འབྲོང་ངུར་ཆོས་རྗེ།
སྙིང་གི་ཟེའུ་འབྲུར་འཛུམ་འཛུམ་འཁྱུད།། དཀར་ལ་དམར་བའི་འཛུམ་མདངས་གཡོ།།
འཛུམ་པའི་ཟེར་གྱིས་ངག་གི་དཔལ། །མྱོས་བྱེད་བདག་ལ་འཛུམ་སྟོན་ཅིག།།
ས་སྐྱ་བླ་མའི་ལེགས་བཤད་དུ།། འཛུམ་མདངས་གལ་ཆེར་བཤད་པ་མེད།།
དེང་དུས་ལེགས་བཤད་མཁན་པོ་དག། བཞིན་རས་འཛུམ་མདངས་གལ་ཆེར་བསྔགས།།
སྟོན་མཆོག་ཟས་གཙང་སྲས་པོ་གང་།། རྟག་ཏུ་གསེར་ཞལ་འཛུམ་གྱིས་གཏམས།།
ལྷ་སྐལ་ཕྱག་ན་པདྨོ་ཡང་།། རྟག་ཏུ་ཞལ་རས་འཛུམ་གྱིས་ཕྱུག།
མ་ཟད་སློབ་དཔོན་པདྨ་འབྱུང་།། དགོས་པའི་དབང་གིས་ཁྲོས་ན་ཡང་།།
ཞི་འཛུམ་ཉམས་དེ་འདོར་མ་ཕོད།། ཞི་མ་ཁྲོ་རུ་བཞེངས་ལ་ལྟོས།།
སྐྱབས་མགོན་ཏཱ་ལའི་བླ་མ་ཡང་།། འཛུམ་ཞལ་ངོམས་ནས་འཛམ་གླིང་བསྐོར།།
གང་གི་འཛུམ་འཛུམ་ཞལ་རས་ལ།། སེམས་པ་མི་འཆོར་སུ་ཞིག་མཆིས།།
སྐམ་རིད་གྱོན་ཆོས་རས་དཀར་སོགས།། སྐྱེ་བོ་ཕལ་དང་ཁྱད་མེད་ཀྱང་།།
གནྡི་ཞེས་བྱའི་སྐྱེས་བུ་དེར།། ཡོད་པ་ཐུན་མིན་འཛུམ་མདངས་ཤིག།
དེའི་ཕྱིར་གསང་བའི་གནད་ཆེན་པོ།། གབ་པའི་འཛུམ་ཞལ་རིན་ཐང་མཐོང་།།
ཤེས་རིག་རྩལ་སྦྱོང་འཕེལ་བའི་ཕྱིར།། འཛུམ་པའི་རིན་ཐང་གླེང་ལ་ཕྱོགས།།
རྣམ་ཀུན་ཁྲོ་གཉེར་བསྡུས་བྱས་ཏེ།། ཨམ་གཙིགས་བསྡམས་ནས་བསྡད་པ་དེས།།
གཞན་གྱི་སེམས་ལ་མི་སྡུག་སྦྱིན།། རང་གི་བཞིན་མཛེས་རྣམ་པར་ཉམས།།
རྒྱུན་དུ་འཛུམ་མདངས་ལྡན་པ་ཡི།། སྐྱེས་བུ་དེ་ནི་རྟག་ཏུ་བདེ།།
རང་གི་འབྱུང་འཕྲོད་སྙོམས་འགྱུར་ཞིང་།། གཞན་དང་རྟག་ཏུ་མཐུན་པ་འབྱུང་།།
མཐོང་ན་ཡིད་དགར་འོང་བ་དང་།། འགྲོགས་ན་ཡུན་རིང་སྤྲོ་སྣང་འཕེལ།།
བདེ་སྐྱིད་ནང་གི་བདེ་སྐྱིད་དཔལ།། ཡོད་པའི་མི་དེ་འཛུམ་ཤིག་ཤིག།
གང་ཞིག་རྟག་ཏུ་འཛུམ་ལྡན་པ།། ནད་མེད་ཚེ་རིང་ལོངས་སྤྱོད་འཕེལ།།
རང་གཞན་དགའ་ཞིང་སྐྱིད་པ་དང་།། བསམ་པ་མཐུན་ལ་རེ་བ་འགྲུབ།།
དགའ་བའི་ལྡུམ་རར་འཚོ་བ་འམ།། སྡུག་གི་རྒྱ་མཚོར་བྱིངས་ཀྱང་རུང་།།
སྐྱེས་བུ་དམ་པའི་ཞལ་དཀྱིལ་ལ།། ནམ་དུ་ཡང་ནི་འཛུམ་མདངས་ཤིག།
སྐྱིད་ན་འཛུམ་མདངས་སྟོན་བྱེད་པ།། དུད་འགྲོ་དང་ནི་ཐུན་མོང་ཆོས།།
སྡུག་དང་ཕྲད་ཀྱང་འཛུམ་གྲོལ་བ།། སྐྱེས་བུ་དམ་པའི་རང་བཞིན་ཡིན།།
གང་ལ་ནང་གི་བདེ་སྐྱིད་ལྡན།། མ་བཅོས་ལྷུན་འགྲུབ་འཛུམ་མདངས་མངའ།།
འཛུམ་མདངས་གཅིག་གིས་སྐྱེས་དགུའི་ཚོགས།། ཞི་བདེའི་དཔལ་ལ་སྦྱོར་བར་བྱེད།།
དངུལ་གྱི་འགྲོ་གྲོན་མི་དགོས་ཤིང་།། ལུས་ཀྱི་ངལ་དུབ་མི་དགོས་པར།།
གཞན་ལ་དགའ་བ་སྐྲུན་བྱེད་པའི།། འཛུམ་མདངས་འདི་དང་ཅིས་མི་འགྲོགས།།
གང་དུ་རྒྱུན་ལྡན་སྐྱེ་བོའི་ཚོགས།། འཛུམ་མདངས་ཤིག་ཤིག་མངོན་གྱུར་པ།།
ཡུལ་དེ་ཞི་བདེའི་བསྟི་གནས་དང་།། རིགས་དེ་ཞི་བདེས་འཚོ་བ་མཚོན།།
གཞན་གྱིས་རང་ལ་འཛུམ་བསྟན་ན།། རང་སེམས་དགའ་བ་ཐོབ་པ་ལྟར།།
རང་གིས་གཞན་ལ་འཛུམ་བསྟན་ན།། གཞན་སེམས་དགའ་བ་ལོས་ཀྱང་བསྐྱེད།།
གཞན་གྱིས་རང་ལ་མི་འཛུམ་ཡང་།། རང་གིས་ཕར་ལ་འཛུམ་པར་བྱ།།
རྟེན་འབྲེལ་དངོས་པོའི་ཆོས་ཉིད་ལས།། ནམ་ཞིག་འཛུམ་ལན་མྱུར་དུ་འཐོབ།།
ཕར་ལ་འཛུམ་དང་ཚུར་ལ་འཛུམ།། ཕན་ཚུན་འཛུམ་པའི་ཁོར་ཡུག་ནས།།
བརྩེ་སེམས་ཞི་བདེའི་མྱུ་གུ་འབུས།། བློ་བདེ་བག་ཕེབས་འབྲས་བུ་མྱོང་།།
གང་ཞིག་རང་དང་འཕྲད་མ་ཐག།།ངང་ངམ་ཤུགས་ཀྱིས་འཛུམ་གྲོལ་བ།།
རང་གིས་ཀྱང་ནི་དེ་ཉིད་དང་།། འཕྲད་མ་ཐག་ཏུ་འཛུམ་པར་བྱ།།
ཕར་ལ་འཛུམ་བཅས་བཏུད་ན་ཡང་།། ཚུར་ལ་ཁེངས་དྲེགས་འགྱིང་ཉམས་སྟོན།།
མ་རབས་སྐྱེ་བོའི་སྤྱོད་ཚུལ་ངན།། དྲི་མ་ཙམ་ཡང་བྲོ་མི་བྱ།།
ཕར་ལ་སྡང་མིག་བལྟས་ན་ཡང་།། ཚུར་ལ་འཛུམ་ཞལ་སྟོན་པ་ཡི།།
སྐྱེས་བུ་དེ་འདྲ་གང་དུ་བཞུགས།། རིམ་གྱིས་ཡུལ་ལུང་འཛུམ་གྱིས་ཁྱབ།།
ཁོག་ཏུ་སྡུག་བསྔལ་རྒྱ་མཚོ་ཡི།། ཚ་རླབས་རབ་ཏུ་གཡོས་ན་ཡང་།།
ཕྱི་ནས་རྣམ་པར་མཛེས་པ་ཡི།། འཛུམ་འཛུམ་ཞལ་རས་ཀུན་ལ་སྟོན།།
རིགས་དང་ལང་ཚོ་ཡོན་ཏན་སོགས།། ལེགས་ཚོགས་དུ་མས་རང་གི་སེམས།།
ཡོངས་སུ་ཁེངས་པར་གྱུར་ན་ཡང་།། འཛུམ་འཛུམ་ཞལ་རས་ཀུན་ལ་སྟོན།།
མི་རྟག་སྐྱེ་རྒ་ན་འཆི་སོགས།། འཁོར་བའི་རང་བཞིན་མཐོང་གྱུར་ཞིང་།།
ངེས་འབྱུང་གཏིང་ནས་སྐྱེས་ན་ཡང་།། འཛུམ་འཛུམ་ཞལ་རས་ཀུན་ལ་སྟོན།།
འཛུམ་འཛུམ་ཞལ་བཅས་ཕ་རོལ་བསུ།། འཛུམ་འཛུམ་ཞལ་བཅས་གཞན་དང་འགྲོགས།།
འཛུམ་འཛུམ་ཞལ་བཅས་གླེང་མོལ་བྱ།། འཛུམ་འཛུམ་ཞལ་བཅས་གཞན་ལ་ལྟ།།
ཞོགས་པའི་སྐྱ་རེངས་འཛུམ་གྱིས་བསུས།། ཉིན་མོའི་མགོན་པོ་འཛུམ་གྱིས་སྐྱོལ།།
མཚན་མོའི་གཉིད་ཀྱང་འཛུམ་གྱིས་ཉོལ།། སྔ་དྲོའི་མལ་ལས་འཛུམ་གྱིས་ལོངས།།
དྲིན་ཆེན་ཕ་མ་དགེ་རྒན་སོགས།། མ་བཅོས་ལྷུག་གྲོལ་འཛུམ་གྱིས་བཀུར།།
བརྩེ་ལྡན་མིང་སྲིང་མཆེད་གྲོགས་སོགས།། མ་བཅོས་ལྷུག་གྲོལ་འཛུམ་གྱིས་སྐྱོངས།།
སོ་ཕྲེང་སོ་གཉིས་དཀར་སེང་ངེ།། འཛུམ་འཛུམ་ཞལ་རས་ཀུན་ལ་ངོམས།།
དུས་དང་གནས་སྐབས་ཐམས་ཅད་དུ།། ཞལ་གྱི་དཀྱིལ་འཁོར་འཛུམ་ལ་སློབ།།
འཛུམ་ལ་དབྱེ་ན་ཤིན་ཏུ་མང་།། དམ་འཛུམ་ལྷོད་འཛུམ་གྲོལ་བའི་འཛུམ།།
བཅོས་འཛུམ་ཁྲེལ་འཛུམ་མ་བཅོས་འཛུམ།། ཟུར་འཛུམ་འཐེན་འཛུམ་ཅུང་ཟད་འཛུམ།།
དགའ་འཛུམ་བརྩེ་འཛུམ་སྐྱོ་བའི་འཛུམ།། ཆགས་འཛུམ་དད་འཛུམ་རྔམ་པའི་འཛུམ།།
ལ་སོགས་འཛུམ་གྱི་དབྱེ་བ་རྣམས།། སྤུ་རིས་བཞིན་དུ་ཤེས་པར་བྱ།།
གཞན་ཡང་མིག་འཛུམ་མཁུར་ཚོས་འཛུམ།། ཞལ་རས་ཡོངས་སུ་འཛུམ་པ་དང་།།
མཆུ་སྒྲོས་གཅིག་པུར་འཛུམ་པ་སོགས།། འཛུམ་གྱི་སྒྱུ་རྩལ་རྨད་དུ་བྱུང་།།
གཞན་ཡང་ལོ་ན་རྒན་གཞོན་ལས།། བྱིས་འཛུམ་གཞོན་འཛུམ་དར་མའི་འཛུམ།།
རྒན་པོའི་འཛུམ་དང་རྒན་མོའི་འཛུམ།། རང་རང་སོ་སོར་ཉམས་འགྱུར་ལྡན།།
བྱིས་འཛུམ་གསེང་ནས་དགའ་སྤྲོ་འཚེར།། གཞོན་འཛུམ་གསེང་ནས་ཆགས་སེམས་འཚེར།།
དར་མའི་འཛུམ་ལས་སྤོབས་པ་འཚེར།། རྒན་འཛུམ་གསེང་ནས་བྱམས་བརྩེ་འཚེར།།
མཁས་པའི་འཛུམ་དང་བླུན་པོའི་འཛུམ།། དམ་པའི་འཛུམ་དང་ཕལ་པའི་འཛུམ།།
དཔོན་པོའི་འཛུམ་དང་འབངས་ཀྱི་འཛུམ།། ཕྱུག་པོའི་འཛུམ་དང་དབུལ་པོའི་འཛུམ།།
གྲོགས་པོའི་འཛུམ་དང་གྲོགས་མོའི་འཛུམ།། དཔའ་བོའི་འཛུམ་དང་སྡར་མའི་འཛུམ།།
འཛུམ་མདངས་ཡིན་པ་འདྲ་ན་ཡང་།། དོན་གྱི་ཁྱད་པར་གནམ་ས་བཞིན།།
དེ་དག་ལ་སོགས་འཛུམ་ཞལ་གྱི།། དབྱེ་བ་རེ་ལ་གོ་དོན་རེ།།
སྒྱུ་རྩལ་རེ་དང་སེམས་ཚོར་རེ།། མ་འདྲེས་སོ་སོར་ཤེས་བྱས་ན།།
མངོན་ཤེས་མེད་ཀྱང་གཞན་སེམས་ཤེས།། སྟོབས་འབྱོར་མེད་ཀྱང་གཞན་ཡིག་ཁུགས།།
རྒྱན་ཆ་མེད་ཀྱང་ཀུན་ལ་མཛེས།། དེའི་ཕྱིར་འཛུམ་འདི་རིན་ཐང་བྲལ།།
མགྲོན་པོར་ལམ་ཞིག་བསྟན་ན་ཡང་།། འཛུམ་པའི་མདངས་བཅས་བསྟན་པར་བྱ།།
སློང་མོར་སྒོར་ལྔ་བྱིན་ན་ཡང་།། བརྩེ་བའི་འཛུམ་བཅས་སྦྱིན་ལ་བསླབ།།
མཐོ་དམན་དྲག་ཞན་དབུལ་ཕྱུག་སོགས།། སྐྱེས་བུ་སུ་དང་ཕྲད་ན་ཡང་།།
ཞི་འཇམ་འཛུམ་མདངས་ཁྱད་མེད་པར།། སྟོན་པ་དེ་ནི་དམ་པའི་ཚུལ།།
དམ་པ་རྣམས་ཀྱི་འཛུམ་མདངས་ནི།། ཉི་མ་བཞིན་དུ་ཀུན་ལ་སྙོམས།།
ཕལ་པ་རྣམས་ཀྱི་འཛུམ་མདངས་ནི།། སྒྲོན་མེ་བཞིན་དུ་ཉེ་འཁོར་ཙམ།།
ཨ་རིའི་སྲིད་འཛིན་ཁི་ལིན་ཏྲིན།། བྷུ་ཤུ་དང་ནི་ཨོ་བྷ་མའི།།
ཞལ་གྱི་འཛུམ་ལ་ལེགས་བརྟགས་ན།། མི་འདྲའི་ཁྱད་པར་མངོན་ལ་ལྟོས།།
ཐོག་མར་ཡོང་དུས་ངུས་ནས་ཡོང་།། མི་ཚེ་ཕལ་ཆེར་ངུས་ནས་བསྐྱལ།།
མཐའ་མཇུག་སྲོག་གི་དབང་པོ་ཡང་།། ངུ་ངག་བཅས་ཏེ་ཆད་ན་ཕངས།།
ཐོག་མར་ཡོང་དུས་ངུ་སྐད་བཅས།། འཇིག་རྟེན་འདི་རུ་ཡོང་ན་ཡང་།།
མཐའ་མར་འགྲོ་དུས་འཛུམ་ཤིག་ཤིག།།འགྲོ་བའི་སྐབས་ཤིག་བྱུང་ན་སྙམ།།
གསོན་དུས་རང་གི་མིག་ཆུའི་ཀློང་།། གཞན་རྣམས་འཛུམ་མདངས་ཤིག་ཤིག་འཚོ།།
འཆི་དུས་གཞན་གྱི་མིག་ཆུའི་ཀློང་།། རང་ཉིད་འཛུམ་མདངས་ཤིག་ཤིག་འགྲོ།།
གང་ལ་འཛུམ་མདངས་རྒྱུན་དུ་ཡོད།། སྐྱེས་བུ་དེ་ལ་ཐམས་ཅད་ལྡན།།
གང་ལ་འཛུམ་མདངས་མེད་གྱུར་པ།། སྐྱེས་བུ་དེ་ལ་ཅི་ཡང་མེད།།
མདོར་ན་ལུས་ཁམས་བདེ་འདོད་ཅིང་།། རང་གཞན་སེམས་པ་དགའ་འདོད་པ།།
ཚེགས་ཆུང་དོན་ཆེའི་རང་བཞིན་གྱི།། རིན་མེད་འཛུམ་མདངས་ཅིས་མི་སློབ།།
གནས་མཆོག་རྡོ་རྗེ་གདན་དུ། སྤྱི་ལོ་ ༢༠༡༢ ཟླ་བ་ ༠༢ ཚེས་ ༢༠ ཉིན་མཇུག་ཚང་བར་བྲིས་པ་དགེ་ལེགས་འཕེལ།
སྤྲུལ་སྐུ་ལགས། ཀློག་བཞིན་ཀློག་བཞིན་ས་ལེགས་ཡིད་ལ་ལྷང་ངེར་དྲན་བྱུང་། འདི་ལྟ་བུ་མང་ཙམ་འབྲི་རོགས། ཁྱོད་ཀྱི་འཛུམ་དེ་མ་གཞི་སྔོན་མ་ནས། ངའི་འཛུམ་དེ་མ་ཡིན་ནམ། འཛུམ། ངའི། ཧ་ཧ། འཛུམ་ཤོར།
ངོ་འཛུམ་ཁོག་རྩུབ་སྡིག་པའི་སེམས། །རྐུ་རྫུན་གཡོ་སྒྱུའི་ངན་སྦྱོར་རིགས། །བྱི་ལ་སྡིག་སྲིན་འཛུམ་སྟོན་ཡང་། །ཡིད་ཆེས་བྱུང་ན་བརླགས་པ་ཡིན། །
སྔོན་མ་མའོ་ཙེ་ཏུང་ཤི་སོང་བའི་སང་ཉིན་དེར། ལྷ་ས་ལ་བོད་པ་དང་རྒྱ་མི་ཚང་མ་ཐང་ལ་བསྐོངས་ནས་མྱ་ངན་ཞུ་རུ་བཅུག་པ་དང་མི་ཚང་མ་སྡུག་བསྔལ་དང་མྱ་ངན་གྱི་རྣམ་པ་བཏོན་ནས་སྡོད་དགོས་ཀྱི་ཡོད། ། ། སྐབས་དེ་དུས། བོད་པ་ལྐུགས་པ་ཞིག་ཡོད་པ་དེ། གདོང་པ་རྒྱག་པ་སྒོར་སྒོར་ཡིན་པ་ལ། རྒྱུན་དུ་འཛུམ་དམུལ་དམུལ་ཡིན་ཞིང་། སྐད་ཆ་ཤོད་མ་ཐུབ། འཛུམ་དམུལ་དམུལ་དེ་ནི་ཁོ་པའི་རྒྱུན་གཏན་གྱི་བཞིན་རས་དེ་རེད། མྱ་ངན་གྱི་ཉིན་དེར་ཁོ་པ་ཕྱི་ལ་ཐོན་ནས་རྒྱུན་གཏན་བཞིན་འཛུམ་དམུལ་དམུལ་ངང་ཐང་ལ་འགྲོ་སྐབས། མི་ཚང་མ་ག་བྱེད་འདི་བྱེད་མེད་པར་ཁོ་པར་གཡོལ་ནས་འགྲོ། ཚོགས་འདུ་འཚོགས་སྐབས། ལྐུགས་པ་དེས་ཡར་བལྟས་མར་བལྟས་འཛུམ་དམུལ་དམུལ་བྱས། ཚོགས་འདུའི་སྐབས་ལ་མའོ་ལ་མྱ་ངན་ཞུ་ཞེས་མི་ཚང་མ་མགོ་བོ་སྒུར་སྒུར་བྱེད་སྐབས། ལྐུགས་པས་སྔར་བཞིན་འཛུམ་དམུལ་དམུལ་བཞིན་བསྡད། དེར་མི་ཚང་མ་གད་མོ་ཤོར་ནས་ཟིང་ཆ་ཆེན་པོ་བསླང་གྲབས་བྱས། མཐར་ཏང་གི་མགོ་པས་གནས་ཚུལ་འཐོན་ས་རེད་སྙམས་ནས། ལས་བྱེད་ན་གཞོན་གཉིས་ལ་ལྐུགས་པ་ཁོ་ཁྱིམ་ལ་སྐྱེལ་བར་བཏང་། དེ་ནས་བཟུང་། ཏང་གི་གསར་རྗེ་ཨུ་ཡོན་ལྷན་ཁང་གིས། ལྐུགས་པ་དེ་ཚོགས་འདུ་དང་། མྱ་ངན། དེ་བཞིན་ཏང་གི་ལས་འགུལ་གང་ལ་ཡང་ཞུགས་མ་ཆོག་པའི་བཀའ་བཏང་། ལྐུགས་པས་ཀྱང་འཛུམ་དམུལ་དམུལ་ཐོག་ཁས་ལེན་བྱས།
དེ་ནི་ངས་ཤེས་པའི་འཛུམ་དམུལ་དམུལ་གྱི་སྒྲུང་ཐོག་མ་དེ་རེད།
འཛུམ་ལ་བསྔགས་པ་ཤིན་ཏུ་བཟང་། །འཛུམ་ལ་གདེང་འཇོག་གནང་བ་བཟང་། །བདག་གི་ངོ་ལ་འཛུམ་མེད་ཀྱང་། །ལྷན་སྐྱེས་སེམས་ཁམས་འཛུམ་ལ་དགའ། །ལྷག་པར་བརྩེ་བའི་འཛུམ་མདངས་ལ། །གཏན་ནས་གཏན་དུ་འགྲོགས་ན་སྙམ། །འཛུམ་གྱི་དབང་ཕྱུག་རིན་པོ་ཆེ། །འཛུམ་གྱི་རྣམ་གྲངས་ངོ་བོ་སོགས། །མ་འདྲེས་གསུངས་པ་བཀའ་དྲིན་ཆེ། །ང་དང་ཁྱེད་ཀྱི་སེམས་ཁམས་དེ། །འཛུམ་ལ་ཧ་ཅང་དུང་ན་ཡང་། །ཀུན་དགའ་རྒྱལ་མཚན་ལེགས་བཤད་ལས། །ཁྱི་རྒན་འཛུམ་ན་རྨུགས་རྟགས་ཏེ། །གཤིན་རྗེ་འཛུམ་ན་གསོད་པའི་རྟགས། །ཞེས་གསུངས་འཛུམ་ལ་བྱོལ་བ་གལ།།
པདྨ་ཉི་འོད་རིག་དུས་འཛུམ།།སྐྱེ་བོ་ཕལ་ཆེར་མགུ་དུས་འཛུམ།།དེ་དག་གང་གིས་འགྲན་མེད་པ།།མིག་མི་ཟུམ་པའི་འཛུམ་དེ་བསྔགས།།