གནས་ཚུལ་བསྡུ་རུབ་པ་ཚངས་དབྱངས་རྒྱ་མཚོ། 9882603991 / 8679044405
ད་ལྟ་རང་བོད་ནས་གནས་ཚུལ་འབྱོར་གསར་ལ་ཕྱི་ཚེས་ ༢༦ ཉིན་གྱི་དགོང་མོ་ཞི་རྒོལ་སྐབས་ཇོ་ནང་འཛམ་ཐང་དགོན་པའི་གྲྭ་རང་ལོ་ ༥༢ ཡིན་པ་ཀུན་འཕེལ་ལགས་ཀྱི་མགོར་མེ་མདའ་ཕོག་ཡོད་པ་དང་། དེ་བཞིན་དུ་འཛམ་ཐང་སྟོད་མ་ཡུལ་ཚོའི་སྡེ་མི་རྣམ་རྒྱལ་(རང་ལོ་༢༠)ལ་ཡང་མེ་འདའ་ཕོག་དེ་ད་སྐབས་ཁོང་གཉིས་སྨན་ཁང་དུ་མྱུར་སྐྱོབ་བྱེད་བཞིན་ཡོད་འདུག གཞན་ཉིན་དེར་ཨ་ནེ་ཞིག་གི་རྐང་བ་བཅག་པ་སོགས་མི་མང་པོར་རྨས་སྐྱོན་ཕོག་ཡོད་མོད། དགོང་མོ་ཡིན་པ་དང་། མི་མང་དྲགས་ནས་གསལ་བོ་ཞིག་ཤེས་རྟོགས་ཐུབ་མི་འདུག
དེ་བཞིན་དུ་ཕྱི་ཚེས་ ༢༦ གི་དགོང་མོར་ཇོ་ནང་འཛམ་ཐང་ཆོས་སྒར་གོང་མའི་རྡོ་རྗེ་སློབ་དཔོན་ཟུར་བ་བླ་མ་བློ་དཔལ་(རང་ལོ་ ༥༠ ཡས་མས) དང་། ཇོ་ནང་འཛམ་ཐང་གཙང་བ་གྲྭ་ཚང་གི་གྲྭ་སྙན་ལོ་(རང་ལོ་ ༢༦) དང་། གྲྭ་སང་གྱོ་(རང་ལོ ༢༡) གཉིས། (འདི་གཉིས་ཉིན་དེར་སྦྱར་ཡིག་བཀྲན་མཁན་ཐར་བའི་ཁྱིམ་གཅིག་གི་སྤུན་མཆེད་ཡིན་འདུག) དེ་བཞིན་དུ་ཇོ་ནང་འཛམ་ཐང་དགོན་ཆེན་གྱི་ལྷ་སྡེ་རི་འཕུང་སྡེ་བའི་སྡེ་དཔོན་ཚེ་ཪིང་འཕེལ་དང་། དབང་ཀྱོ། གཞན་གཅིག་བཅས་འཛིན་བཟུང་བྱས་འདུག་ལ། འཛམ་ཐང་བར་མ་ཡུལ་ཚོ་ནས་ཡང་སྡེ་མི་དྲུག་ལྷག་འཛིན་བཟུང་བྱས་ཡོད་ཀྱང་ཁོང་ཚོའི་ལོ་དང་མིང་སོགས་ཤེས་རྟོགས་ཐུབ་མི་འདུག
ཕྱི་ཚེས་ ༢༦ ཉིན་མདོ་སྨད་འཛམ་ཐང་དུ་སྦྱར་ཡིག་བཀྲམ་མཁན་ཐར་བ་ལགས་ནི་རང་ལོ་༢༣ཡིན་འདུག་ལ་། ད་སྐབས་ཁོང་འཛིན་བཟུང་བྱས་ནས་གར་སོང་ཆ་མེད་དུ་གྱུར་འདུག ཁོང་གི་སྦྱར་ཡིག་གི་ཁ་བྱང་ནི་ <<ཤི་གསོན་གྱི་སྔོན་བརྡ།>> ཞེས་ཟེར་ཞིང་སྦྱར་ཡིག་གི་ནང་དོན་ནི་ “ད་བར་མི་མང་པོ་ཞིག་གིས་རང་ལུས་མེར་བསྲེགས་གཏོང་དགོས་པའི་རྒྱུ་མཚན། བོད་ལ་རང་དབང་དགོས་པ་དང་། ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་རྒྱུའི་ཆེད་ཡིན་པས། དམིགས་ཡུལ་དེ་མ་འགྲུབ་བར་དུ་ང་ཚོས་ལས་འགུལ་མཚམས་འཇོག་མི་བྱེད་པར་མེར་བསྲེགས་གཏོང་ངེས་ཡིན་”ཞེས་སོགས་བཀོད་ཡོད་འདུག
དེ་བཞིན་དུ་ཉིན་དེར་ཞི་རྒོལ་སྐབས་འཛམ་ཐང་སྟོད་མ་ཡུལ་ཚོའི་སྡེ་མི་སྤུ་ཐར་གྱི་བུ་རང་ལོ་ ༢༠ ཡིན་པ་ཨོ་རྒྱན་ལགས་ལ་རྒྱ་དམག་གིས་མེ་མདའ་རྒྱབ་ནས་དམར་གསོད་བྱས་འདུག་ལ། གནས་ཚུལ་ཡོང་ཁུངས་ནས་བརྗོད་པ་ལྟར་ན། ཁོང་གི་མགོར་མེ་མདའ་ཕོག་ནས་མྱུར་སྐྱོབ་བྱེད་ཁོམ་མ་བྱུང་བར་ས་གནས་དེ་ག་རང་ལ་གྲོང་ཡོད་འདུག སྐབས་དེར་ཁོང་གི་ཕུང་པོ་འཛམ་ཐང་ཇོ་ནང་དགོན་ཆེན་དུ་ཁྱེར་ནས་བླ་གྲྭ་གཅིག་སྟོང་ལྷག་གིས་འཕོ་ལུང་དང་བསྔོ་སྨོན་གསུངས་རྗེས་ཕུང་པོ་སྤུ་ཐར་ཚང་གི་ནང་དུ་ཁྱེར་ཡོད་འདུག འདས་པོ་ཨོ་རྒྱན་ལགས་ནི་ཁྲིན་དུ་མེན་ཡང་ཞེས་པ་རུ་སློབ་གྲྭར་འགྲིིམ་བཞིན་ཡོད་འདུག་ལ། ད་བར་དུ་སློབ་གྲྭ་དེར་སློབ་སྦྱོང་བྱས་ནས་ལོ་ངོ་དྲུག་འགོར་ཡོད་འདུག་ལ། ཉིན་དེར་སྦྱར་ཡིག་བཀྲམ་མཁན་ཐར་བ་དང་ཁོ་གཉིས་སློབ་གྲོགས་ཡིན་འདུག