེས་སོ། །ཡང་རྒྱ་མཚོའི་གླིང་བར་རེ་ན་ཡུལ་སྟོང་པ་ཡོད། དེ་ན་རྡོ་ཆུ་ཡོད་པའི་རྟགས་སུ་ཆུ་ཆེན་དྲག་ཏུ་ཁོལ་བ་རླངས་པ་འཕྱུར་བ་ལྟ་བུ་ཡོད་ཕྱོགས་སུ། རྒྱང་མཐོང་གིས་བལྟས་ནས་དེ་ཡོད་པའི་ཉེ་སྐོར་གཏན་འགྲོ་མི་ཕོད། སོང་ན་རྡོ་རུ་གནས་འགྱུར་ནས་འགྲོ། གྲུ་རྫིངས་ཀྱང་རྡོར་གནས་འགྱུར་ན་ཤིང་གི་སྤགས་པ་ཡང་རྡོར་གནས་འགྱུར་ན་གཞན་ལྟ་ཅི་སྨོས།
༈ ཡང་རི་རྩེར་ཤིང་སྡོང་ཆེན་པོའི་སྟེང༌། བྱ་ཤིན་ཏུ་མང་པོ་འདུག ལྕགས་ཀྱི་གྲུ་སྟེང་གླང་ཆེན་བཤས་པའི་རོ་བཞག་པས། དེ་ཟ་བའི་སླད་དུ་འོང༌། གྲུ་དང་ཤ་བཅས་ཁྱེར་ནས་འགྲོ། གླིང་སྟོང་པར་བསྐྱལ། དེར་མཚོ་དབུས་སུ་ནི། རི་རྩེར་མི་རྒན་གྱིས་ཆོས་ལྟ་བུ་བཤད་པར། ཉ་མང་པོ་འདུས། ཉ་པགས་ཕུད་པའི་མོད། བལྟ་བས་ཆོག་མི་ཤེས་པའི་བུ་དང་བུ་མོར་སོང་སྟེ་ཉན། མཐར་ཉ་པགས་གྱོན་ནས་ཆུ་སྟེང་དུ་འགྲོ་བ་དང༌། རི་དེ་ལ་འགྲོ་བར་བརྩམས་པ་ན། རི་མཐའ་ལས་མེ་འབར་ནས་འགྲོ་མ་ནུས། ཡང་གླང་པོ་བཤས་པའི་ཤ་དང༌། ཉ་ཆེན་གྱི་ཤ་བསགས་པས་བྱ་ཆེན་བྱུང་ནས། ཕྱི་གླིང་གི་རྒྱལ་ཁབ་གཞན་གྱི་སར་བསྐྱལ་བ། རིམ་གྱིས་རང་ཡུལ་དུ་བགྲོད་ཅེས་སོ། །བྱ་འདི་ཁྱུང་དང༌། ཉ་འདི་རྣམས་ཀླུ་ཡིན་ནམ། ཡང་རྒྱ་མཚོའི་ལྷོ་མཐའ་གླིང་ཆུང་ཞིག་དང་ཉེ་བར། མཚོ་དབུས་སུ་སངས་རྒྱས་ཀྱི་སྐུ་ཆེན་པོ། བྱ་མང་པོ་བབས་པས་བྲག་གོང་དུ་བྱ་ཐལ་གྱིས་དཀར་པོ་བྱས་པ། ཚེས་༡༥ཟླ་བ་འཆར་སྐབས་ཆུ་ཤེལ་གྱི་ཏོག་ལས་ཆུ་བབས་ནས། བྱ་ཐལ་དག་འགྲོ་བའང་འདུག་སྐད། འདི་ཕྱི་ཡི་རྒྱ་མཚོའི་གླིང་ན། ལྷ་ཁྱབ་འཇུག་གིས་བཞེངས་པའི་སངས་རྒྱས་ཀྱི་སྐུ་གཟུགས་རི་ཙམ་ཡོད་པར་བཤད་པ་དེ་ཡིན་པར་སྣང༌།
༈ ཡང་སྤྲེའུ་དང་ཆ་འདྲ་བ་ལུས་ཐམས་ཅད་སྤུས་ཁེབས་པ་མི་གདུག་པ་ཅན་མི་ཟ་བའི་གླིང་དང༌། ཤང་ཤང་ཏེའུའི་གླིང་དུ་སླེབས་སྐད་ཀྱང་འདུག དེ་རྣམས་མི་མི་ཐར་བའི་བྲག་རིའི་ནང་ན་འདུག་པ། གྲུང་བས་མགོ་བསྐོར་གྱིས་བཀོལ་དུ་མི་བཏུབ་པ། དེ་དག་གི་སྐད་དུ་ཚོང་བརྡ་སྦྱར་ན། ཉེ་བ་དེར་བཞག་ནས་ཚོང་ཟོང་བརྗེ་ཡ་ཁྱེར་ཏེ་བྲོས་འགྲོ་བ། མི་ཡི་དྲི་ང་བ་མི་བཟོད་ལ། འདི་ཚོ་ལ། མུ་ཏིག་དང་ཕ་ལམ་བྱ་དར་ཅན། ལི་ཡི་དཔྱད་པ་སྤུས་དག་པོ་ཙན་དན་བྱ་དར་ཅན་སོགས་ཡོད་ཅེས་ཟེར་རོ།།
༈ ཡང་ཀ་ལི་ཀ་ཏ་དང་ཉེ་བ་ནས་བྷར་མ་དང་ཉེ་བའི་ཡུལ་ལ་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་རྡོ་སྐུ་ཆེན་པོ་འདུག་ཟེར།
༈ ཀ་ལི་ཀ་ཏ་ན་ལྟད་མོ་ཁང་དུ་ཉན་ཐོས་ཆེན་པོ་མོངྒལ་བུའི་གདུང་རྒྱུད་ཟེར་བའི་དགེ་སློང་གི་གདུང་སྐམ་ཆེན་པོ་འདུག་ཅེས་སྡེ་དགེ་ཚང་གི་སྲས་བ་བ་ལ་ཕེ་རེང་གི་དཔོན་པོ་ཞིག་གིས་ལབ་ནས་བསྟན་འདུག་ཀྱང་བདེན་མིན་སླར་བརྟག་པར་བྱའོ།།
༈ བོད་ཀྱི་ས་ནི་པགས་པ་རྒྱ་ཆེ་ཙམ་ཡོད་ཀྱང༌། གྲོང་འཐོར་བས་མི་ཤིན་ཏུ་ཉུང་ངུར་བརྩི། བལ་པོ་ནི་ས་རྒྱ་ཆུང་ངུ༌། མི་གྲངས་མང་པོར་བརྩི། གོར་ཥ་རྒྱལ་པོར་དམག་འབུམ་ཐེར་ཡོད་ལ་དམག་གི་སྤུས་དག་པའི་ཚད་དུ་བརྩི། ཁོ་ལ་ཞྭ་རིན་ཆེན་ཤེལ་སྔོན་པོའི་རྨོག་ལྟ་བུ་ཕ་ལམ་གྱི་ཕྲ་མང་པོ་ཡོད་པས་སྒོར་འབུམ་ཐེར་བཅུ་རི་བ་གོན་རྒྱུ་ཡོད་ཟེར། བལ་པོ་ཁོ་རང་ས་ཆར་མི་མ་ཤོངས་ནས་ཕྱི་ལ་ཐོན་པ་རྐྱང་པ་ས་ཡ་གཉིས་ཡོད་ཟེར་བ་དེ་རྣམས་རྒྱ་གར། འབྲུག གང་དུའང་མང་པོ་སྡོད་སྐད།
༈ ཕག་གལ་༼ཕོར་ཆུ་སྒལ་མིན་ནམ། སྒྲིག་མཁན་གྱི་མཆན།༽གྱི་ནང་ཆོས་སྤེལ་མི་ཨེ་ཌི་བི་ལིག་ཟེར་བའི་སྐྱེས་དམན་དེ་ནི། ཕ་ཕ་རན་སི། མ་ཟི་ལིང་བ་ཡིན་པ་རེད་ཟེར། དེ་དག་གིས་རྒྱ་གར་ན། རོལ་མོ་དཀྲོལ་བ་ལ་བྷ་ཅ་ཟེར། བྷ་ཅ་སངས་རྒྱས་ཀྱི་བསྟན་པ་ཡིན་ཟེར་བ་ལས། བོད་ན་སངས་རྒྱས་ཀྱི་རྗེས་འཇུག་སྤྱོད་པ་དག་པ་ཡེ་མི་འདུག་ཅེས་ཟེར་ནས་སོང་སྐད།
༈ སྤྱི་ཙམ་དུ་རྒྱ་གར་ན་བོད་ལ་ཆོས་ཐེག་པ་ཆེན་པོ་ཡོད་པས་དགའ་བོ་བྱེད་ཀྱང༌། ཕྱིས་ནས་བོད་ཀྱི་རྒྱུས་ཇེ་ལོན་དུ་སོང་སྟེ། གཙང་སྦྲ་སོགས་ཡེ་མེད་པ་དང༌། རིགས་ཀྱི་སྤྱོད་པ་དག་པོ་མེད་པ་དང༌། རུས་པ་ཆེན་པོ་མེད་པ་དང༌། རང་རེ་ཡུལ་ཕྲན་ན་སྤྱོད་པ་དག་རང་གི་མཐོང་བ་ལས། སྲིད་པའི་གནས་སུ་འདྲ་མིན་ཅིའང་སྲིད་པ། རྒྱུ་མེད་དང་བྱེད་པ་པོས་མ་བྱས་པར། རྟེན་འབྲེལ་གྱི་རྒྱུ་འབྲས་བསླུ་བ་མེད་པའི་སྣང་བ་སྣ་ཚོགས་པས། ཅི་དང་འཆར་ཡང་དོན་ལ་རྫུན་པའི་སྣང་བ་སྣ་ཚོགས་རྨི་ལམ་སྒྱུ་མ་ལྟ་བུ་སྣང་ཡང་བདེན་པར་མ་གྲུབ་པའི་དཔེར་བརྗོད་དུ་མ་རྟོགས་པ་རྣམས་ལ། བདེན་མེད་ཀྱི་དཔེར་བརྗོད་དུ་བཤད་པའོ། །
རང་རེ་གངས་རིའི་ཁྲོད་འདིར། རི་མཐོ་ས་གཙང་བསིལ་བའི་ཆུ་འབབས། ཁམས་རིག་དྭངས། འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་སྒོམ་ན་སྙིང་རྗེ་འཆར་སླ་བ། གཏན་ལ་དབབ་ན་སེམས་སྟོང་པ་ཉིད་དང༌། འོད་གསལ་བྱང་ཆུབ་ཀྱི་སེམས་པ་མྱུར་པོར་རྟོགས་པའི་གནས་སུ་བཟང་ལ། སྔོན་གྱི་རྒྱལ་བློན་ལོ་པཎ་ཐུགས་རྗེ་ཅན་རྣམས་ཀྱི་བཀའ་དྲིན་གྱིས། ཡོངས་སུ་རྫོགས་པའི་བསྟན་པ་རིན་པོ་ཆེ་རྒྱུ་འབྲས་ཀྱི་ཐེག་པ་ཆེ་ཆུང་ཐམས་ཅད་བཀའ་དང་བསྟན་བཅོས་འཆད་ཉན་བྱར་ཡོད་པ་དང༌། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ། ཉེ་ལམ་མྱུར་ལམ་གསུམ་ག་མངའ་བས། གངས་ཅན་འདི་ཁྱད་པར་འཕགས་པ་ཡིན་གྱི་ལོངས་སྤྱོད་དང་མི་གྲངས་ཉུང་བས་ཡུལ་ཆུང་ངུ་ཉིད་ཡིན་ཕྱིར། དམག་གི་གྲངས་བསགས་པ་དང༌། ལོངས་སྤྱོད་ཀྱི་འདུ་ལོང་ལྷུར་ལེན་པས་ནི། གཞན་དག་གི་རྗེས་སུ་སྟོབས་འགྲན་དུ་ཡོད་པ་མིན་མོད། ཡུལ་རྣམས་བགྲོད་ན་རྨི་ལམ་མཐའ་འདོད་འདྲ། །གཏམ་འདི་ལབ་ན་རྫུན་ཕུག་རྫུན་གྱིས་བརྡོལ། །རྣམ་རྟོག་མཐའ་མེད་གཤིས་ཀྱི་འཆར་སྒོ་ཡིན། །ད་དུང་ཞེན་པས་འཁོར་བའི་ནགས་སུ་འཁྱམས། །སྙིང་ནས་སྙིང་པོ་མེད་པའི་དོན་རྟོགས་ནས། །སྐྱེ་མེད་གནས་ལུགས་སྤྲོས་པ་ཀུན་སྤངས་ལས། །སྤྲོས་པའི་འདུ་འགོད་སྣ་ཚོགས་རང་གྲོལ་ཀློང༌། །ད་ནི་རྫོགས་ཆེན་དོན་གྱི་ལྟད་མོ་ལྟོས། །ཞེས་བར་སྐབས་ཀྱི་ཚིགས་བཅད་དོ། །འདི་འང་འབྲས་ལྗོངས་ལྷ་བཙུན་རིན་པོ་ཆེ་འཇིགས་བྲལ་འགྱུར་མེད་བསྟན་འཛིན་དཔའ་བོ་དང༌། ཁུ་ནུའི་ཡུལ་གྱི་ཀ་ཆ་ཏི་རིའི་རིགས། བླ་མ་བསྟན་འཛིན་རྒྱལ་མཚན་བྱ་བའི་ངག་ལམ་ནས་བྱུང་བ་ཡི་གེར་བཀོད་པ། སི་ཏུ་དྷཱརྨ་ས་ར་འོ། །
སྦར་མ་ཡུན་ནན་དང་ཐག་ཉེ་འདྲ་ཟེར་བ་ལྟར་བདེན་པར་ཐག་ཆོད།
ཡང་གོ་ཐོས་བྱུང་བ། སིང་ག་ལ། བྷར་མ། སི་ཡམ་གསུམ་དང༌། ཞྭ་ཕན་ནམ་སྦྱར་བིང་ངམ། ༼འཇར་པན། སྒྲིག་མཁན་གྱི་མཆན།༽རིཔིང་ནང་པ་ཁོ་ནའོ། །ཡང་སི་ཡམ་གྱི་རྒྱལ་ཁམས་ནི་གླིང་གཅིག་ཡིན། དེ་ན་གྲྭ་སྟོང་ཕྲག་སུམ་ཅུ་ཙམ། སི་ཡམ་རྒྱལ་པོ་སྟོབས་ཀྱང་ཆེ། ནང་པ་ཤ་སྟག་ལས་དེ་ན་ཧིན་དུ་མེད། ཡེ་ཤུའི་ལུགས་མེད། ས་ཡན་སིའི༼ཚན་རིག སྒྲིག་མཁན་གྱི་མཆན༽མཁས་པ་ཛྙཱར་མིན་དང༌། ཕ་རན་སི་པ་ཡིན། རྒྱ་གར་ན་རྒྱལ་པོ་ཆུ་བོ་གངྒཱའི་རྒྱུད་དུ་་གུ་རུ་ཝང༌། རྒྱ་གར་ཡུལ་ལྷོ་དབུས་སུ་ཊི་ཟ། མཎྚིར་རཱ་ཛ་ནི་ཟ་ཧོར་མཚོ་པདྨ་ཅན་དང་ཉེ་བར། བྷ་ཌགར་པའི་རྒྱལ་པོ་ཛྭོ་གི་རཱ་ཛ། གཞམ་བོད་སྟེ་ཟིང་པ་རྒྱལ་པོ། འབིགས་བྱེད་ཀྱི་ནི་ལ་བནྡ་པ། གརྴ་རྒྱལ་པོའི་སྲས། འཆི་མེད་ཟླ་བ། བཀྲིས་ཟླ་བ་ཟེར་བ་ཡོད། ཀ་ལི་ཀ་ཏ་ནས་བྷེ་ལད། དེ་ནས་ཤར་ཕ་རན་སི། དེ་ནས་ཤར་བྷེལ་ཇཾ། དེ་ནས་ཤར་ཛྙཱར་མིན། དེ་ནས་ཤར་ཨོ་ཌོལ། བྷེལ་ཇཾ་ནས་བྱང་དུ་མོན་ཊོའོ་ཉི་གུ་ཏུ། བྱང་སརྦིས་ཡ། བྱང་ལོ་རོ་པུ། ཀ་ལི་ཀ་ཏའི་ཕྱོགས་ཏིང་ལམ་པའི་འའཁྲུངས་གནས། ཙི་ཊ་གཾ ཅི་ཊ་གྷཾ ལྟ་བུར་ཀློག དེ་རུ་མི་སྐྱ་མཁས་པ་མང༌། ཤར་ཕྱོགས་བྷཾ་ག་ལའི་དབུས་ཤྲུར་ཝ་ཞེས་དཔོན་པོ་ཡིན། ཀ་ལི་ཀ་ཏ་ན་མཁས་པ་ཡོད།། དགེའོ། །ཕྱག་བྲིས་དངོས་ལས་བཤུས་ཏེ་ཞུས་དག་པར་བྱས་སོ།།
ཀླུ་སྨྱོན་ལགས། ་མདོ་སྨད་གསེར་ཁོག་དགོན་གྱི་བཙན་པོ་ནོ་མིན་ཧན་སྐུ་ཕྲེང་བཞི་པ་འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས་གྱི་འཛམ་གླིང་རྒྱས་བཤད་དང་དེབ་འདི་གཅིག་པ་རེད་དམ། འདི་རུ་བཞག་པ་བཀའ་དྲིན་ཆེ།
བོད་ཡིག་ཀློག་ཤེས་ན་རྩོམ་པ་པོ་སུ་ཡིན་གསལ་དག་གཙང་གསུམ་གྱིས་བྲིས་ཡོད་པ་འདི་རེད། སི་ཏུ་ཆོས་ཀྱི་རྒྱ་མཚོས་བྲིས་པ་རེད་འདུག
སུ་ཏིས་ཡི་གེར་བཀོད་པར་གསལ་བས་ཟིན་བྲིས་པ་ཡིན་པ་ལས་རྩོམ་པ་པོ་རེད་མི་འདུག བོད་ཡིག་ཤེས་ན་གསལ་བོ་འདུག
འབྲི་མཁན་སི་ཏུ་ཆོས་ཀྱི་སྙིང་པོ་རེད་བཞག
གོང་དུ་སྒྲིག་མཁན་གྱིས་མ་ཤེས་ཤེས་ཁུལ་གྱིས་ཕ་རན་སི་རྒྱ་གར་ནུབ་ཕྱོགས་སུ་ཡོད་མདོག་མདོག་དག་པ་མ་དག་པར་བཏང་བ་ཅང་མ་ཤེས་པའི་བྱིས་པའི་སྤྱོད་པ་སྟེ། རྒྱ་གར་ཤར་ལྷོའི་ཕྱོགས་སུ་ཕ་རན་སིའི་ས་ཆ་ཞིག་ཡོད་པ་དེར་ཟེར་བ་རེད། དེར་དེང་སང་ཡང་ཕ་རན་སི་ནང་བཞིན། ཁང་པའི་བཟོ་བཀོད་དང་སྐད་ཡིག་སོགས་ཀྱང་ཕ་རན་སི་ནང་བཞིན་སྤྱོད་པ་རེད་ཟེར།
chenterbury