གླིང་ཚ་ཚེ་བརྟན་རྡོ་རྗེ།
ང་རང་ཉིན་དགུའི་སྔོན་ཏག་ཏག་གི་ཞོགས་པ་དེར་བལ་ཡུལ་རྒྱལ་ས་ཀ་ཐ་མན་ཀྲོ་ལ་སླེབས་པར་སྤྱི་ལེ་བཅུ་གསུམ་ལས་མེད་པའི་མི་འགོག་ས་ཚིགས་ཐང་ཀོར་ཀྲུ་ཟེར་ས་དེ་ནས་ཞོགས་པའི་ཆུ་ཚོད་དྲུག་དང་སྐར་ཞེ་ལྔའི་སྟེང་དུ་བཀག་གཉེར་བྱས་སོང་། ང་རང་བཀག་གཉེར་བྱེད་མཁན་གྱི་གཉེན་རྟོག་པ་དེ་ཡི་ལག་པར་ང་རང་གི་འདྲ་དཔར་འདུག་པ་མ་ཟད། གཉེན་རྟོག་ལས་ཁུངས་ཀྱི་རྩིག་ངོས་ལའ་ང་རང་གི་འདྲ་དཔར་འཕྱངས་དེ་བཞག་འདུག་པ་དེར་མཐོང་དུས། ཁོང་ཚོས་ང་རང་སྔ་ས་ནས་རྩད་འཚོལ་བྱེད་ཀྱི་ཡོད་པ་ཤེས་ཀྱི་འདུག
གཉེན་རྟོག་པ་བཅུ་ཕྲག་གཅིག་ལྷག་བརྒལ་བ་ཞིག་གི་ང་རང་གིས་མཐའ་རུ་བསྐོར་ནས་ཧ་ཅང་ཡ་མཚར་བའི་ངང་ཚུལ་གྱིས་ང་ལ་བལྟ་བ་དང་གཉེན་རྟོགས་པ་གཞོན་པ་ཞིག་གིས་གཉེན་རྟོག་འགོ་གཙོ་དེ་ལ་ང་རང་འདྲ་དཔར་སྟེང་གི་མི་དེ་ཡིན་པས་གསལ་བཤད་གནང་སོང་། ཁོ་རང་གིས་འདྲ་དཔར་སྟེང་དུ་ཞིབ་དུ་བལྟ་ཞོར་དུ་ང་རང་ལ་ཁྱོད་རང་གང་དུ་འགྲོ་བཞིན་ཡོད་ཟེར།
ངས་རང་ཉིད་ཀྱི་ལྷན་དུ་ཁུར་ཡོད་པའི་ཞི་བའི་འབོད་ཚིག་ལྔ་བྲིས་ཡོད་པའི་ཤོག་ལེབ་དབྱིན་རྒྱ་བོད་ཧིན་བཞི་འདུས་པའི་ཤོག་ལེབ་གཅིག་ཁོ་རང་གི་ལག་པར་འཇོག་ཞོར་རང་ཉིད་ནི་བོད་མི་རིགས་ཀྱི་ཆེད་དུ་ཞི་བའི་གོམ་བགྲོད་དུ་འགྲོ་མཁན་ཡིན་པ་དང་དེ་རིང་འདི་ནས་བཀག་བྱུང་ཞེས་ཞུས་དུས། ཁྱོད་རང་གཅིག་བུར་འདི་ལྟར་འགྲོ་དགོས་དོན་གང་ལ་ཐུག་པ་རེད་དམ་སོགས་སྐད་ཆ་ཆེས་མང་བོ་ཞིག་མི་འདྲི་བར་དེ་ན་ཡོད་པའི་གཉེན་རྟོག་པ་གཞོན་པ་ཞིག་ལ་ང་རང་གཉེན་རྟོག་ས་ཚིགས་ལྟེ་ནས་དེ་རུ་ཁྲིད་འགྲོ་དགོས་པའི་བཀའ་ཁྱབ་བཏང་སོང་།
གཉེན་རྟོག་མི་སྣ་ཆེས་མང་བོ་ཞིག་གི་ཆེས་ཡ་མཚར་བའི་ཁྲོད་ནས་ང་རང་གཉེན་རྟོག་མི་སྣ་གསུམ་བཞི་ཞིག་གི་བར་དུ་བླངས་དེ་གཉེན་རྟོག་ས་ཚིགས་ལྟེ་བ་རུ་ཁྲིད་སོང་། དེས་ན་གཉེན་རྟོག་འགོ་གཙོ་སྐར་མ་གཉིས་ཅན་ཞིག་ཡོད་པ་དེ་ཡི་གམ་དུ་བཅར་ནས་ང་རང་ལ་སྐད་ཆ་ཁ་ཤས་ཤིག་འདྲི་འགོ་བརྩམས་སོང་། སྐབས་དེ་དུས་གཉེན་རྟོག་པ་གཞོན་པ་ཆེས་མི་ཉུང་བ་ཞིག་གིས་ང་རང་གི་མཐའ་རུ་སྐོར་ནས་ཁྱོད་རང་གིས་ནག་ཉེས་ག་རེ་བསགས་པ་ཡིན་ནམ། དེ་རིང་བར་དུ་ངེད་ཅག་གཉེན་རྟོག་པའི་དྲ་ཚིགས་དང་། རྩིག་ངོས་སུ་ཁྱོད་རང་འཛིན་དགོས་པའི་བཀའ་ཁྱབ་དེ་འདྲའི་གནས་སྟངས་ཛ་དྲག་ཞིག་བྱུང་མྱོང་ཡོད་པ་མ་རེད། ཁྱོད་རང་གི་ནག་ཉེས་གང་ཡིན་ཟེར་མཁན་འདུག
གཉེན་རྟོག་པ་འགོ་གཙོ་དེས་ང་རང་ཅིའི་ཕྱིར་བཟུང་བ་དང་མི་རིང་བར་ཁོང་ཚོས་ག་རེ་བྱེད་དགོས་མིན་སྐོར་ཡང་བསམ་བློ་གཏོང་གི་ཡོད་ཀི ཁོ་རང་གིས་སྒེར་གྱི་མིང་ཐོག་ནས་ང་རང་ལས་ཁུངས་དུ་སྐད་བཏང་ནས། ཁྱོད་རང་ལ་ད་ལྟ་ལམ་ཁ་གཉིས་ལས་མེད་པ་དེ་ལས་གཅིག་ནི་ཕྱིར་རྒྱ་གར་དུ་འགྲོ་རྒྱུ་དང་གཞན་དེ་ནི་རྒྱ་ནག་གཞུང་ཚབ་ཁང་གིས་ཁོང་ཚོ་སྤྲོད་རོགས་ཟེར་ནས་བཤད་ཀྱི་ཡོད་པ་དེར་ཁས་ལེན་བྱེད་རྒྱུ་དེ་རེད། ཁྱོད་རང་གིས་ཐག་གཅོད་བྱེད་རོགས་ཟེར་ཞོར། ཁོ་རང་གིས་བལྟས་ན་ཕྱིར་རྒྱ་གར་དུ་སོང་ན་ཡག་པོ་འདུག་པ་མ་ཟད། ང་རང་ཕྱིར་འགྲོ་རྒྱུ་ཡིན་ན་གནམ་གྲུ་དང་ཡང་ན་རླངས་འཁོར་ནང་གང་ལ་གཏོང་དགོས་པ་ཡིན་ཁོ་རང་གི་ངོས་ནས་གཏོང་ཆོག་ཟེར་ནས་བཤད་སོང་།
ངས་ཁོང་ལ་ང་ནི་མུ་མཐུད་དུ་མདུན་བསྐྱོེད་བྱེད་པ་ལས་གཞན་ཕྱི་ནུར་ནམ་ཡང་བྱེད་མི་སྲིད། ཁྱེད་ཅག་ལ་དཀའ་ལས་ལྕི་མོ་འདྲ་འཕྲད་ཀྱི་ཡོད་ཚེ། ང་རང་གང་དུ་གཏོང་མིན་དེ་ནི་ཁྱོད་རང་གི་ཐག་གཅོད་བྱེད་འོས་ཀྱང་། ང་རང་གི་བསམ་ཐོག་ལ་འཇོག་གི་ཡིན་ཚེ། ང་རང་རྒྱ་ལག་དུ་རྩིས་སྤྲོད་བྱེད་རོགས་གནོང་། གང་ཡིན་ཟེར་ན། ང་རང་གི་ཞི་བའི་འཐབ་རྩོད་བྱེད་ས་དེ་ནི་རྒྱ་ནག་སྲིད་གཞུང་རང་ཆགས་ཡོད་པ་ལས། བལ་ཡུལ་ཆགས་མེད་པ་ཡིན། རྒྱུ་མཚན་དེ་ལ་བརྟེན་ནས་དེ་རིང་བར་དུ་ང་རང་བལ་ཡུལ་གྱི་ས་ཐོག་ནས་ཁ་ཁུ་སིམ་པོའི་སྒོ་ནས་ཕྱིར་རང་ཡུལ་དུ་ལོག་ཐུབ་པར་འབད་འབུངས་བྱས་ནའང་། དེ་རིང་ཞོགས་པ་སྟབས་མ་ལེགས་པར་འདི་ནས་བཟུང་བ་རེད།
སྐབས་དེར་གཉེན་རྟོག་པ་འགོ་གཙོ་དེས་འགོ་བོ་ཕུར་ཕུར་ཞིག་གཏོང་བཞིན། ཁྱོད་རང་ཁང་མུག་ཕར་ཕྱོགས་དུ་སོང་ནས་ངལ་གསོས་ཤིག་ཟེར། ང་རང་ཁང་མུག་ཚུར་ཕྱོགས་དུ་འོང་ནས་བསྡད་དུས་སུ། ང་རང་གི་ལག་གི་ཅ་དངོས་གང་ཡོད་པ་ཚང་མ་གཉེན་རྟོག་པ་ཞིག་གི་ཞིབ་གཤེར་བྱས་དེ་རྩིས་ལེན་བྱས་སོང་། གཉེན་རྟོག་པ་འགོ་གཙོ་དེས་གཉེན་རྟོག་པ་ཞིག་ལ་ང་རང་ཟ་མ་ཟ་བར་ཁྲིད་དགོས་པར་སྐུལ་བ་ལྟར། ང་རང་གཉེན་རྟོག་པའི་ཟ་མ་ཟ་སར་སོང་ནས་ཟ་མ་ཟོས་རྗེས་སུ་ཕྱིར་འོང་ནས་ཁང་མིག་དེ་ནས་ཆུ་ཚོད་གཅིག་ལྷག་འགོར་མ་ཐག ང་རང་གཉེན་རྟོག་པ་འགོ་གཙོ་དེས་གཙོ་གནང་དེ་ས་གནས་གཞན་ཞིག་ལ་ཁྲིད་པའི་འགོ་བརྩམས་སོང་།
གཉེན་རྟོག་པ་གཞོན་པ་ཞིག་གིས་ང་རང་གི་མགོ་ལ་རས་གཡོགས་ནས་གཞན་གྱིས་ང་རང་གི་ངོ་གདོང་མི་མཐོང་བར་བཟོས་པ་དང་། ངས་ང་རང་གང་དུ་ཁྲིད་འགྲོ་བཞིན་ཡོད་མེད་མི་མཐོང་བར་བཟོས་སོང་། ཆུ་ཚོད་ཕྱེད་ལྷག་གི་རྗེས་སུ་ང་རང་གཉེན་རྟོག་ལས་ཁུངས་ཆེ་ཤོས་ཤིག་ལ་བསྐྱལ་སོང་། གཉེན་རྟོག་པ་འགོ་གཙོ་གཞོན་པ་དེ་ཡི་སྒང་གི་འགོ་གཙོ་ལྟེ་བ་དེ་ལོས་ཡིན་སྙམ་པའི་རྒན་པོ་ཞིག་སར་བསྐྱལ་སོང་། རྒན་པོ་དེ་ལ་འགོ་གཙོ་གཞོན་པ་དེས་ང་རང་གི་སྐོར་ཞིབ་དུ་ཞུས་པ་དང་འགོ་གཙོ་དེས་ཀྱང་ང་རང་ལ་སྐད་ཆ་མི་ཉུང་བ་ཞིག་དྲིས་རྗེས་སུ། གཉེན་རྟོག་པ་གཞོན་པ་གཉིས་གསུམ་ཞིག་ལ་སྐད་བཏང་སོང་། དེ་ཡི་ཁྲོད་ཀྱི་གཅིག་གིས་དབྱིན་སྐད་ཡག་པོ་ཤེས་ཀྱི་འདུག ཁོས་ང་རང་ལ་ཁང་མུག་ཞིག་བསྟན་ནས་དེ་ནི་ང་རང་གི་བསྡོད་ས་ཡིན་པ་དང་བཙོག་གཅིན་གང་གཏོང་དགོས་བྱུང་ན་ཕྱི་ལ་སྐད་བཏང་ན་ཁོང་ཚོས་སྒོ་ཕྱེ་ཆོག་ཟེར་བ་དང་ང་རང་གི་སྐེ་ཡི་མདུད་པ་ཡང་མ་སྐྱུར་བ་མ་ཟད། ལྷམ་འགོ་དང་སྐེད་བཅིངས་ཐུ་གུ་དེ་ཡང་བླངས་སོང་།
ཤིང་གི་ཉལ་ཁྲིའི་སྐམ་ཀོག་དེས་སྟེང་ནས་ཞི་བའི་ལྷ་ཡི་གཟུངས་སྔགས་རེ་སྤྱོར་ནས་སེམས་ལྷོད་དུ་འབབ་ནས་བསྡད་ཡོད་པའི་ཆུ་ཚོད་ཁ་ཤས་ཀྱི་རྗེས་སུ། གཉེན་རྟོག་པ་གཉིས་ཡོང་ནས་ང་རང་ལ་ལག་ལྕགས་བརྒྱབས་སོང་། སྐབས་དེར་ང་རང་གི་སེམས་ནང་དུ་མི་ཚེ་ནང་དུ་བདེན་པའི་ཆེད་དུ་ལས་ཀ་བྱས་ནས་ལྕགས་སྒྲོག་བརྒྱབས་པ་འདི་ནི་ཡིད་སྐྱོ་བ་ལའང་། ལྷག་དོན་དུ་ལྕགས་སྒྲོག་ཆེས་མང་བོ་ཞིག་གློག་བརྙན་ལས་མཐོང་མྱོང་མོད། དངོས་སུ་རང་ཉིད་ལག་འགོར་གོན་པ་ཐེངས་དང་བོ་ཆགས་པ་ཡིན་དུས། ཅུང་མ་བདེ་བ་ཞིག་བྱུང་སོང་།
འདྲི་བརྩད་ཁང་ཞིག་ནས་མི་གཉིས་ཀྱིས་ང་རང་གོ་ལྔ་ལོ་ནས་བཟུང་ད་ལྟའི་བར་དུ་གང་བྱས་མིན་གང་དུ་སོང་མིན། མི་ཚེ་ནང་དུ་སློབ་སྤྱོང་གང་བྱས་མིན་སོགས། ཆུ་ཚོད་གཉིས་དང་གསུམ་རིང་དུ་སྐད་ཆ་དྲིས་སོང་། དེ་ཡིི་རྗེས་སུ་མི་དེས་དེ་རིང་གི་སྐབས་སུ་འདི་ཙམ་བྱེད། ཁྱོད་རང་ལ་མི་རིང་བར་དགོང་ཟས་ཁོང་ཚོས་གྲྭ་སྒྲིག་བྱས་ཡོད་པ་རེད་ཟེར་ནས་མི་དེ་སྒོའི་ཕྱི་ལ་སོང་ནས་སྐར་མ་བཅུ་གྲངས་ལས་མ་འགོར་བར་མི་གཞན་གཉིས་ང་རང་གི་གམ་དུ་འབྱོར་ནས་ལག་འཇུ་ཞིག་གཏོང་ཞོར། ཁོ་གཉིས་ཀྱིས་ང་རང་ལ་འདྲི་བརྩད་བྱེད་དགོས་པའི་སྐོར་བཤད་སོང་།
འདྲི་བརྩད་འགོ་འཛུགས་ལ་ཉེ་བའི་སྐབས་སུ་ང་རང་ལ་མིག་ཤེལ་ནག་པོ་ནག་རྐྱང་ཞིག་གོན་དུ་བཅུགས་སོང་། དེ་ནི་ཁོ་རང་ཚོས་དམིགས་བསལ་གྱིས་འདྲི་བརྩད་བྱེད་ལུགས་ཤིག་ཡིན་ཟེར་ནས་བཤད་ཀྱི་འདུག མིག་ཤེལ་དེ་ལས་ཕྱི་ལོག་གང་ཡང་མཐོང་ཐུབ་ཀྱི་མི་འདུག ཁོང་ཚོས་འདྲི་བརྩད་བྱེད་སྟངས་ཀྱང་སྔ་མ་ལས་ཅུང་རྒྱས་པ་དང་འདྲི་མཁན་ཡང་མི་ལྔ་ནས་དྲུག་ཞིག་ཡོད་པ་སྐད་ཀྱི་གདངས་མི་འདྲ་བ་ནས་ཤེས་ཀྱི་འདུག་པ་མ་ཟད། ནང་དུ་བུད་མེད་ཅིག་གི་སྐད་གོ་ཡི་འདུག་ལ། བུད་མེད་དེས་མཚམས་རེར་ཁོང་ཚོ་ལ་བཀོད་མངགས་བཏང་ནས་འདི་དྲིས་ཤིག་དང་གན་དྲིས་ཤིག་ཟེར་གྱི་འདུག ཁོང་ཚོས་ང་རང་ནི་ཚོགས་སྡེ་ག་གེ་མོ་ཞིག་གི་འགོ་གཙོ་ཡིན་པར་ཡིད་ཆེས་བྱེད་ཀྱི་འདུག་པ་དང་ཡང་ན་ང་རང་གི་རྒྱབ་ལོག་དུ་ཚོགས་སྡེ་གང་རུང་ཞིག་གི་སྐུལ་ལྕགས་ཤུགས་ཆེན་པོ་དང་རྒྱབ་སྐྱོར་བླ་མེད་གནང་གི་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད་པའི་ངང་ཚུལ་ཡང་དང་བསྐྱར་དུ་འདྲི་བརྩད་གནང་གི་འདུག ངས་རང་ཉིད་ཀྱིས་བསླེངས་པའི་ཞི་བའི་འཐབ་རྩོད་འདིའི་འགོ་གཞུག་ཚང་མ་རང་ཉིད་ལས་གཞན་སུ་གང་གིས་ཀྱང་བཀོད་ཁྱབ་མེད་པར་བཤད་དུས། ཁོང་ཚོས་དེ་འདྲ་ཞིག་གཏན་ནས་ཡིན་ས་མ་རེད་ཟེར་བ་ལས། རེད་རེད་ཟེར་བའི་ཚིག་ཟུར་ཙམ་ཡང་སླེབས་ཀྱི་མི་འདུག
ཁོང་ཚོས་ངའི་གློག་འཕྲིན་ཁ་བྱང་དང་གསང་གྲངས། གདོང་དེབ་ཀྱི་ཁ་བྱང་དང་གསང་གྲངས་སོགས་དྲིས་པ་མ་ཟད། མི་སྒེར་གྱི་མིང་ཐོག་ནས་ད་རེབས་ཀྱི་འཐབ་རྩོད་འདི་དང་འབྲེལ་བ་ཡོད་མེད་སོགས་དྲིས་སོང་། ངས་རང་ཉིད་ལ་གཏན་ནས་ངོ་གནོང་དགོས་པའི་བྱ་བ་གང་ཡང་མེད་པའི་རྒྱུ་མཚན་བཤད་པ་དང་གློག་འཕྲིན་གྱི་ཁ་བྱང་དང་གསང་གྲངས། གདོང་དེབ་ཀྱི་ཁ་བྱང་དང་གསང་གྲངས་སོགས་ཁོང་ཚོས་གང་དྲིས་པ་ལན་དྲང་མོ་བཏབས་པ་མ་ཟད། རང་ཉིད་ནི་བོད་མི་རིགས་འདི་ཉིད་ཀྱི་སྐད་དང་ཡི་གེ ཆོས་གོས་གོམ་གཤིས་ཀྱི་རང་དབང་དང་ཞི་བདེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་བྱེད་པར་སྐད་སྐུར་ཞིག་ཁུར་ནས་འགྲོ་བཞིན་པའི་བོད་མི་དཀྱུས་མ་ཞིག་ཡིན་པ་ལས་ཁོང་ཚོས་བསམ་བཞིན་པའི་འགོ་ཁྲིད་དང་སྙན་གྲགས་ཅན་གྱི་མི་གང་ཡང་མིན་པར་ཡང་དང་བསྐྱར་དུ་གསལ་བཤད་བྱས་པ་ཡིན། མཐར་ཆུ་ཚོད་གསུམ་ཙམ་གྱི་རྗེས་སུ་ང་རང་གི་མིག་ཤེལ་ཕུད་དུ་་བཅུགས་སོང་། མིག་ཤེལ་མ་ཕུད་པའི་ཡར་སྔོན་ཏག་ཏག་དེར་ངས་ཁོང་ཚོ་ལ་སྐད་ཆ་ཚིག་གཅིག་དྲིས་ན་འགྲིག་མིན་དྲིས་དུས། ནང་གི་ཕོ་གསར་ཞིག་གིས་འགྲིག་གི་རེད་ཟེར། དེས་ན་ཁྱེད་ཅག་སྡེ་ཚན་གང་གི་ཁུངས་གཏོགས་ནས་ང་རང་ལ་འདྲི་བརྩད་བྱེད་ཀྱི་ཡོད་དམ་ཞེས་དྲིས་དུས། ཁོང་ཚོ་གཉེན་རྟོག་ལས་ཁུངས་ཀྱི་ཆེས་མཐོའི་འདྲི་བརྩད་ཚན་ཁག་ནས་ཡིན་ཟེར་བ་དང་གཅིག་བྱས་ན་སང་ཉིན་ཡང་སླར་ཡང་ཁྱེད་ལ་སྐད་ཆ་མུ་མཐུད་དུ་འདྲི་དགོས་ཐུག་སྲིད། དེ་རིང་ཁྱོད་རང་གིས་གང་བཤད་པ་དེ་དག་ལ་ཁ་ཤས་ཤིག་ངེད་ཅག་ལ་འབྱོར་བའི་གནས་ཚུལ་དང་བསྡུར་ན་ངེད་ཅག་གི་འདོད་བློ་དང་འཚམས་པ་ཞིག་མ་བྱུང་ནའང་། སྤྱིའི་ཆ་ནས་ཁྱོད་རང་གིས་ལན་འདེབས་དང་ལེན་ཡག་པོ་གནང་བ་དེར་དགའ་བསུ་ཡོད་ཟེར།
ངས་རང་ཉིད་ཀྱིས་གང་བཤད་པ་དེ་དག་ནི་དངོས་ཡོད་ལས་གཞན་གང་ཡང་མེད་ལ། སང་ཉིན་ཁྱེད་ཅག་ཕེབས་ནས་འདྲི་བརྩད་བྱས་ཀྱང་། ང་རང་གིས་གང་ཤེས་པ་དང་གང་བྱས་པ་སོགས་བདེན་པ་རང་གི་ངོས་ནས་ལན་འདེབས་བྱེད་པར་ང་རང་གྲྭ་སྒྲིག་ཡོད་པ་མ་ཟད། རང་ཉིད་ནི་བདེན་པ་བརྩོད་ལེན་བྱེད་མཁན་གྱི་མི་ཞིག་ཡིན་དུས་བདེན་པ་རང་ལས་གཞན་ལན་འདེབས་བྱེད་མི་སྲིད་པ་ཡིན་ཞེས་ལན་བཏབས་པ་དེར་ཁོང་ཚོས་ཀྱང་། ཡག་པོ་རེད་ཟེར་ནས་གསུངས་པ་ལས་གཞན་གང་ཡང་མེད་པར་ང་རང་གི་མིག་ཤེལ་ནག་པོ་དེ་ཕུད་དུ་བཅུགས་སྟེ་ཁོང་ཚོ་བུད་སོང་། ཕོ་གསར་གཉིས་ཀྱི་ངོ་གདོང་ལས་བུད་མེད་དེ་དག་གཞན་དག་གི་ངོ་གདོང་ནི་ང་རང་ལ་གཏན་ནས་བསྟན་མ་སོང་།
དེ་ནུབ་གཉེན་རྟོག་ཚན་ཁག་དེ་ཡི་གཉེན་རྟོག་པ་གཞོན་པ་ང་རང་སྲུང་མཁན་དེ་དག་ནི་དངོས་ནས་བཟང་བོ་འདུག ང་རང་ལ་ཉལ་ས་བཟོས་པ་མ་ཟད། འབུ་ཚགས་ཀྱང་སྤྲད། ཟ་མ་ཡང་ཉལ་སའི་ནང་དུ་ཁུར་ནས་སླེབས་པ་དང་མཚན་མོ་ཁ་སྐོམ་ན་འཐུང་རོགས་ཟེར་ནས་འཐུང་ཆུ་ཉལ་ཁང་དུ་བཞག་ནས་འགྲོ་སོང་། ཁང་མུག་ཆུང་ཆུང་དེ་རུ་རང་ཉིད་གཅིག་བུ་ལས་མི་གཞན་སུ་ཡང་མེད་ལ། ཧ་ཅང་ཁ་ཁུ་སིམ་པོའི་སྒོ་ནས་ཉལ་རྒྱུ་བྱུང་།
༢༢།༥།༡༢ཉིན་རྒྱབ་དུ་ང་རང་ཡོད་སར་མི་གཉིས་སླེབས་ནས་ཤོག་ལེབ་གཉིས་ཀྱི་ངོས་སུ་ང་རང་འཛིན་བཟུང་ངོས་སུ་བྱས་པའི་ས་རྟགས་རྒྱག་དུ་བཅུགས་སོང་། ཆུ་ཚོད་ཕྱེད་ཀའི་རྗེས་སུ་གཉེན་རྟོག་ས་ཁུལ་དེ་ནས་བལ་ཡུལ་ལག་ཁྱེར་ཞིབ་གཤེར་ཁང་གི་བཀག་བསྐྱེལ་ཁང་དུ་ཁྲིད་དེ་སླེབས་སོང་། གཉེན་རྟོག་པ་དེ་དག་གིས་བཀག་བསྐྱེལ་ཁང་གི་ལས་ཁུངས་ཀྱི་མི་ཞིག་ལ་ང་རང་རྩིས་སྤྲོད་བྱས་རྗེས་སུ་ཁོང་ཚོ་ཕྱིར་ལོག་ནས་བུད་སོང་། བཀག་བསྐྱེལ་ཁང་གི་ལས་བྱེད་དེས་ང་རང་གི་ཅ་དངོས་དེ་དག་བལྟ་ཞིབ་བྱས་རྗེས་སུ། སྒོ་དྲུང་གི་བདེ་སྲུང་དམག་མི་ཞིག་ལ་སྐད་བཏང་ནས་ང་རང་ཆེས་འོག་ཤོད་དུ་ཡོད་པའི་བཀག་བསྐྱེལ་ཁང་ལ་ངོས་སུ་བཅུགས་སོང་།
བཀག་བསྐྱེལ་ཁང་རང་དུ་འབྱོར་དུས་དེ་རུ་མི་བཅུ་གྲངས་ལས་བརྒལ་བ་ཞིག་ཁང་མུག་གཅིག་གི་ནང་དུ་བསྡད་འདུག་པ་དང་། ཚང་མས་ངའི་ཕྱོགས་སུ་བལྟ་བཞིན་ནང་གི་མི་གཅིག་གཉིས་ཤིག་གིས་ང་རང་གིས་ནག་ཉེས་ཅི་ཞིག་བསགས་མིན་སྐོར་ནས་སྐད་ཆ་འདྲི་འགོ་བརྩམས་སོང་། ང་རང་གིས་སྐད་ཆ་དེ་དག་ལ་ལན་འདེབས་ཐར་ཐོར་རེ་བྱེད་ཞོར་དུ་ཉལ་ཁྲི་གང་རུང་ཞིག་གི་ཟུར་ནས་བསྡད་ས་ཞིག་ལ་བལྟས། ཕྱི་རྒྱལ་བ་ཞིག་ཡོད་པ་དེ་ཡི་འགྲམ་དུ་སོང་ནས་ང་རང་དེ་ནས་བསྡད་ན་འགྲིག་མིན་དྲིས། མི་དེས་འགྲིག་གི་ཡོད་ཟེར་བ་དང་ཁོ་རང་གང་གི་ཡིན་མིན་དྲིས་དུས་ཁོ་རང་ནི་ཨ་རིའི་མི་སེར་ཡིན་གསུངས།
ཁོང་ཚོ་རེ་རེ་བཞིན་སྐད་ཆ་ཕར་ཞིབ་དུ་འདྲི་མི་དགོས་པར་ཁོང་ཚོས་ང་རང་ལ་རང་རང་གི་ནག་ཉེས་ངོ་སྤྲོད་བྱེད་ཀྱི་འདུག ཨ་རི་བ་ཁོང་གི་ནག་ཉེས་ནི་ཟླ་ངོ་བདུན་ཙམ་གྱི་སྔོན་དུ་དུ་ནག་ཚོང་སྒྱུར་ནག་ཉེས་འཕོག་ནས་བཙོན་ཁང་དུ་ཟླ་ངོ་དྲུག་བསྡད་རྗེས་སུ། ཁྲིམས་རྩོད་པ་ཞིག་ལ་སྒོར་མོ་ཕོན་ཆེན་སྤྲད་དེ་ད་ལྟ་ལག་ཁྱེར་ཞིབ་གཤེར་ཁང་དུ་སླེབས་པ་ཞིག་རེད་འདུག ཨེས་རན་ནས་ཡིན་པའི་ཕོ་རྒོད་ཅིག་ཡོད་ལ་ཁོ་རང་ཕར་བལྟས་ཚོད་ཀྱིས་དངོས་ནས་མི་འདི་ནི་ཇག་རྐུན་ཚོགས་པ་གང་རུང་ཞིག་གི་ནང་གི་འགོ་གཙོ་ལོས་ཡིན་སྙམ་པ་ཞིག་འདུག ཁོ་རང་ཡང་ཚོང་དོན་ནག་ཉེས་ཤིག་གི་ཁྲོད་ནས་ནག་ཉེས་འཕོག་ནས་ལོ་གཅིག་ལ་བཙོན་ཁང་དུ་བསྡད་རྗེས་ཁྲིམས་རྩོད་པ་ཞིག་ཉོས་དེ་ད་ལྟ་འདི་རུ་འོང་ནས་ཕྱིར་རང་གི་རྒྱལ་ཁབ་དུ་ལོག་པར་གྲྭ་སྒྲིག་བྱེད་བཞིན་པའི་སྒང་རེད་འདུག
གཞན་མི་བཅུ་གྲངས་ཤིག་ཡོད་པ་དེ་དག་ནི་ལག་ཁྱེར་རྫུན་བཟོ་དང་རྒྱལ་ཁབ་གཞན་ནས་ཐོངས་ཆེན་མེད་པར་ཕྱིར་འབུད་བཏང་བ་སོགས་རེད་འདུག དེ་ཡི་ནང་གི་ཨ་ཧྥུ་རི་ཀ་ནས་ཡིད་པའི་ཕོ་གསར་རྐང་རྩེད་སྤོ་ལོ་རྩེད་མཁན་གྱི་ཕོ་གསར་ཞིག་དེང་ཐོག་དུ་ནག་ཚོང་སྒྱུར་བྱེད་མཁན་གྱི་དོགས་པའི་ཁྲོད་ནས་གནམ་ཐང་ནས་བཙན་ཁྲིད་བྱས་པ་དང་རྗེས་སུ་དེ་མིན་པ་ཤེས་རྗེས། ལག་ཁྱེར་སྟེང་གི་ཐོངས་ཆེན་རྫུན་བཟོ་བྱས་ཡོད་པའི་མིང་ཐོག་ནས་ད་ལྟའི་བར་དུ་ཟླ་ངོ་གསུམ་དང་ཕྱེད་ཀའི་རིང་བཙོན་ཁང་དུ་གཉར་བ་དང་ད་ལྟ་བཀག་བསྐྱེལ་ཁང་འདི་རུ་གཉར་ནས་དངུལ་ཆད་བཏང་རྗེས་སུ་གློད་གྲོལ་གཏོང་རྒྱུ་ཡིིན་པར་བཤད་ཀྱི་འདུག
བཀག་བསྐྱེལ་ཁང་འདི་ལ་སླེབས་ཉིན་གྱི་ཉིན་དང་བོ་དེ་ལ་ང་རང་ལ་ཐ་ན་ལག་པར་ཟ་མ་ཟ་བའི་དངུལ་ཡང་སྐར་བཀང་མེད་དུས། ཨ་རི་བ་ཕས་ཀྲར་དང་ཨས་རན་ཕོ་རྒོད་གཉིས་ཀྱིས་སྔ་གཞུག་བྱས་དེ་ང་རང་གི་ཟས་རིན་སྤྲད་པ་དང་ཨ་རི་བ་ཕས་ཀྲར་ནས་ཁོ་རང་གི་ལག་ཁྱེར་གློག་ཀླད་བེད་སྤྱོད་གཏོང་དུ་བཅུགས་ནས་ང་རང་གི་ཟིན་བྲིས་ནང་དུ་བརྡ་ཁྱབ་གཏོང་དུ་བཅུགས་པ་དང་ང་རང་གི་གདོང་དེབ་ངོས་སུ་ཁོ་རང་གིས་ངའི་སྐོར་གྱི་དབྱིན་ཡིག་གི་སྟེང་ནས་གསར་འགྱུར་ཐུང་ཐུང་ཞིག་བྲིས་སོང་།
ཉིན་གཉིས་པ་དེར་ང་རང་ལ་ཐུག་འཕྲད་བྱེད་དུ་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དུ་ཕྱག་ལས་གནང་བཞིན་པའི་བོད་མི་ཞིག་སླེབས་ནས་ང་རང་ལས་ཁུངས་དུ་སྐད་བཏང་སོང་། ལས་ཁུངས་ནས་ང་རང་གི་གནད་དོན་ཤེས་བཞིན་དུ་སླར་ཡང་ང་རང་ལ་འདོད་པ་གང་ཡོད་མེད་སྐོར་ནས་འདྲི་བརྩད་བྱས་སོང་། སྐབས་དེར་ངས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ལས་མི་བོད་པ་དེ་ལ་རང་གི་བསམ་ཚུལ་ཞུས་དུས། ཁོས་ད་ལྟ་ནི་ཕྱིར་བོད་ནང་དུ་ལོག་པ་དེ་ནི་གཏན་ནས་འོས་འཚམ་མེད་པ་སོགས་ཆེས་མང་བོ་ཞིག་གསུངས་སོང་། མཐའ་དོན་དུ་ངས་ཁོང་ཚོ་ལ་དཀའ་ངལ་བཟོ་འདོད་མེད་པར་ཁོང་ཉིད་གཙོ་བའི་ལས་ཁུངས་ཀྱི་མི་དག་གིས་གང་ཐག་གཅོད་བྱས་པ་དེར་བརྩི་བཀུར་དང་དང་ལེན་བྱེད་པར་གྲྭ་སྒྲིག་ཡོད་ཅེས་ཞུས་པ་ཡིན།
བོད་མི་དེས་ང་རང་ལ་དཀའ་ཁག་གང་ཡོད་མེད་སྐོར་ནས་དྲིས་པ་དེར་ང་རང་ལ་ད་ལྟའི་འཆར་ཟས་སོང་མེད་པ་དང་གོན་པ་གཏན་ནས་བརྗེ་སྤོར་མེད་པ་སོགས་ཀྱི་དཀའ་ངལ་ལས་གཞན་གང་ཡང་མེད་ཅེས་ཞུས་པ་ལྟར། ཕྱིར་ཉིན་ཞོགས་པ་ང་རང་ལ་གོན་པ་ཁུར་ནས་སླེབས་པ་དང་དུས་མཚུངས་སུ་ས་དཀར་བསྟན་འཛིན་དང་དོན་ལྡན་གཉིས་སྒེར་ངོས་ནས་ཆེད་དུ་ཐུག་འཕྲད་དུ་འོང་ནས་ང་རང་ལ་ཟས་སོང་གི་ཆེད་དུ་བལ་སྒོར་ལྔ་སྟོང་ས་དཀར་བསྟན་འཛིན་ལག་ནས་གནང་བ་མ་ཟད། དོན་ལྡན་གྱིས་ང་རང་ལ་དགོས་འཁོ་ཆེ་བའི་ཁ་ངོ་དཀྲུ་རྫས་རིགས་ཕྱི་ལ་སོང་ནས་ཉོས་དེ་སླེབས་སོང་།
དེ་ལྟར་ཉིན་རེ་བཞིན་བལ་ཡུལ་གནས་བཞུགས་བོད་རིགས་སྤུན་ཟླ་ཆེས་མི་ཉུང་བ་ཞིག་ངོས་སུ་ཐུག་འཕྲད་བྱེད་དུ་བཅར་བ་དང་ཁོ་རང་ཚོས་ངོས་ཐད་ནས་གང་བྱེད་ཐུབ་རྒྱུ་ཡོད་པ་དེ་དག་ལ་གྲྭ་སྒྲིག་ཨང་གསར་ཡིན་ཟེར་ནས་གསུངས་པ་མ་ཟད། ཉིན་རེ་བཞིན་ཨ་ཚེ་དང་དོན་ལྡན་གཉིས་ཀྱི་གཙོ་བའི་བོད་རིགས་སྤུན་ཟླ་མིང་ཤེས་མིན་མི་ཉུང་བ་ཞིག་གིས་ང་རང་ལ་སྐོམ་ཆུ་མངར་མོ་དང་འཐུང་ཆུ་སོགས་ཁུར་ནས་བལྟ་རུ་འོང་བ་ནི། བཀག་བསྐྱེལ་ཁང་རང་དུ་བསྡོད་མཁན་གྱི་རོགས་པ་དག་ཧ་ལས་པ་མ་ཟད། ཨ་རི་བ་ཕས་ཀྲར་གྱིས་ཀྱང་ང་རང་ལ་ཁྱོད་རང་ལ་དངོས་ནས་ཧ་ལས་པའི་རྒྱབ་སྐྱོར་བྱེད་མཁན་མང་བོ་འདུག དངོས་ནས་ཡག་པོ་རེད། ང་རང་གིས་རེ་བ་ཡིན་ན་ཁྱོད་རང་གཏན་ནས་བལ་ཡུལ་འདི་བ་ཚང་གི་མཐུན་རྐྱེན་དང་གཙང་གྲྭ་གཏན་ནས་མེད་པའི་ཁོར་ཡུག་འདི་ནས་བཙོན་ཁང་དུ་བསྡོད་རྒྱུར་གྲྭ་སྒྲིག་བྱེད་པ་ལས་ཁོང་ཚོ་ལ་དངུལ་སྤྲོད་དུ་བཅུགས་ནས་ཕྱི་ལོག་དུ་ཐོན་པ་ཡིན་ན། ཁྱོད་རང་བཙོན་ཁང་ནས་བསྡད་དེ་ལུས་སེམས་གཉིས་ཀྱིས་མནར་གཅོད་མྱོང་བ་ལས་བསྡབས་ཁ་ཤས་ཀྱི་བོད་དོན་དུ་ཕྱག་ལས་གནང་རྒྱུའི་གོ་སྐབས་ཕྱི་ལོག་དུ་ཡོད་པ་རེད། ཁྱོད་རང་བཙོན་ཁང་དུ་བསྡད་དེ་བཞག་ན་ནི། གཅིག་བྱས་ན་ནད་མནར་གྱིས་རྐྱེན་པར་གྲོངས་ཀྱང་སྲིད་ཀྱི་རེད། གྲོགག་པོ་ངས་ཁ་ལ་ཉོན་ཞེས་ཡང་དང་བསྐྱར་དུ་བཤད།
ཉིན་མ་དེ་རིང་བར་དུ་ང་རང་ཁྲིམས་ཁང་དུ་ཐེངས་གཉིས་ལ་ཁྲིད་ཡོད་པ་དང་ད་ལྟའང་ང་རང་ལ་ཁྲིམས་ཐག་ག་རེ་གཅོད་དགོས་མིན་གྱི་ཐག་གཅོད་བྱེད་ཐུབ་པའི་ཁྲིམས་དཔོན་གང་ཡང་སླེབས་མ་སོང་། ད་ལྟ་ནི་ཉིན་མ་ག་ཚོད་གཅིག་གི་དུས་བཀག་བྱས་ཡོད་མེད་ཀྱང་ངས་མ་ཤེས་པར་བསྡད་ཡོད། དུས་བཀག་སྔོན་མ་དེ་ནི་ཉིན་ལྔའི་རིང་དུ་རེད། ཁྲིམས་དཔོན་གྱིས་བཙོན་འཇུག་གི་ཉེས་ཆད་དམ་དངུལ་ཆད་གང་བཅད་རྗེས་སུ། གང་དུ་གཏོང་མིན་སྐོར་ནས་ཀྱང་ཐག་གཅོད་ཅིག་ཡོང་རབས་ཡོད་ཀྱང་། བལ་ཡུལ་འདི་བ་ཚང་གི་ལས་བྱེད་དག་གི་བྱེད་སྟངས་རིག་ནས་འོང་དུས། དྲང་བདེན་རྩ་བྲལ་དུ་སོང་བ་དང་དྲང་བདེན་མིག་ནང་དུ་མེད་པའི་སྤྱི་ཚོགས་ཤིག་ཆགས་ནས་ཡོད་དུས། དྲང་བདེན་གྱི་ཆེད་དུ་ལས་ཀ་བྱེད་མཁན་ཞིག་ག་རེ་བྱེད་དགོས་མིན་དང་དེ་ལ་རྒྱབ་སྐྱོར་བྱེད་མ་ཐུབ་ཀྱང་། བརྩི་བཀུར་བྱེད་དགོས་པའི་སྐོར་གྱི་གནས་ལུགས་ཙམ་ཤེས་མཁན་གྱི་མི་ཡང་བཀག་བསྐྱེལ་ཁང་དུ་ཡོད་པའི་མི་སྣ་འདི་དག་ལས་ཀྱང་བསམ་བློ་སྐྱོ་བ་འདུག་སྙམ་པའི་སྣང་ཚུལ་སྟེར་གྱི་འདུག
བཀག་བསྐྱེལ་ཁང་འདི་ནས་ཟ་འཐུང་རང་རང་གི་འགྲོ་སོང་གཏོང་དགོས་པ་དང་བཀག་བསྐྱེལ་ཁང་ནང་ལོག་ནས་རང་ཉིད་ལ་ཅ་དངོས་གང་ཞིག་ཡོད་ན་བེད་སྤྱོད་གཏོང་བར་དཀའ་ངལ་གཏན་ནས་མེད་པ་ལྟ་བུ་ཞིག་ཆགས་ནས་ཡོད་སྟབས། ཉིན་འགའི་རིང་དུ་ཨ་རི་བ་ཁོ་རང་འགྲོ་རེག་བར་དུ་ངས་བར་གསེང་རེ་ནས་ཁོ་རང་གི་གློག་ཀླད་བེད་སྤྱད་དེ་གསར་འགྱུར་ཁག་ཀློག་པ་དང་རང་ཉིད་ཀྱི་སྐོར་ལ་ཕྲན་བུ་དྲ་ངོས་སུ་སྐུར་བ་སོགས་བྱས་པ་ཡིན། ༢༨།༥།༡༢ཁ་སང་ཞོགས་པ་སྔ་བོ་ནས་ཁོ་རང་གིས་ཁྲིམས་རྩོད་པར་བལ་སྒོར་འབུམ་གསུམ་དང་ལག་ཁྱེར་གློག་ཀླད་རྙིང་བ་དེ་དང་། སྒང་གི་ལས་ཁུངས་དུ་དངུལ་ཆད་འབུམ་གསུམ་དང་སྟོང་ཕྲག་བཅུ་གཅིག་སྤྲད་རྗེས་སུ། ཁོ་རང་དུ་ནག་ཚོིང་སྒྱུར་གྱི་ནག་ཉེས་དང་ལོ་གཉིས་རིང་ལ་ཐོངས་ཆེན་གྱི་རིན་མ་སྤྲད་པའི་ཉེས་ཆད་བཅས་ཁུར་བ་དང་རང་གི་ཕ་ཡུལ་དུ་འགྲོ་ཆོག་པའི་བཀའ་གྲོལ་ཐོབ་པ་རེད།
ཁ་སང་ཞོགས་པ་ཨ་ཚེ་ཡིས་སླར་ཡང་ཟ་མ་བསྐྱེལ་དུ་འོང་ནས་ཕྱིར་སོང་ནས་ཅུང་མ་འགོར་བའི་རྗེས་སུ་དོན་ལྡན་གྱིས་རོགས་པ་གསུམ་ཁྲིད་དེ་ང་རང་གིས་བྲིས་ཟིན་པའི་ཞི་བའི་འཐབ་རྩོད་སྐོར་གྱི་མ་ཟིན་ཡི་གེ་བཏགས་པ་བཅས་ཁུར་ནས་ང་རང་ལ་ཐུག་འཕྲད་བྱེད་དུ་སླེབས་སོང་། ཁོང་ཚོས་སྐོམ་ཆུ་མི་ཉུང་བ་ཞིག་འཁུར་འདུག་པ་མ་ཟད། ང་རང་ལ་ཟ་འཐུང་བྱེད་ཆེད་དུ་བེད་སྤྱོད་གཏོང་རོགས་གནོང་ཟེར་ནས་བལ་སྒོར་བརྒྱད་སྟོང་ཞིག་མི་དགོས་ཟེར་ནས་བཤད་ཀྱང་། ཨུ་ཚུགས་ཀྱིས་ལྕགས་དྲའི་གཟེབ་ནས་ངའི་ལག་པར་གཏད་སོང་། ངས་ཁོང་ཅག་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་དང་ལམ་འཇུག་བྱས། ཁོང་ཚོ་འགྲོ་ཞོར་དུ་སླར་ཡང་བལྟ་རུ་ཡོང་ངེས་ཡིན་གསུངས་སོང་།
ཆུ་ཚོད་ཕྱེད་ཀའི་རྗེས་སུ་དོན་ལྡན་གྱིས་ང་རང་ལ་ཁ་པར་སླེབས་ནས་ཁྱེད་རང་ལ་ལག་ཁྱེར་གློག་ཀླད་ཅིག་གི་དགོས་འཁོ་ཆེན་པོ་རེད་འདུག དེས་ན་འདི་ནས་ངའི་ངོ་ཤེས་འདིས་ཁྱོད་རང་ལ་གསར་བ་ཞིག་ཉོ་ཡི་ཡིན་ཟེར་གྱི་འདུག ཉོས་ན་འགྲིག་གི་རེད་དམ་ཟེར་བས། ངས་དངོས་ནས་བཤད་ན་ད་ལྟའི་འཆར་ལག་ཁྱེར་གློག་ཀླད་ཅིག་ཡོད་ན་སྟབས་བདེ་བོ་འདུག རེད་དེ། གསར་བ་ཞིག་ཉོ་དགོས་དོན་མེད་ཀི རྙིང་བ་ཞིག་ཐབས་ཤེས་བཏང་ན་ཡག་པོ་འདུག་ཟེར་ནས་བཤད་དུས་སུ། ཁོས་དེ་སྐྱོན་ནི་མ་རེད། རོགས་པ་དེས་ཁྱོད་རང་ལ་གཅིག་ཉོས་དེ་འོང་གི་ཡིན་ཟེར་གྱི་འདུག མི་རིང་བར་ཁོ་རང་གིས་བསྐྱལ་ནས་འོང་གི་རེད། ཁྱོད་རང་ལ་བརྡ་རྟགས་འཐེབ་གཤོང་ཡོད་དམ་ཟེར། དེ་ཁ་སང་ཨ་རི་བ་ཁོ་རང་འགྲོ་ཁར་ང་ལ་བཞག་ནས་བུད་སོང་།
ཆུ་ཚོད་གཉིས་གསུམ་ཞིག་གི་རྗེས་སུ་འགུ་ལོག་བློ་གྲོས་ལགས་ཀྱིས་ཁོ་རང་གི་གྲོགས་པོ་གཉིས་དང་ལྷན་དུ་ང་རང་ལ་ཐུག་འཕྲད་བྱེད་དུ་སླར་ཡང་སླེབས་ནས་ང་རང་ལ་ལག་ཁྱེར་གློག་ཀླད་གསར་བ་གསར་རྐྱང་ཞིག་གནང་སོང་། ངས་ང་རང་འདི་ནས་འགྲོ་རེག་བར་དུ་བེད་སྤྱོད་བྱས་ནས་རྗེས་སུ་ཁྱོད་རང་ལ་ཕྱིར་འཕྲོད་ཐབས་བྱེད་ཆོག་ཞེས་བཤད་ཀྱང་། ཁོ་རང་གིས་དེ་ལྟར་མིན་ཚུལ་དེ་ནི་ང་རང་ལ་ཁོང་ཉིད་ཀྱི་སེམས་མཚོན་བྱེད་དུ་ཞལ་འདེབས་གནང་བ་ཡིན་ཟེར་ཞོར་ཁོང་གསུམ་བྲེལ་འཚུལ་དང་བཅས་ཕེབས་སོང་། བརྡ་འཕྲིན་གྱི་དུས་རབས་འདིའི་དགོས་འཁོ་ཡང་ཁོ་རང་ཚོས་ང་ལ་སྒྲུབ་སོང་།
གློག་ཀླད་ནང་དུ་བོད་ཡིག་མེད་སྟབས། ངས་ལག་ཁྱེར་གློག་ཀླད་ཁ་ཕྱེ་ནས་བལྟ་བཞིན་པའི་སྐབས་སུ་འདང་ནུབ་གསར་དུ་སླེབས་པའི་ཕར་བལྟས་ཚོད་ཀྱི་བོད་མི་ཞིག་ལོས་ཡིན་བསམ་པ་ཞིག་ཡོད་པའི་ཕོ་གསར་དེས་གློ་བར་དུ་བོད་སྐད་བཤད་སོང་། དེ་ཡང་ཁ་རོག་གེར་བཤད་ཀྱི་འདུག དེ་ནས་ཁོ་རང་གིས་ང་ལ་རོགས་རམ་བྱས་ནས་ངེད་གཉིས་ཀྱིས་བོད་ཡིག་ཡང་ཕབ་ལེན་བྱེད་ཐུབ་སོང་བ་མ་ཟད། དོན་ལྡན་ལའང་ཁ་པར་བརྒྱབས་སྟེ་བཀའ་དྲིན་ཆེ་ཞུས་པ་དང་མཉམ་དུ་ཁོ་རང་གི་ཕ་ཡུལ་གཅིག་པའི་བོད་མི་ཞིག་ཕྱི་རྒྱལ་དུ་བལ་ཡུལ་གྱི་མི་སེར་གྱི་མིང་ཐོག་ནས་རྒུ་རུ་སུ་ཟེར་སའི་རྒྱལ་ཁབ་ནས་བཟུང་བཙོན་ཟླ་ངོ་གཅིག་གི་རྗེས་སུ་ཕྱིར་ལོག་བྱས་པ་ཞིག་འབྱོར་བ་ཡོད་པ་དེོ་ཁ་པར་ཁྲོད་ནས་ཁོང་གཉིས་ལ་སྐད་ཆ་བཤད་དུ་བཅུགས།
ད་ལྟའི་བར་གྱི་ང་རང་གི་གནས་བབ་ངོ་མ་ནི་འདི་ལྟར་བསྡད་ཡོད་པའི་སྐོར་ང་རང་གིས་ཐད་ཀར་ལག་ཁྱེར་གློག་ཀླད་ནང་དུ་བཏགས་ནས་རིགས་ཀྱི་འདུ་ཤེས་ཟབ་མོའི་ཞི་བའི་འཐབ་རྩོད་ཀྱི་སྐད་འཁྱེར་བ་གླིང་ཚ་ཚེ་བརྟན་རྡོ་རྗེ་ངའི་ཆེད་དུ་སེམས་ཁྲལ་གནང་བའི་རིགས་ཀྱི་སྤུན་ཟླ་ཡོངས་ལ་ཉིན་མ་འདི་དག་གི་གནས་སྟངས་ངོས་ངོ་སྤྲོད་ཞུས་པ་དེ་ཙམ་ཡིན།
བལ་ཡུལ་ལག་ཁྱེར་ཞིབ་གཤེར་ལས་ཁུངས་ཀྱི་བཀག་བསྐྱེལ་ཁང་ནས་༢༩།༥།༡༢
ཞོགས་པ་སྔ་བོ་ཡར་བླངས་དེ་རོགས་པ་ཚོ་ཉལ་བཞིན་པའི་ཡོད་པའི་སྐབས་སུ་འགོ་བཙུགས་སྟེ་ཚང་མ་ཡར་བླངས་རེག་བར་དུ་བྲིས།
ལོ་རྒྱུས་ལེགས་པོ་བྲིས་སྣང་། བཀའ་དྲིན་ཆེ།
བདེན་པ་ལ་དགའ་ཞིང་བདེན་པ་ལ་དུང་བའི་མི་རྣམས་རྒྱལ་གྱུར་ཅིག
ཞི་བའི་འཐབ་རྩོད་པ་གྲགས་ཅན་གླིང་ཚ་ཚེ་བསྟན་རྡོར་རྗེ་ལགས།ངོ་མ་ཁྱོད་ཀྱི་ཟིན་བྲིས་དེ་བལྟས་རྗེས་ངོ་མ་མིག་ཆུ་ཞིག་ཡང་ཤོར་ལ་བྱས་སོང་ཡིན་ཡང་བསམ་ཞིག་བྱས་སྐབས་མིག་ཆུ་གཏོང་བ་ནི་བུ་མོའི་ལས་ལོ་ཡིན་པ་སྣང།སྤྱེར་གཏང་བདག་ལ་མཚོན་བོད་མི་རིགས་འདིའི་ཆད་ཆེན་འཇོན་གང་ཡང་མེད་ཡང་།ཁྱོད་ཀྱི་མི་ཚེ་ལ་ཡིད་རང་ཡོད་ལ་ཁྱོད་ཀྱི་སྙིང་ཉེ་བའི་སྲིང་ཆུང་ལོ་མང་མཉམ་དུ་གཤེབས་པའི་སློབ་གྲོགས་ཡིན་པས་ང་ཉིན་ཞིག་ཀྱོད་ཐུག་བར་ཡང་ངེས་ཡིན།གང་མིང་པས་བལ་ཡུལ་མཆོད་རྟེན་ཕགས་པ་གཤེན་སྐུའི་ཉེ་འདབས་ནས་
ཡ་ཡ།་ཐུགས་རྗེ་ཆེ། ང་ཚོ་འི་བསམ་དོན་འགྲུབ་སྨོན། ཁ་བྲོ་བཀྲ་ཤིས།
ཉིན་ཁ་ཤས་རིང་ཁྱེད་ཀྱི་གནས་གནས་ཚུལ་གསལ་པོ་ཞིག་གོ་མ་སོང་། དེ་རིང་ཡག་པོ་བྲིས་གནང་འདུག་བཀའ་དྲིན་བླ་ན་མེད་པ་ཆེ་ཞུ་རྒྱུ་ཡིན། ངའི་སྙིང་ནས་དྲན་བཞིན་པའི་བུ་རྒོད་ཚེ་བརྟན་རྡོ་རྗེ་ལགས། བྱ་བ་ལམ་འགྲོ་ཡོང་བར་སྨོན་ནོ།
ཁྱོད་ཀྱིས་རང་དོན་ཁུར་པོ་རྒྱབ་ཏུ་བསྐྱུར།
བོད་མི་ས་ཡ་དྲུག་གི་རྩ་དོན་དུ།
ངལ་བར་མི་འཛེམ་གོམ་བགྲོད་ཕེབས་པ་དེ།
ཕོ་རབས་གཅིག་གི་བྱས་རྗེས་ངོ་མར་བརྩི།
ཡག་བྱུང་གནས་ཚུལ་བཏང་པར་ཐུགས་རྗེ་ཆེའོ།
ལོས་ཡོད་་་་་་་
་ཁྱེད་ཀྱི་ཆེད་དུ་སེམས་ཁྲལ་གནང་བཞིན་པའི་ང་དང་།
ད་དུང་བོད་མི་ཡོད་དོ་ཅོག
བདེན་པའི་གོམ་བགྲོད་པ་ཞིག་གི་གནས་བབས་ཡག་པོ་བྲིས་འདུག །དཀའ་སྡུག་མིག་གིས་མ་རིག་པའི་མི་མང་པོ་ཞིག་ལ་འདི་ལྟར་ཞིབ་ཚགས་པོ་བྲིས་ན་ཕན་ཐོགས་འབྱུང་ངེས་རེད། །ཉམས་མྱོང་རེད། མངོན་ལྐོག་མེད་པའི་རྣམ་འགྱུར་དང་སྐད་ཆ་དྲང་བོར་ཤོད་ཐུབ་པ་དཔའ་རྒོད་ཁྱོད་ཀྱི་ལམ་སྣ་བདེ་བར་ཤོག །བསྔགས་བརྗོད་ཞུ།
ཐུགས་རྗེ་ཆེ།
བུ་རྒོད་པོ་ཐུགས་རྗེ་ཆེ།ངའི་མིག་ཆུ་ཞིག་མི་གཏོང་ཀ་མེད་བྱུང་།ཁྱེད་ཀྱི་རྩོམ་ཡིག་འདི་ཀློག་རྗེས།ཁྱེད་ཀྱི་གང་འདོད་པ་གྲུབ་པའི་སྨོན་འདུན་ཞུ།བོད་རྒྱལ་ལོ།
རིགས་ཀྱི་བུ། འདི་ལྟར་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་ཆེད་དུ་དཀའ་ངལ་ཁྱད་དུ་བསད་པར་མངོན་པར་བསྟོད་དོ།
གནས་ཚུལ་གོ་ནས་དགའ་ནས་ཡོད། ཐུགས་གཟབ་གནང་རོགས།
ཁྱེད་ཀྱི་ལག་དངུལ་གཏན་ནས་འཁྱེར་བ་རེད་དམ། ཡང་ལམ་དུ་འཕྲོག་བཅོམ་བྱས་པ་རེད། དངུལ་གྱི་དཀའ་ངལ་ཡང་ཕྲད་འདུག་ག
དཀའ་ལས་ཁག་སོང་། དཀའ་སྡུག་ཡུན་རིང་དུ་མི་མྱོང་བར་སྨོན།
ཧང་སང་གི་ཡོད་ཁྱེད་ཀྱི་སྙིང་སྟོབས་ལ། བསམ་དོན་བཞིན་འགྲུབ་པར་ཤོག བོད་རྒྵལ་ལོ།
ཞི་བའི་གོམ་བགྲོད་ཞི་བདེའི་ཆེད་དུ་བཞུད།
བདེན་པའི་འཐབ་རྩོད་བདེན་མཐའ་གསལ་བའི་ཆེད།
དོན་ཚན་ལྔ་བོ་དོན་ཐོག་མ་བབས་བར།
སེམས་ཀྱི་སྐྱེལ་མ་སེམས་ནས་བྱེད་བཞིན་ཡོད།
རྒྱལ་གཅེས་དཔལ་བོ་ཞི་བའི་བདེན་པའི་གོམ་བགྲོད་པ་ཁྱེད་ཉིད་ཀྱི་གནས་ཚུལ་གོ་བར་ཧ་ཅང་དགའ་པོ་བྱུང་། ལག་བཟུང་ཐལ་མོ་སྤྱར་ནས་ཐུགས་རྗེ་ཆེ་ཞུ།
དྲང་བདེན་གྱིས་འཚོ་བའི་གངས་རིའི་ཕོ་རྒོད་ལགས། ཁྱེད་ནི་དུས་རབས་གསར་པའི་བོད་གངས་ཅན་གྱི་ཅོང་བརྡ་ཞིག་དང་འདྲ་བར་བྱང་ཆུབ་སེམས་དཔའི་སྤྱོད་པར་འཇུག་པ་ནི་ངོ་མཚར་ཆེ། ང་ཚོའི་རེ་བའི་མིག་ཟུང་ཁྱེད་ལ་གཏད་ཅིང་། ལས་འགུལ་གྱི་ཁ་ཕྱོགས་ཀྱང་ཁྱོད་ལ་ཕྱོགས་ཡོད།
ཕྲན་ནི་བོད་ཡིག་ཀློག་ཤིས་ཙམ་གྱི་མི་ཞིག་ཡིན་ན་སེམས་ནང་དུ་མེ་འབར་ཡང་སུ་གང་གི་ངའི་ཁ་ནས་བོད་ཡིག་གི་དུ་བ་མཐོང་མེད་་་་་་དེ་རིང་དཔའ་བོ་ཚེ་བརྟན་གྱི་ཞི་བའི་འབོད་སྒྲས་ངའི་སེམས་ལ་རང་དབངས་མེད་པ་བོད་ཡིག་འབྲི་འཇུག་སོང་་་་་སངས་རྒྱས་ཀྱི་མཛད་པ་ལས་ཡུམ་གྱི་བཀའ་དྲིན་དྲེན་པ་ཞེས་ཡོད་པ་གོ་སོང་བས་་་་་དཔའ་བོ་ཁྱེད་ནས་ཀྱང་རང་གི་ཡུམ་ལ་བསམས་ནས་གཅེས་པའི་ལུས་སྲོགས་ཡངས་རྫོགས་མི་གཏོང་བར་ཐབས་ལམ་གཞན་ཞིག་ནས་བདེན་པའི་འཐབས་བཙོད་ཀྱི་ཆར་ཕབས་པ་གནོང་བསྐྱོངས་ཡོང་བ་ཞུ་ཞུ་་་་་་་་་་་་་་བདེན་པ་རྒྱལ་གྱུར་ཅིག་
གླིང་ཚ་བུ་རྒོད་ལགས་ཁྱེད་ཀྱི་སྙིང་སྟོབས་ལ་ཡིད་རང་ཡོད་བལ་པོ་ཉེས་རྟོག་པས་གསུངས་པ་བཞིན་གདམ་ཀ་གཉིས་ལས་རྒྱ་གར་ཕྱིར་ཕེབས་པར་དགའ་བསུ་ཡོད་མུ་མཐུད་བོད་ཕྱོགས་སུ་ཕེབས་པ་ཡིན་ན་ཀླ་ཀློས་གསང་བའི་ཐོག་ཁྱེད་ཀྱི་རེ་བ་འགོག་ངེས་བསམ་ཚུལ་ཙམ་ཡིན་ བདེན་པ་རྒྱལ་གྱུར་ཅིག
ཁང་མུག་ཅེས་པ་ཁང་མིག་གསུངས་པ་རེད་ད།
གླིང་ཚ་བུ་རྒོད་ཁྱེད་ཀྱིས་དྲ་རྒྱའི་ཐོག་ཉིན་ཐོ་གསལ་འབྲི་གནང་བར་ཐུགས་རྗེ་ཆེ། ངས་ཆ་ཚང་བཀླགས་པ་ཡིན། དངོས་གནས་སེམས་འགུལ་ཐེབས་བྱུང་། སེམས་པ་ཡང་སྐྱོ་ལྷང་ངེར་མིག་ཟུང་མཆི་མས་ཁེངས་སོང་། གང་ལྟར་ཁྱེད་ཀྱི་སྙིང་སྟོབས་དང་ཐག་གཅོད་ལ་རྗེས་སུ་ཡི་རངས་ཆེན་པོ་ཞུ་བཞིན་ཡོད།
བོད་ནང་དུའང་མི་ལྕེ་གཅིག་རྗེས་གཉིས་མཐུད་འབར་བཞིན་འདུག དེ་ལྟར་ཁྱེད་རྣམ་པའི་ལས་འགུལ་དེས་ང་ཚོའི་སེམས་ནང་ཚ་ཤར་འཁྱུག་བཞིན་འདུག ང་ཚོ་ཚང་མ་མཉམ་དུ་ཡོད། ཁྱེད་དང་མཉམ་དུ་ཡོད། ནམ་ཡང་མཉམ་དུ་ཡོད།
ཨོ་་་ད་ཁྱོད་ཁ་དྲོ་་་་་ད་བར་དུ་ཁྱོད་ཀྱི་གནས་ཚུལ་ཞིག་འེ་གོ་འདོད་ནས་དྲ་ངོས་གང་སར་བཙལ་ཡིན་་་་་ད་བར་དུ་གསལ་པོ་ཞིག་རེག་མ་ཐུབ་་་དུས་བབས་དང་ཕ་ཡུལ་སོགས་བོད་ཀྱི་དྲ་ཚིགས་དེ་དག་གིས་ཁྱོད་རྒྱ་གར་མཐའ་འཚམ་ཕར་བརྒལ་ཚར་ན་དྲ་ངོས་ནས་བོར་ཚར་བ་ཡིན་ས་རེད་་་་་ངོ་མ་སྡུག་ཐུག་ནི་ཞིག་རེད་་་་ཁྱོད་ཀྱིས་ཡོད་ཚད་བོད་མི་རིགས་ཀྱི་ཆེད་དུ་་བློས་གཏོང་བྱས་ནས་དཀའ་སྡུག་་ཁེགས་ཁུར་བྱས་ན་དེ་ཚོས྄ཁྱོད་ཀྱི་སྐོར་ནས་་གསར་འགྱུར་ཞིག་གམ་གནས་ཚུལ་ཞིག་ཀྱང་སྡུད་མི་ཐུབ་ནོ་་ངོ་མ་སེམས་ཕམ་ནི་ཟིག་རེད།
ད་བུ་རྒོད་པོ་ཤི་རེས་བྱོས་ང་ལྟ་བུའི་ཕན་ཞིག་མི་ཐོག་ནོ་མ་གཏོག་གལ་ཏེ་ངས་ཕྱོགས་ནས་ཕན་ཐོག་རེ་དང་དགོས་མཁོ་རེ་ཡོད་ན་བཤད་རྐྱང་བྱོས་དང་ཐུབ་ཚོད་ཀྱིས་ཤི་རེས་བྱེད་ཁོ་ཐག་ཡིན་་་་ཡ་ད་དུ་བྱོས་་་་་རྗེས་ཕྱོགས་ཀྱི་གནས་ཚུལ་ལ་སྒུག་ནས་འདུག་་་་
བལ་བོ་བཞུགས་པའི་བོད་མི་དེ་དག་གླིང་ཚ་ལ་རྒྱབ་སྐྱོར་བྱེད་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ
གླིང་ཚ་བ་སྙིང་ནས་གུས་པ་དང་རྗེས་སུ་ཡུན་རིང་ཡོད། སེམས་ཚོར་དང་མྱོང་བ་འདི་ལྟར་ཡིག་ཐོག་ཏུ་ཕབ་པ་རིན་ཐང་རྙེད་པར་དཀའ་བ་ཞིག་འདུག ཉིན་འགས་སྔོན་ནས་གནས་ཚུལ་གཅིག་ར་མ་གོ་བའི་བློ་ཅུང་བདེ་བོ་མ་བྱུང་། ད་རང་ངོས་ནས་འདི་ལྟར་གསལ་ཐག་ཆོད་པའི་འཕྲིན་པ་ཞིབ་ཚག་ཅན་ཞིག་དངོས་སུ་འཇོག་ཐུབ་པ་བྱུང་བ་འདི་ང་དང་ང་འདྲ་བའི་བོད་མི་མི་ཉུང་བ་ཞིག་ལ་ཕན་ཐོག་དང་བློ་བདེ་བྱུང་སོང་། མཐའ་དོན་རང་ངོས་ནས་དཀའ་སྡུག་གི་འབྲས་བུ་ལ་ལེགས་སྐྱེས་རྒྱ་མི་ཆུང་བ་ཞིག་ལེན་རྒྱུ། ཐོག་མའི་ཆ་གཞི་དང་མཐའ་མའི་རེ་འདུན་ཀྱང་ཡིན་རྒྱུ་རེད། དེས་ཕྱིར་གོང་དུ་གཉེན་རྟོག་མི་སྣའི་མགོ་ཁྲིད་དེའི་བཤད་པ་ལྟར་རང་ངོས་ནས་ལམ་ཁ་གང་འདེམས་མ་ནོར་བ་བྱེད་དགོས། འོ་ད་དུང་ཁོམ་པ་རེ་དང་་གོ་སྐབས་རེ་ཡོད་ན་གནས་ཚུལ་མུ་འཐུད་ནས་བཀོད་རྒྱུ་མ་བརྗེད། འཕྲོད་སྟེན་ལ་གང་གཟབ་བྱེད་རོགས་གནོངས། ད་བདེ་མོ་གནས་སྐལ། རྗེས་སུ་ལྷ་ལྡན་ཞིང་ནས་དངོས་མཇལ་ཐུབ་པའི་སྨོན་འདུག་དང་གང་བསམ་ལྷུན་གྱི་འགྲུབ་བའི་བཀྲ་ཤིས་ཤོག
ང་ནི་དོགས་འདྲི་བྱེད་པར་དགའ་ཞིང་་ཡོད་ཚད་ལ་དོགས་སྣང་གིས་ལྟ་མཁན་ཞིག་ཡིན་མོད། ཁྱེད་ཀྱིས་ལྷག་སེམས་དང་སྤོབས་པས་ང་ལ་སྣང་བ་གསར་བ་སྦྱིན་བྱུང་། ཐུགས་རྗེ་ཆེ།
ཡག་པོ་བྲིས་འདུག །ཡིན་ན་ཡང་རྒྱ་ནག་གི་རྒྱལ་དར་འཁྱེར་བ་ལ་ངོས་ལེན་མེད།
ཕོ་རྒོད་ལགས་ཐུགས་རྗེ་ཆེ་་ནམ་ཡང་ཁྱེད་རང་ལ་རྒྱབ་སྐྱོར་ཞུ་འོས།
དཔའ་རྒོད་ལགས། ཁྱོད་ཀྱི་བསམ་པ་རྒྱ་ཆེ་བའི་སྙིང་སྟོབས་འདིས། སེམས་རྒྱ་ཆུང་ཞིང་སྙིང་སྟོབས་མེད་པའི་ང་འདྲ་བའི་རིགས་ཀྱི་སེམས་པ་སྐྱོ་རུ་བཅུག་སོང་། སྙིང་ནས་བཀའ་དྲིན་ཆེ་ཞུ།
དར་ལུང་རྣ་བའི་ཁྱེད་ཕྱོགས་ལ་ཉན་བསྡད་ཡོད། ཁྲ་ཆུང་མིག་གིས་ཁྱེད་ཕྱོགས་ལ་ལྟོས་བསྡད་ཡོད། སེམས་པ་འདི་ཁྱེད་དང་མཉམ་དུ་ཡོད། མུ་མཐུད་མདུན་དུ་སྐྱོད་རོགས།
ཁྱེད་ལ་མིག་ཤེལ་ནག་པོ་ཕྱི་ལོགས་མི་མཐོང་བ་ཞིག་གོན་བཅུག་ནས་སྐད་ཆ་འདྲི་མཁན་ཚོའི་ནང་ན་རྒྱ་མིའི་ཉེན་རྟོག་པ་ཡོད་སྲིད། གཅིག་བྱས་ན་ཁྱེད་ཀྱིས་མིག་ཤེལ་ནག་པོ་དེའི་འོག་ནས་རྒྱ་མི་རེ་གཉིས་ལ་ཁྱེད་ཀྱི་ཞི་བའི་འཐབ་རྩོད་སོགས་གསལ་བཤད་བྱས་ཡོད་སྲིད།
མ་གཞི་ཁྱེད་ལ་ཤ་ཚ་བྱེད་ས་མི་འགྲོ་བའི་མི་ཨུ་ཚུགས་ཅན་དང་དྲང་པོ་ཞིག་ཀྱང་རེད། སྔོན་མ་ནས་ཁྱེད་ལ་ཞལ་འདེབས་སོགས་དངུལ་གྲངས་དྲ་ཐོག་ཏུ་གཅིག་གཅིག་གཉིས་གཉིས་བྱས་ནས་མ་འབྲི་ལབ་པ་ཡིན། གཅིག་ནས་ཇག་རྐུན་སྣ་འདྲེན་བྱེད་སྲིད་པ་དང་། གཉིས་ནས་ལས་སྣང་མ་དག་པའི་བོད་མི་ཁྲེལ་མེད་འགའ་རེས་འཚང་རྣམ་པ་སྣ་ཚོགས་འབྲུ་སྲིད་པ་རེད། ཁྱེད་རང་ལ་དཔལ་འབྱོར་སོགས་ཕྱོགས་གང་ཐད་་ནས་རྒྱབ་སྐྱོར་བྱེད་མཁན་ཡོད་པས་དཀའ་ངལ་མེད་ལུགས། དཔའ་བརྟན་རུ་སོང་བའི་གནས་ཚུལ་བསྡུས་པ་ཙམ་ལས་འབྲི་དགོས་དོན་ཡོད་པ་མ་རེད།
རྒྱ་དམར་གྱི་དར་དམར་རང་ངོས་ནས་ཁྱེར་བ་ཡིན་ན་འགྲིག་འདུག ང་ཚོས་འདྲ་མཉམ་རྩོད་་ཀྱི་ཡོད་པ་རེད། བྱས་ཙང་སྐད་ཡིག་འདྲ་མཉམ། མི་རིགས་འདྲ་མཉམ། རྒྱལ་དར་འདྲམཉམ། ཐོབ་ཐང་འདྲ་མཉམ་དགོས་བཤད་ཀྱི་ཡོད་པ་རེད། བྱས་ཙང་ཕྱོགས་གཉིས་ཀ་མེད་ན་འདྲ་མཉམ་ཡོང་ཐབས་ཡོད་པ་མ་རེད།
གཉིས་ནས་ཁྱེད་རང་གིས་དམིས་ཡུལ་རྒྱ་དང་སྐད་ཆ་བཤད་ཐུབ་རྒྱུའི་འདོད་པ་ཡོད་རེད། དམིགས་ཡུལ་འདི་བསྒྲུབ་པ་ལ་རྒྱ་དར་ལ་ཆེ་མཐོང་མི་སྤྲོད་རང་སྤྲོད་རེད། ཁྱེད་ཀྱིས་དར་དམར་དེ་ཁྱེད་རང་གི་རྒྱལ་ཁབ་ཀྱི་རྒྱལ་དར་ཡིན་ལབ་ཀི་ཡོད་པ་མ་རེད།
གླིང་ཚ་ཕོ་རྒོད་ཁྱོད་ཀྱི་གནས་ཚུལ་གོ་ཐོས་བྱུང་བས་དགའ་སྤྲོད་ཚད་མེད་བྱུང་།
བཀའ་དྲིན་ཆེ། ཆེས་ཤིན་ཏུ་གལ་ཆེ་བའི་འཐབ་རྩོད་ཀྱི་ལོ་རྒྱུ་རིང་མོ་འདི་འདྲ་གཅིག་མ་ཆད་པ་གཉིས་མ་ལུས་པ་བྱས་ཡིག་ཐོག་ཏུ་འགོད་ཐུབ་ན་བཟང་།
འཕྲོད་བཞེས་ལ་གཟབ་དགོས།
གོང་དུ་སྟག་སྨྱོན་ལགས་ནས་བསམ་ཚུལ་ཡག་པོ་ཞིག་གསུང་གནང་འདུག དེ་ནི་བསྟོད་བསྔགས་ཙམ་མ་ཡིན་པར་གང་ཞིག་ལ་གཟབ་གཟབ་གནང་དགོས་པ་དང་། ནམ་ཡིན་ཡང་སྐད་ཆ་ཞིག་བཤད་ས་ལ་སྤྱང་གྲུང་གཉིས་ལྡན་གྱིས་གསུང་དགོས་པ་བསྟན་ཡོད། རྒྱུ་མཚན་ནི་ཆབ་སྲིད་ཀྱི་ལས་འགུལ་ཡིན་པས་སོ། འདི་ལྟ་བུའི་བསམ་ཚུལ་རེད་གསུང་ན་ལས་འགུལ་སྤེལ་མཁན་ཁོང་ལའང་ཕན་ངེས་ཡིན། དེ་མ་གཏོགས་བསྟོད་བསྔགས་གཅིག་པོས་ཁྱེད་རང་གི་སེམས་ཤུགས་ཙམ་ལས་ཅི་ཕན། གང་ལྟར་ཁོང་གི་ཆོད་སེམས་དང་བློས་གཏོངས་ལ་རྗེས་སུ་ཡི་རང་ཡོད།
དངོས་ནས་དྲང་གནས་ལུས་ངག་ཡིད་གསུམ་གཡོ་འགུལ་ཐེབས་ཀྱིན་འདུག ཞི་བའི་འཐབ་རྩོད་པ་ཁྱེད་ལྟ་བུ་ཁ་ཤས་ཡོད་ན་ཅི་མ་རུང་།
གཉིས་ནས་ལས་སྣང་མ་དག་པའི་བོད་མི་ཁྲེལ་མེད་འགའ་རེས་འཚང་རྣམ་པ་སྣ་ཚོགས་འབྲུ་སྲིད་པ་རེད། སྟག་སྨྱོན་གྱིས་གཟས་ས་དེ་ཕལ་ཆེར་གོང་དུ་ངས་༼ཁྱེད་ཀྱི་ལག་དངུལ་གཏན་ནས་འཁྱེར་བ་རེད་དམ། ཡང་ལམ་དུ་འཕྲོག་བཅོམ་བྱས་པ་རེད། དངུལ་གྱི་དཀའ་ངལ་ཡང་ཕྲད་འདུག་ག༽ཞེས་པ་ཡིན་སྣང་འཆར་སོང་།
སྒོར་མོ་སྟོང་ཕྲག་བཅུ་ཡས་མས་ཤིག་རང་དང་མཉམ་དུ་མེད་ན་ལམ་བར་དུ་ཟ་བཏུང་ལའང་དཀའ་ངལ་ཕྲད་གི་རེད་པ། དངུལ་གཏན་ནས་མེད་པར་ལག་སྟོང་དུ་ཕེབས་པའི་ཉེར་ལེན་ལས་འཛིན་བཟུང་བྱས་པའི་སྔ་ནུབ་ཏུ་དཀའ་ངལ་འཕར་མ་ཞིག་ཕྲད་འདུག་ག དེའི་ཕྱིར་གོང་གི་དོགས་འདྲི་དེ་བཀོད་པ་ཡིན།
དཔའ་བོ་ཁོང་ལ་འཚང་འབྲུ་བའི་ནུས་པ་ང་ལ་ནི་མེད་དོ།།
བོད་རྒྱལ་ལོ།།
སྙིང་ནས་གུས་འདུད་ཞུ་རྒྱུ་ལས་གཞན་གང་ཡང་མི་འཇོན་པའི་མི་ང་ལྟ་བུས་སྐད་ཆ་མང་པོ་བཤད་རྒྱུའི་སྤོབས་པ་མི་འདུག
ཁྱེད་ཀྱི་དངོས་གནས་སྡུག་རུས་གནང་བྱུང་། དབུ་མའི་ལས་འགུལ་ཁང་གི་བལ་སྒོར་གྱི་རྒྱབ་བསྐྱོར་གནང་བའི་དུས་ལ་བབ་འདུག། དབུ་ལས་ཁང་གི་ཉམས་ཆུང་ཁྱེད་ལ་བལ་སྒོར་གྱི་རོགས་མེད་ན་ད་བཟོད་རྒྱ་མི་རྒྱ་དར་བལ་དམག་གི་འཕྲོག་སོང་པས་ལན་པ་རེད།
ཁ་བ་རི་བ་སང་གི་ཆེད་ལ།།
ཁ་བའི་ཡུལ་ལ་གོམ་ཁ་བསྒྱུར་དུས།།
ཁ་དང་ཁོག་ནས་སྐོག་གཡོ་གཤམ་ནོ།།
ཁ་མ་མེད་པའི་མི་ངན་འགའ་རེད།།
ཁ་བཤད་ལག་ལ་འཁེལ་བའི་བུ་རྒོད།།
ཁ་ཕྱོགས་རྩ་དོན་རྒྱུན་ཁྱོངས་བྱས་ར།།
ཁ་ནས་བོད་འདི་ཟེར་མཁན་མང་ཡང་།།
ཁ་སང་དེ་རིང་ཁྱེད་འདྲ་དཀོན་གི།
སང་་་་ཚང་ལ་བཅོས
ཁ་བ་རི་བ་ཚང་གི་ཆེད་ལ།།
འདི་འདྲའི་སྙིང་སྟོབས་ཞིག་།
འདི་འདྲའི་ཆོད་སེམས་ཞིག
མི་རིག་གི་ལ་རྒྱ་དེ་་་ནི་ཁྱོད་གྱི་བདེན་པའི་རྒྱབ་ལྗོངས་ཞིག
ཁྱེད་ཀྱིས་གཅར་རྡུང་དང་ཚ་འདྲི་ཅི་ཡང་མ་བརྒྱུད་པར་ཁྱེད་ཀྱི་ངོ་དེབ་དང་གློག་འཕྲིན་གྱི་ཁ་བྱང་གསང་ཨང་སོགས་སྤྲད་པ་འདིས་ཁྱེད་ཀྱིས་ཁྱེད་ཀྱི་གྲོགས་པོ་ཚོ་ཡང་ཉེན་ཁའི་ནང་བཅུག་པ་རེད། ཁྱེད་ཀྱིས་རང་གི་གསང་བ་ཡོད་ཚད་བལ་བོའི་ཉེན་རྟོག་པ་ཚོར་འབད་མེད་ལྷུན་གྲུབ་ཏུ་སྤྲོད་དགོས་དོན་ག་རེ་འདུག འདི་ལ་ང་མགོ་རྨོངས་སོང་།
སྐབས་འདིར་ངས་ལོ་རབས་སུམ་ཅུ་བའི་ནང་གི་རྒྱ་ནག་གི་དཔའ་མོ་ལིས་ཧུའུ་ལན་ཟེར་བ་དེ་དྲན་སོང་། མོས་རང་གི་ལག་རོགས་ཚོ་དམར་ཕྱོགས་པ་ཚོ་འཆི་བ་སྲོག་ལ་ཐུག་ཀྱང་ཅང་ཅེ་ཧྲིའི་ཕྱོགས་གཏོགས་པར་མ་སྤྲད་པས། མཐའ་མར་མོའི་སྐེ་གཏུབས་པ་རེད། དེ་དུས་མོ་རང་ལོ་བཅུ་གསུམ་ཡིན་བསམས་སོང་།
གོང་དུ་ཁྱེད་ཀྱི་་དར་དམར་ཁྱེར་བར་མི་ཉུང་བ་ཞིག་གིས་མི་འགྲིག་ཚུལ་མང་ཙམ་བརྗོད་ཡང་བློ་ཕམ་མི་རུང་། གང་ཡིན་ཞུ་ན ཁོང་ཚོའི་ལྟ་ཕྱོགས་ཐོད་ནས་ལ་རྒྱ་ཞིག་མཚོན་པ་ཡིན་དུས་དེ་ལ་དགག་བཞག་གནོངས་དགོས་ཡ་མི་འདུག གུས་པའི་ངེས་ནས་དར་དམར་ཁྱེར་བ་ལ་ཞུ་ཡ་གང་ཡང་མེད མ་འདྲ་བའི་ཐོག་ནས་འཐབ་རྩོད་ཞིག་ཏུ་ངེས་འཛིན་བྱེད་གིན་ཡོད།
བལ་བོའི་ཉེན་རྟོག་པ་ཚོར་ཁྱེད་ཀྱི་གློག་འཕྲིན་དང་ངོ་དེབ་ཀྱི་ཁ་བྱང་དང་གསང་ཨང་འདྲི་བའི་ཐོབ་ཐང་མེད་ལ་ཁྱེད་ཀྱིས་དེ་ཚོར་སྒེར་གྱི་གསང་བ་ཆེན་པོར་གྲགས་པ་དེ་ཚོ་སྤྲད་པ་འདིས་ང་རང་ཧང་སངས་པར་བྱས་སོང་། བདེན་པའི་ལས་འགུལ་སྤེལ་དུས་མི་སྒེར་གྱི་གསང་བ་ཉར་བའི་ཐོབ་ཐང་འདི་མི་ཚང་མར་ཡོད་པ་ཞིག་རེད། གལ་སྲིད་བལ་བོའི་ཉེན་རྟོག་པ་ཚོས་ཁྱོད་ཀྱིས་གློག་འཕྲིན་དང་ངོ་དེབ་ཀྱི་གསང་ཨང་སྤྲད་ན་ཁྱོད་རང་བལ་བོ་དང་བོད་ཀྱི་ས་མཚམས་སུ་འགྲོ་གི་འཇུག་རྒྱུའི་ཆ་རྐྱེན་ལྟ་བུ་བཏོན་པ་ཡིན་ན་ཁྱོད་ཀྱིས་ཀྱང་ཆབ་སྲིད་ཀྱི་ཚོང་སྐྱིད་པོ་ཞིག་རྒྱག་སྲིད་ཀྱང་། དེ་འདྲའི་ཆ་རྐྱེན་ཅི་ཡང་མེད་པར་རང་གི་གསང་བ་དང་གྲོགས་པོའི་བར་གྱི་གསང་བ་དེ་དག་བལ་བོའི་ཉེན་རྟོག་པར་རྩིས་སྤྲོད་བྱས་པ་འདིར་འགྲེལ་བཤད་ཅིག་འབྲི་རོགས་ཞུ་གི་ཡོད།
བལ་བོ་ཚང་ལ་བཙོན་ཁང་སྐྱིད་པོ་དེ་འདྲ་ཡོད་པ་ཐོས། བཙན་པ་རེ་འགས་བཙོན་ཁང་ནང་དུ་ཐང་ཁྲོམ་བསྟན་པ་དང་། རེ་འགས་ཟ་ཁང་ཙག་ཙིག་རེ་ཡང་ཉར་ཡོད་པ་རེད་ཟེར། གང་ལྟར། གླིང་གི་ཚ་བོ་ཚེ་རྡོར་ལ་བལྟས་ཀྱང་དྲ་རྒྱའི་ཆ་རྐྱེན་འཛོམས་སྟངས་ལ་བལྟས་ན་བཙོན་ཁང་ཀུ་ཡངས་ཅན་ཞིག་ཡིན་པ་རྟོགས་སོང་། གླིང་ཚ་ལགས། དགོས་འདུན་དོན་ཚན་ལྔའི་གནད་དོན་ལས་འཛོལ་བ་མི་བྱེད་རྒྱུ་རེ་བ་ཡིན་ལ། བལ་བོ་ཚང་ལ་ཁྱེད་ཀྱི་ངོ་དེབ་དང་དྲ་གནས་ཀྱི་ཁ་བྱང་སོགས་རྩིས་སྤྲོད་བྱས་པ་ཡ་མཚན་རེད། གང་ཡིན་ཟེར་ན། བཙོན་ཁང་དང་བཙོན་སྲུང་བ་ཚོ་སྲོག་ལ་རྔམ་པའམ་ཧ་ཅང་འཇིགས་སྐྲག་ཅན་ཞིག་མིན་པ་རྟོགས་ཐུབ་པས་སོ།
རྒྱ་ནག་པ་ཡུ་ཅེའི་རྩོམ་ཡིག་ཅིག་ཏུ།
གསང་བའི་ཉེན་རྟོག་པས་ཐ་ན་ང་ལ་འཇིགས་སྐུལ་ནས་བཤད་པ་ནི། ཁོ་ཚོའི་ལག་ཏུ་གུང་ཁྲན་ཏང་ལ་རྒོལ་བའི་ཤེས་ཡོན་པ་ཉིས་བརྒྱའི་མིང་ཐོ་ཡོད་པ་དང་། མི་དེ་ཚོ་འཛིན་ བཟུང་དང་གསོན་པོར་ས་འོག་ཏུ་འཇུག་རྒྱུར་ནམ་ཡང་གྲ་སྒྲིག་ཡོད་ཟེར།
ཚིག་འདི་དག་གིས་ཁྱེད་ཀྱིས་ག་རེ་བྱས་ནས་རང་གི་གློག་འཕྲིན་དང་ངོ་དེབ་ཀྱི་གསང་ཨང་བལ་བོ་དང་རྒྱ་ནག་གི་གསང་བའི་ཉེན་རྟོག་པ་གང་ཡིན་ཡང་ངོ་རྟགས་གསལ་བོ་མ་ཆོད་པའི་མི་དེ་ཚོར་སྤྲད་པ་ཡིན་ནམ་ཞེས་ཡང་དང་སྐྱར་དུ་མི་འདྲི་ཐབས་མེད་དུ་གྱུར་སོང་། ག་རེ་བྱས་ནས། ག་རེ་བྱས་ནས། དྲི་བ་འདི་ངས་འཇམ་དབྱངས་སྐྱིད་ལ་དྲིས་མེད། རྒྱུ་མཚན་ནི་ཁོ་མོས་བཙོན་ཁང་ནང་གི་སྡུག་སྦྱོང་བཟོད་མ་ཐུབ་པས་སོ།།
ད་ཡིན་ན་ཡག་པ་ཞིག་ཚོར་མ་ཐལ།
ལས་འགུལ་ལ་མུ་ལ་མཐུད་དུ་འཇུག་པར་སྨོན། རོ་སྐྱིན་ལེན་པ་ལྟ་བུའི་མཆན་བུ་ཚོའི་སྐད་ཆ་བཙའ་རོ་མ་རེ་ཟུང་ལ་མ་ཉན་པས་དགའ། མི་རིགས་ཀྱི་ལས་དབང་འདིས་ཁྱེད་ལ་དངོས་གནས་འོ་བརྒྱལ་བཟོས་སོང་། ཞལ་དྲོ།
ཨ་རོ་་ཐུན་ན་གདོང་དེབ་དང་ གློག་འཕྲིན་ཁ་བྱང་གི་གསང་གྲངས་དེ་ཡང་སྐྱར་བརྗེ་པོ་རྒྱག་རོགས་ གཅིག་བྱས་ན་གྲོགས་པོ་གཞན་ཚོར་གནོད་རེ་སྐྱེལ་མི་ཡོང་ངམ།
དེ་རིང་འདིར་འཛོམས་པའི་རྗེས་འདེད་པ་མང་ཆེ་བ་ནི་བཀྲ་ཤིས་བདེ་ལེགས་འབྱུང་ཆེད་བསམ་པ་ལྷུན་འགྲུབ་མ་སྐྱོར་མཁན་དག་དག་རེད། འདིའི་མཚོན་དོན་ཡུབ་ནས་བསྡད་དེ་གསང་སྔགས་སྐྱོར། བཙན་ས་ཞིག་ནས་ནུས་མཐུ་འབྱུང་ལ་རེ་བའི་སེམས་གཤིས་ཤིག་རེད། དོན་དངོས་ནས་བཤད་ན་དགའ་འོས་བའི་བྱ་བ་སྟེ། རང་ཉིད་ཀྱིས་མི་འཇོན་རུང་གཞན་ལ་བསམ་ཤེས་ཐུབ་པའི་རྟགས་རེད།
༡༽སྟག་སྨྱོན་ཀྱིས་གླིང་ཚའི་གནས་སྟངས་ཀློག་ནས་དོན་གོ་ཆོད་འདུག མིག་ཤེལ་ནག་པའི་རྒྱབ་ཡོལ་གྱི་མི་སྣ་དེ་དག་སུ་ཡིན་དོགས་སློང་བྱེད་དགོས་བ་འདུག རྒྱ་ནག་ཉེན་རྟོགས་པ་ནས་བོད་མི་ངོ་ལོག་པ་ཚོའི་བར་དུ་བསམ་གཞིགས་སྣ་རིང་ཙམ་བྱས་ན་ལོས་འགྲིག གནད་འགག་གཞན་དེ་ལག་དངུལ་གྱི་སྐོར་ནས་རེད། གནས་སྐབས་ཞིག་ལ་ཟ་འཐུང་གི་འགྲོ་གྲོན་ཐད་ནས་ཕྱི་གླིང་བ་དེ་ལ་སྔ་འདོན་བྱེད་དགོས་ཐུག་འདུག་ན། ད་སྔ་གླིང་ཚོའི་དོན་དུ་ཞལ་འདེབས་སློང་མཁན་རྣམས་ཀྱིས་འགྲེལ་བཤད་རེ་ཐུབ་ན་བསམ་སོང་།
གཞན་་་་བལ་ཡུལ་བཀག་ཉར་ཁང་ནང་ཁོ་དང་ལྷན་ཅིག་ཡོད་པའི་མི་སྣ་དེ་དག་གི་ཉེས་བ་འདི་དང་དེ་རེད་ལབ་པ་ཙམ་མ་གཏོགས། དོན་དངོས་ནས་ཉེས་མེད་ལ་སྐྱོན་འཛུགས་བྱས་ནས་མིང་ཆད་བཟོ་བཞིན་པའི་གནས་ཚུལ་རེ་འབྱུང་བཞིན་པར་བརྟེན། བྱུང་ན་གཞུང་འབངས་གཉིས་ནས་ནུས་བ་རེ་བསྐྱེད་དེ། མ་འོངས་བར་གླིང་ཚ་ཁོང་ལ་མིང་ཆད་མི་ཡོང་བའི་དོན་དུ་ལས་འགན་ཞིག་སྤེལ་ན་མི་འགྲིག་པ་ཅི་ལ་ཡོད།
༢༽དཔྱད་བརྗོད་པ་ཀླུ་སྨྱོན་ལགས་ཀྱི་བསམ་ཚུལ་དེ་རེད། ང་རང་ནས་གློག་འཕྲིན་སོགས་ཀྱི་གསང་གྲངས་སྤྲད་པ་ལ་དེ་འདྲའི་ཚབ་ཆེ་བ་ཞིག་མ་མཐོང་སྟེ། ཀླུ་སྨྱོན་ལགས་ཀྱི་བསམ་སྣང་ལ་དཔེ་མི་སྲིད་པའི་ནོར་འཁྲུལ་ཤོར་འདུག་ན། ཀླུ་སྨྱོན་ཁོང་ལ་ཁོའི་ཚོད་ཀྱི་རྒྱུ་མཚན་གནས་ལུགས་འདྲེན་རྒྱུ་ཡོད་ཡོད་པ་རེད། འོན་ཀྱང་གནའ་ཤི་རུལ་བ་ལེའུ་ཧྥུ་ལན་ལྟ་བའི་སྒྲུང་བཤད་ནས་གནས་ལུགས་བཤད་རྒྱུ་ཡིན་ན། མ་གཞི་ནས་ཉན་འདོད་མི་འདུག་སྟེ། ག་ལེར་བསམ་གཞིགས་བྱས་ན་འགྲིག་གི་རེད།
སྐུ་ཉིད་ལ་ལག་ལྕག་བརྒྱབ་པ་དེར་ངོ་ནོངས་དགོས་པ་ཞིག་མ་རེད། ལྕག་སྒྲོག་དཔའ་བོའི་རྒྱན་ཆ་ཡིན་ལབ་མྱོང་བ་མ་ཡིན། ཁྱེད་ཀྱི་སེམས་ཤུགས་ལ་རྒྱབ་སྐྱོར་ཞུ།
གནས་ཚུལ་དངོས་གནས་ཡག་པོ་བྲིས་འདུག མུ་མཐུད་དུ་ཡིན་ད།
ཁྱེད་ཀྱི་སེམས་ཤུགས་དང་སྙིང་སྟོབས་ལ་ཡི་རངས་ཞུ། ངས་ཁྱེད་ལ་ཞུ་འདོད་པ་གཅིག་ནི་མི་རིགས་གཞན་ཞིག་གིས་རང་གི་མི་རིགས་ལ་བཙན་གནོན་བྱས་པར་རྒྱལ་ས་ནས་ལངས་ཏེ་འཐབ་རྩོད་བྱེད་སྐབས་བཙན་ཁང་དང་མནར་གཅོད་མྱོང་རྒྱུ་ནི་སྔོན་འགྲོ་ལྟ་བུ་ཡིན་པ་ཁྱེད་ཀྱིས་ཀྱང་ལས་ཤེས། འོན་ཀྱང་ཐབས་ལམ་ནི་སྐུ་ཉིད་ཀྱིས་གནང་བ་ལམ་ཁ་དེ་གཅིག་པུ་ལས་ང་ཚོ་བོད་པ་ཚང་ཡོད་ནི་མ་རེད། སྟབས་མ་ལེགས་པ་ཞིག་ནི་བལ་པོའི་མི་རིགས་འདི་ལ་ཤ་ཚ་སྙིང་རྗེ་མེད་ཁར་ཆབ་སྲིད་ཀྱི་དགོས་མཁོ་ཁོ་ན་ལས་དྲང་བདེན་གྱི་རྣམ་བཞག་བཤད་ས་ཞིག་མེད་པས་ཡིད་ཟབ་མཛད་རོགས།
གློག་བརྙན་ནང་གི་རྒྱ་མོ།།
རྒྱ་ཡིས་བཟོས་རྒྱོ་ཡིན་པ།།
དཀའ་སྡུག་དངོས་སུ་མྱོང་བ།།
འཕྲུལ་གྱིས་བཟོ་ཐབས་མི་འདུག།
ཚེ་བརྟན་རྡོ་རྗེས་རང་སྲོག་བཏང་ནུས་དུས། ཀླུ་སྨྱོན་དྲ་རྒྱའི་ཁ་བྱང་སྤྲད་པར་དེ་ཙམ་ཞེད་དགོས་དོན་ཅི་ཡོད།
བོད་པ་ཚང་གི་གཅེས་ཕྲུག་ལགས་་་་་་ཁྱོད་ཀྱིས་ཧ་ཅང་མཇོན་གྱིས་འདུག་་་་་་་་ད་དུང་ཁྱོད་ཀྱིས་བོད་པ་ཚང་ལ་ཕན་པས་བྱ་བ་ཅི་བྱེད་འདོད་ན་བྱས་ཞིག་་་་་་་ང་ཁྱེད་ལ་རྒྱབ་སྐྱོར་ཡོད་ལོ་་་་་གཞན་གྱིས་ག་རེ་བཤད་ན་བཤད་་་་མི་སུམ་ཅུ་བསམ་པ་སུམ་ཅུ་ཟེར་བ་ཁྱོད་ཀྱི་གོ་ཉོང་རྒྱུ་རེད་་་་་་་གཙོ་བོ་སེམས་པ་ནམ་དག་དགོས་རེད་་་་་་རེད་མ་རེད་་་་་ཁྱེད་ལ་སྙིང་སྟོབས་དང་ལྷག་བསམ་འདུག་་་་གཅེས་ཕྲུག་ཤུགས་བརྒྱབས་ལོ་་་་་་་