ཚེ་བཀྲ།
སྲིད་དོན་པ་ཚོས་བཙན་བྱོལ་གཞུང་གི་མཚན་བྱང་བཅོས་བསྒྱུར་ནི་གནད་འགག་མེད་པའི་འགྲེལ་བཤད་ཡ་མ་བརླ་རེ་ཡང་སྐོར་བསྐྱར་སྐོར་གྱིས་སྒྲོག་གང་ཐུབ་གནང་གི་འདུག ༼ མིང་ལས་དོན་གཙོ ༽ཞེས་དགོངས་གཞི་ཡ་མཚར་ཞིག་ཀྱང་ཡོད་མདོག་མདོག་གིས་འུར་རྒྱག་གི་འདུག མིང་ཚིག་འདི་གློ་སྙིང་མཆིན་གསུམ་ན་ཟུག་མེད་པའི་ཁྱོད་འུ་ཚོར་ཅི་གང་མིན་དུ་ཆུགས་ཀྱང་། བོད་གདོང་དམར་བའི་བུ་རབས་ཚ་རྒྱུད་ལ༼ བཙན་བྱོལ་བོད་གཞུང ༽ཞེས་པའི་མིང་བརྡ་འདིས་ཤུགས་རྐྱེན་བླ་མེད་ཅིག་ཐེབས་ཀྱི་ཡོད་ལ། རེ་བཞག་མནོག་མོ་རེའང་སེམས་སུ་བསྣམས་ཡོད་ཚོད་རེད། དེས་ན་མིང་བརྡ་འདི་གཅིག་པོས་ཁོང་ཚོ་མི་རེ་རེའི་སེམས་སུ་རྒྱལ་ཁབ་ཞིག་གི་ལོ་རྒྱུས་ཀྱི་དཀའ་ཚེགས་རིང་མོ་གསལ་བོར་བརྗོད་ཐུབ་ཀྱི་ཡོད་པ་ཐེག་གིས་གཅོད་ཐུབ།
ད་ལྟའི་ཆབ་སྲིད་ཅེས་པའི་ཡར་ངོ་མར་ཆོད་ཀྱི་ལས་ཀ་ལ་ཀླད་རྩ་འཐོར་བ་ནང་བཞིན་ཁ་རུ་ཐ་སྙད་རེ་བེད་སྤྱོད་ཀྱི་དགོས་མཁོ་ཡོད་སྲིད་ནའང་། ལོ་རྒྱུས་ཀྱི་ཡང་སྙིང་སྦྲུམ་པའི་ཐ་སྙད་ཁ་ཤས་མགོར་སྐོར་གྱིས་བཞུས་པ་ལྟར་ནག་འཐོམ་མེར་བཏང་སོང་དུས། ནམ་ཞིག་རང་ཉིད་ཀྱི་ལུས་རྟེན་འདིའི་ཐོད་པར་གང་བྱུང༼ ཀྲུང་གོ ༽ཞེས་འབྲི་མི་སྲིད་པའི་ངེས་པ་ཡང་མི་འདུག་སྙམ་སྟེ་སྐྲག་སྣང་ཡོང་གིན་འདུག རྣམས་པ་ཚོའི་གསུང་སྟངས་ལྟར༼ ཚིག་ལ་མི་ལྟ་དོན་ལ་ལྟོས༽ཞེས་པ་གདམ་ངག་ཟབ་མོ་ཞིག་ཏུ་རློམ་ཡོད་ན། བོད་མིའི་སྒྲིག་འཛུགས་ལས༼ ཀྲུང་གོའི་བོད་མིའི་སྒྲིག་འཛུགས ༽ཞེས་འདོག་རོགས་གནོང་དང་། དེས་མང་བོ་ཞིག་སྔར་ལས་ལེགས་འགྲུབ་འབྱུང་བ་དངོས་ཡོད་ཡིན་ལ། སྐྱོབས་གསོ་མང་བོ་ཞིག་ཀྱང་འབད་མེད་ལྷུག་ལྷུག་ཏུ་རག་ཡོང་བ་ཁོ་ཐེག་ཡིན་ནོ།
སྤྱིར་ཡིན་ན་མི་ལོ་ལྔ་བཅུ་ནི་མི་ཞིག་གི་མི་ཚེ་རེད། བཙན་བྱོལ་གྱི་སྐྱ་ཟད་སྔོ་སྡུག་གི་འཚོ་བའི་ཁྲོད་ནས་མི་རབས་ཤིག་ངར་རྒྱལ་གྱིས་གཤེགས་ཚར་ཡོད་ལ། རྒྱལ་གཅེས་དཔའ་བོ་དཔའ་མོ་མང་བོ་ཞིག་གིས་ཡིད་ཆེས་བརྟན་པོ་ཞིག་སེམས་ལ་རུམ་ནས་བཞུད་ཡོད་པ་རེད། ང་ཚོས་སྤྱིར་ཅི་གང་མ་འཇོན་ནའང་། ང་ཚོས་སྤྱིར་ཅི་གང་མི་ཤེས་ནའང་། རྒྱ་ནག་ལ་མགོ་མི་འདོག་པའི་དམ་བཅའ་བརྟན་པོ་ཞིག་སོ་སོའི་སྙིང་ལ་བགོ་དགོས་པ་མི་རིགས་འཐབ་རྩོད་ཀྱི་སྔོན་འགྲོའི་ཆ་རྐྱེན་ཡིན། མི་ལོ་ལྔ་བཅུའི་རིང་མི་བུ་རིག་རྡིབ་ཞིག་ཡིན་ནའང་རྒྱལ་ཁམས་ཡིད་ལ་ཤོངས་ཡོད་ཚོད་རེད། ལོ་རེ་རེ་བཞིན་བཙན་བྱོལ་བོད་གཞུང་གིས་གཞན་བསྟུན་ལ་བྲེལ་བ་གནང་སྟངས་དང་། མི་རིགས་འཐབ་རྩོད་ཀྱི་སེམས་ཁ་ཇེ་ཆུང་དུ་འགྲིབ་སྟངས་འདིས་རྒྱལ་ཞེན་ཅན་གྱི་མི་མང་བོ་ཞིག་དཀའ་ངལ་ལ་གཏད་ཡོད་པ་བརྒྱ་སྡེ་འདིས་མིག་མཐོང་ལག་ཟིན་ཡིན།
རྒྱ་ནག་ནི་མི་གསོད་ཀྱི་ལག་དམར་དང་རྒྱལ་སྤྱིའི་ཐོག་གི་ཉེས་ཅན་གྱི་སྲིད་གཞུང་གི་གྲས་རེད། ཡིན་ནའང་། ཁོང་ཚོས་རང་རང་གི་རྒྱལ་ཁོངས་སྲུང་སྐྱོབས་ཀྱི་ཐབས་ཇུས་ནི་ཧ་ལས་དགོས་པ་ཞིག་རེད། ཁོང་ཚོར་བདེན་པ་སྤུ་ཙམ་མེད་ནའང་སུ་གང་ལ་མགོ་མི་སྒུར་བའི་འཆར་གཞི་སྔར་ནས་བཏང་ཡོད། དེའི་སྟབས་ཀྱིས་ཨ་རི་དང་ཧྥ་རན་སི་ལྟ་བུའི་འབྱོར་ལྡན་རྒྱལ་ཁབ་དག་གིས་ཀྱང་ཁོ་ཚོར་ཡ་ལན་སློག་ཐུབ་ཀྱི་མེད་པ་ངོ་ཚ་བ་ཞིག་ཡིན། ཕྱོགས་གཅིག་ནས་འདི་ཡང་སློབ་སྦྱོང་གནང་ས་ཞིག་རེད། སྐབས་རེར་སྲིད་དོན་ལ་མཁྲེགས་གཤིས་བེད་སྤྱོད་ཡོད་པའང་མཁྲེགས་འཛིན་སྲིད་སྐྱོང་རྒྱབ་དེ་དག་ལས་ངེས་དགོས་པ་ཞིག་རེད། དེང་གི་དུས་རབས་འདིའི་ནང་བདེན་པ་ཉར་ནས་ཉི་མ་གཏོང་ཐབས་གནང་བ་ཡིན་ན། ཚེ་སྲོག་གྲི་རྩེ་བཞག་ཏེ་ཇ་འཐུང་བསྡད་པ་དང་གཅིག་པ་གཅིག་རྐྱང་རེད། ང་ཚོའི་བདེན་དོན་ནི་སྒུལ་མེད་ཀྱི་བྲག་རི་ཞིག་དང་འདྲ་ནའང་། མི་ལོ་ལྔ་བཅུའི་རིང་བོད་རྒྱལ་ཁབ་སླར་གསོའི་ཉིན་མོར་རེ་བའི་བོད་མི་རྒྱལ་གཅེས་པ་སྟོང་ཕྲག་མང་བོའི་ཚེ་ཡིས་མ་བརྟེན་པ་ནི་ཡིད་ཕངས་པའི་གཞི་རེད། ཁྲམ་པའི་དུས་རབས་འདིར་བདེན་དོན་རྩོད་པ་ནི་ཚེ་སྲོག་རྩེད་སྤྱད་རེད་ཟེར་ནའང་མི་ཆོག་པ་ག་ལ་ཡོད།
རྐུན་མ་ནི་སྤྱི་ཚོགས་ནང་གི་མི་རྒྱུ་ཧམ་འཕྲོག་བྱེད་མཁན་གྱི་ཁྲམ་པའི་རིགས་ལ་ཟེར། རྐུན་མའི་མགོ་རྔ་འཚོ་མཁན་ནི་སྲིད་གཞུང་གི་སྤྱི་བདེ་མི་སྣ་ཡིན། ཁོང་ཚོའི་ཐོག་དང་པོར་སློབ་སྦྱོང་བྱ་རྒྱུ་དེ་རྐུན་མའི་རྐུ་འཕྲོག་བྱེད་སྟངས་དང་དེའི་གསང་མིག་བརྟོལ་སྟངས་རེད། སྲིད་དོན་འཐབ་རྩོད་ཀྱི་རྙོག་འཛིང་ལ་ཟུག་པའི་སྤྱི་ཚོགས་ཤིག་གི་ཐད་ནས་ཀྱང་འདི་ནི་དཔེ་ཡག་ཤོས་ཤིག་རེད། རྒྱ་དམར་བཙན་འཛུལ་རིང་ལུགས་ཀྱི་སྲིད་ཇུས་སྤེལ་སྟངས་ལ་སློབ་སྦྱོང་གནང་དགོས་པ་ནི་ང་ཚོ་བཙན་བྱོལ་སྲིད་ཀྱི་སྣེ་མོར་གཏོགས་པ་དག་གིས་ངེས་པར་དམ་འཛིན་གནང་དགོས་པ་ཞིག་རེད། རྒྱ་དམར་སྲིད་གཞུང་གི་ཐབས་ཇུས་ལྟེབ་གྲི་ཞིག་རེད། ཡིན་ནའང་། ཁོང་ཚོར་ཤིན་ཏུ་སྤྱང་གྲུང་འཛོམས་པོས་མི་མངོན་སར་མ་གཏོགས་བསྣུན་མི་སྲིད། ཁོང་ཚོའི་བསྣུན་སྟངས་ང་ཚོའི་བློ་ངོར་ངེས་དགོས་སྟབས་རྟག་ཏུ་རིག་པ་སྒྲིམ་ནས་སློབ་སྦྱོང་བྱ་དགོས།
གནའ་ནས་རྒྱ་ནག་སྲིད་གཞུང་གིས་ང་ཚོའི་ཕྱི་ནང་བསྔོགས་ཚར་ཡོད། ང་ཚོའི་སྟོབས་ཤུགས་དང་དམིགས་ཡུལ་གང་ཅིའི་ཕྱོགས་ལ་དཔྱད་ཞིབ་དང་སློབ་སྦྱོང་། འཆར་གཞི་སྣ་ཚོགས་བསྒྲིགས་ཏེ་ལག་བསྟར་བྱེད་ཀྱིན་ཡོད། དེའི་སྟབས་ཀྱིས་ང་ཚོས་བཙན་བྱོལ་བོད་གཞུང་གི་མཚན་བྱང་བཅོས་པ་ཁོ་ནས་ང་ཚོའི་ཁེ་ཕན་མི་འགྲུབ་པ་ང་རང་སྲིད་དོན་མིག་ལོང་བ་ཞིག་གིས་ཀྱང་དཀའ་ངལ་མེད་པར་མཐོང་ཐུབ་ཚོད་རེད། ཡང་ཁ་ཤས་ཀྱི་འགྲེལ་བཤད་ལྟར་ན་བཙན་བྱོལ་གཞུང་གིས་རྒྱ་གར་ལ་མཐུན་ཐབས་ཤིག་ཡིན་རབས་བཤད་ཀྱི་འདུག ཡིན་ནའང་། བཀའ་སྤྱི་གཉིས་ཀྱི་གསལ་བཤད་ནང་དེའང་ཛ་དྲག་ཅིག་མིན་པའི་ཚོད་དུ་བརྗོད་སོང་ལ། ས་གནས་ཁྲིམས་ཁང་ཞིག་དང་མི་སྒེར་རེ་ཟུང་གིས་སྟོང་ལབ་ཅིག་གི་རྙོག་དྲ་ལྷག་ཡོད་པ་འདྲ་ཞིག་གོ་ཐོས་བྱུང་། གལ་སྲིད་མ་འོངས་ཚོད་བགམ་གྱིས་བཟོ་བཅོས་བཏང་བ་ཞིག་ཡིན་དུས། དེ་ལྟར་མི་འབྱུང་བའང་ཚོད་དཔག་གནང་ཆོག་པ་ཞིག་རེད། རྗེས་ཕྱོགས་དེ་ལྟར་དཀའ་ངལ་མ་འཕྲད་པའི་ཚེ་ང་ཚོའི་བཙན་བྱོལ་བོད་གཞུང་གི་བཙན་བྱང་རིན་པོ་ཆེ་དོན་མེད་རྩེད་སྤྱད་དུ་གྱུར་བ་རེད། འོ་ན། ཁོང་ཚོས་མཚན་བྱང་མ་བསྒྱར་བར་རྗེས་སུ་དཀའ་ངལ་འཕྲད་སྐབས་ང་ཚོར་ག་རེ་ལས་རྒྱུ་ཡོད་གསུང་སྲིད་པ་རེད། དེ་ནི་ང་ཚོའི་གཟི་བརྗིད་ཅིག་རེད། ཁ་དཔེ་ཞིག་ལ༼ སྟག་འཛུམ་དྲུག་ཉིལ་ལེར་འབྲོ་རོགས་པོར། ཝ་རྔ་མ་ཆད་ནས་ཤི་ན་དགའ ༽ཟེར་བ་རེད།
ཡིན་ནའང་ངས་དེ་རིང་རྩོམ་ངན་འདི་འབྲི་དུས་སེམས་སུ་སྙིང་སྟོབས་ཤིག་འདུག དེ་ནི་བཙན་བྱོལ་བོད་གཞུང་གི་ཡང་དག་པའི་མང་གཙོའི་ཁྱད་ཆོས་ཤིག་རེད། ང་རང་འབངས་མི་ཐ་ཤུལ་བ་ཞིག་ཀྱང་རང་གི་སྲིད་གཞུང་ལ་སྡིགས་དམོད་ལྟ་བའི་སྐད་ཆ་བཤད་ཆོག་པ་རེད། འདི་ནི་ངས་རྒྱ་དམར་སྲིད་གཞུང་ལ་ངོམ་རུང་བའི་བཙན་བྱོལ་བོད་གཞུང་མི་ལོ་ལྔ་བཅུ་རིང་གི་གྲུབ་འབྲས་ཤིག་རེད་ལ། ང་ཚོས་ཕ་ཡུལ་གངས་ལྗོངས་ལ་རྔན་པར་བསྐུར་ཆོག་པའི་ཡིད་བཞིན་ནོར་བུ་ཞིག་ཀྱང་ཡིན་ནོ།
༢༠༡༡ ཕྱི་ཟླ༦པའི་ཚེས༡༢ཉིན།
དྲ་གྲགོས་ལགས།
མཐའ་མཇུག་གི་སྐད་ཆ་འདི་འགའ་རེས་མི་གོ་བ་ཐག་གིས་ཆོད་ན་ཡང་ང་ལ་ལྷག་པར་ཏུ་འཐད་བྱུང་། ངས་རྒྱུན་དུ་དེ་ལྟར་བསམ་བཞིན་ཡོད།
དྲ་གྲོགས་ཚེ་བཀྲ་ལགས་བསམ་ཚུལ་གསུང་བར་ཐུགས་རྗེ་ཆེ། ལྷག་པར་དུ་བོད་གཞུང་གི་མང་གཙོ་དེ་མང་གཙོ་ངོ་མ་ཞིག་དང་རང་དབང་དེ་ཡང་རང་དབང་ངོ་མ་ཞིག་ཡིན་པར་སྒྲུབ་པ་ནི་ཧ་ཅང་བཟང་། ཡིན་ན་ཡང་ཁྱེད་ཉིད་ཀྱི་བསམ་ཚུལ་གཙོ་བོ་བོད་གཞུང་གི་མིང་བསྒྱུར་བཅོས་བཏང་བ་དེ་ལ་མི་འདོད་པའི་ནམ་འགྱུར་ཤུགས་ཆེར་བསྟན་སོང་བ་དེ་ཁྱེད་ལ་ཁག་མེད་ཁྱེད་བོད་མི་རིགས་དང་རྒྱལ་ཁབ་ལ་དུང་བའི་དབང་གིས་རེད། འདི་ལྟར་དུང་བའི་དབང་གིས་ངོ་མ་སེམས་ནང་གི་སྐད་ཆ་ཕྱི་ལ་ཤོར་བ་དེ་ཡང་ངས་རྒྱབ་སྐྱོར་བྱེད་ཀྱི་ཡིན། འོན་ཀྱང་ཁྱེད་རང་ངོ་མ་བོད་མི་རིགས་དང་རྒྱལ་ཁབ་ལ་དུང་གི་ཡོད་ན་མིང་ཙམ་ལ་ཁྱད་པར་ཅི་ཡོད་སྙམ། མིང་ཙམ་མི་སྒེར་བ་གཅིག་གི་མིང་བཏགས་ན་ཡང་དོན་ལ་བོད་གཞུང་ཡིན་པ་དེ་གསལ་བོ་རེད། ང་ཚོ་ཐུན་མོང་གི་བཀའ་བློན་ཁྲི་པ་དང་སྤྱི་འཐུས་སོགས་ཚད་ལྡན་གྱི་མང་གཙོའི་གཞུང་ཞིག་གི་སྒྲིག་འཛུགས་ཆ་ཚང་ལོངས་སུ་སྤྱོད་ཐུབ་པས་མང་གཙོའི་གཞུང་ཞིག་དང་ཁྱད་པར་ཅི་ཡོད་དམ། དེའི་ཕྱིར་ང་ཚོས་གཙོ་བོ་ལས་ཀ་བྱེད་ཕྱོགས་དང་བསམ་བློ་ཁྱེར་ཕྱོགས་སོགས་གཞུང་གི་དམིགས་པ་བཟུང་ན་མི་ཕན་པ་ཅི་ཡང་མེད་ལ་མི་འགྲིག་པའང་མེད་པས་དོན་གྱིས་ང་ཚོས་རྩོད་དགོས་པ་དེ་མིང་ཙམ་མ་ཡིན་པ་དེ་མཁྱེན་པ་གནང་རོགས།