བསེ་སྐར་ཚོམ་གྱིས་དབྱིན་ཡིག་ནས་བསྒྱུར།
ཉིན་ཞིག་མི་ཚང་གཞན་གྱི་ཁྱིམ་སྒོ་གཅིག་ནས་གཅིག་བརྒྱུད་ཀྱིས་ཅ་དངོས་བཙོངས་ཏེ་རང་ཉིད་ཀྱི་སློབ་ཡོན་འཚོལ་ཐབས་བྱེད་པའི་བུ་ཆུང་སྐྱོ་བོ་ཞིག་གིས་རང་གི་ལག་ཏུ་དངུལ་ཊམ་སྲབ་བུ་གཅིག་ལས་ལྷག་མེད་པ་ཤེས་ཤིང་གྲོད་ཁོག་ཀྱང་ཧ་ཅང་ལྟོགས།
ཁོས་ཁྱིམ་ཚང་རྗེས་མ་དེ་ཚང་ནས་ཟས་ཞིག་སློང་དགོས་བསམས་ཏེ་སོང་། དེ་རུ་ན་གཞོན་བུ་མོ་ཡིད་ཏུ་འོང་བ་ཞིག་གིས་སྒོ་ཕྱེ་བས་ཁོ་དོགས་མ་བདེ་བར་ཟས་སློང་རྒྱུའི་ཚབ་དུ་ཆུ་ཤེལ་ཕོར་གང་བསླངས། མོས་ཁོ་ཧ་ཅང་ལྟོགས་ཡོད་པ་འདྲ་འདུག་སྙམ་སྟེ་ཤེལ་ཕོར་ཆེན་པོ་ཞིག་གི་ནང་དུ་འོ་མ་འཁྱེར་ཡོང་ཏེ་ཁོ་ལ་བྱིན། ཁོས་ག་ལེར་ཤེལ་ཕོར་ཆེན་པོ་དེའི་ནང་གི་འོ་མ་འཐུང་ཚར་རྗེས། “ཁྱོད་ལ་རིན་འབབ་ཅིཙམ་སྤྲོད་དགོས་སམ་”ཞེས་དྲིས་པ་ན། ཁོ་མོས“ཅི་ཡང་སྤྲོད་མི་དགོས། ངའི་ཨ་མས་གཞན་ལ་ཕན་སེམས་ཀྱི་བྱ་བ་བྱས་པར་རིན་པ་གཏན་ནས་ལེན་མི་རུང་ཞེས་ང་ཚོར་རྒྱུན་དུ་བསླབ་བྱ་གནང་གི་ཡོད”ཅེས་བཤད། དེ་ནས་ཁོས་“དེས་ན་ངས་ཁྱོད་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་”ཞེས་བཤད་ཏེ་སོང་།
ཧོ་ཝར་ཌི་ ཁེ་ལེ་དེ་ལྟར་ཁྱིམ་ཚང་དེའི་སྒོ་ཁ་ནས་ཐོན་སྐབས། ཁོའི་ཕྱི་ལུས་པོར་གསོན་ཤུགས་ཤིག་གིས་ཁེངས་པ་དང་མཉམ་དུ་ནང་སེམས་ཀྱིས་དཀོན་མཆོག་དང་མིའི་རིགས་ལ་བཅོལ་བའི་ཡིད་ཆེས་ཀྱང་ཆེས་ཆེར་འཕེལ། དེ་སྔའི་འཚོ་བ་ངན་ངོན་གྱི་རྐྱེན་གྱིས་ཁོའི་རེ་བ་ཆད་མྱོང་ལ་རང་སྲོག་གཅོད་རྒྱུའི་འདུན་པའང་སྐྱེས་མྱོང་ཡོད།
ལོ་ཤས་རྗེས་སུ་བུ་མོ་དེ་ལ་ནད་གཞི་སྡུག་པོ་ཞིག་བྱུང་བ་དང་། ས་གནས་སྨན་པ་རྣམས་ཀྱིས་ནད་གཞི་ཅི་ཡིན་རྩད་གཅོད་བྱེད་མ་ཐུབ་པས། མཇུག་མཐར་མཐོང་དཀོན་པའི་ཁོ་མོའི་ནད་གཞི་དེ་ལ་བརྟག་དཔྱད་ཞིབ་འཇུག་བྱེད་ཆེད་ཁོ་ཚོས་བུ་མོ་དེ་གྲོང་ཁྱེར་ཆེན་པོ་ཞིག་གི་ཆེད་མཁས་སྨན་པ་ཡོད་སར་མངགས་གཏོང་བྱས།
སྨན་པ་ཧོ་ཝར་ཌི་ ཁེ་ལེ་བརྟག་དཔྱད་བྱ་རྒྱུར་འབོད་འགུགས་བྱས། སྨན་པ་ཁོས་ནད་པ་བུ་མོ་དེ་ཡོང་སའི་གྲོང་བརྡལ་དེའི་མིང་ཐོས་མ་ཐག་ཁོའི་མིག་ལམ་དུ་འོད་སྣང་ཁྱད་མཚར་བ་ཞིག་གིས་ཡོངས་སུ་བཀང་། ཁོ་དེ་མ་ཐག་ཡར་ལངས་ཏེ་སྨན་ཁང་གི་ཚོགས་ཁང་བརྒྱུད་ནས་ཁོ་མོའི་ནད་ཁང་ཕྱོགས་སུ་སོང་། སྨན་པའི་ལྭ་བ་གྱོན་བཞིན་ནད་ཁང་དུ་སླེབས་པ་དང་དེ་མ་ཐག་ཁོ་མོ་ངོ་ཤེས་པར་གྱུར། ཁོ་ཕྱིར་བརྟག་དཔྱད་ཁང་དུ་ཡོང་ནས་རང་ནུས་གང་ཡོད་ཀྱིས་ཁོ་མོའི་ཚེ་སྲོག་སྐྱོབ་རྒྱུའི་སེམས་ཐག་བཅད། ཉིན་དེ་ནས་བཟུང་ཁོས་ནད་གཞི་དེའི་ཐད་ལ་དམིགས་བསལ་གྱིས་དོ་སྣང་ཆེན་པོ་བྱས་ཤིང་། དུས་ཡུན་རིང་པོ་ཞིག་ལ་འབད་བརྩོན་བྱས་མཐར་ནད་གཞི་དེ་ལས་རྣམ་པར་རྒྱལ་ཐུབ་པ་བྱུང་། སྨན་པ་ཧོ་ཝལ་ཌི་ ཁེ་ལེ་ཡིས་དངུལ་རྩིས་ཡིག་ཚང་ལ་མཐའ་མའི་སྨན་བཅོས་འགྲོ་གྲོན་གྱི་རྩིས་ཐོར་དག་མཆན་འགོད་ཆེད་ཁོ་ལ་རྩིས་ཐོ་སྟོན་དགོས་པའི་རེ་སྐུལ་བྱས། ཁོས་རྩིས་ཐོར་བལྟས་རྗེས་ཤོག་ངོས་ཀྱི་ཟུར་ཞིག་ཏུ་ཅི་ཞིག་བྲིས་ཏེ་ཁོ་མོའི་ནད་ཁང་ལ་སྐྱེལ་དུ་བཅུག རྩིས་ཐོ་ནད་ཁང་དུ་འབྱོར། ཁོ་མོས་རང་གི་མི་ཚེའི་ལྷག་མ་ཡོད་ཚད་ཀྱིས་དེ་འཇལ་སྒྲུབ་བྱས་ནས་འདུག་དགོས་པ་ངེས་གཏན་ཡིན་པར་འདོད་ནས་རྩིས་ཐོ་ཁ་ཕྱེ་རྒྱུར་ཧ་ཅང་འཇིགས་སྣང་སྐྱེས།
འོན་ཀྱང་མཐའ་མར་ཁོ་མོས་རྩིས་ཐོ་ལ་བལྟ་ཙམ་བྱས་པ་ན། ཤོག་ངོས་ཀྱི་གྲུ་ཟུར་དུ་“འོ་མ་ཤེལ་ཕོར་གང་ལ་བརྟེན་ནས་རིན་འབབ་ཆ་ཚང་འཇལ་ཟིན། སྨན་པ་ཧོ་ཝལ་ཌི་ ཁེ་ལེ་ནས།”ཞེས་བྲིས་ཡོད་པ་མིག་ལམ་དུ་མངོན་པར་གྱུར།
ཁོ་མོའི་མིག་ཟུང་ལ་དགའ་སྤྲོའི་མཆི་མས་ཁེངས་ཏེ། “དཀོན་མཆོག་མཁྱེན། ཁྱེད་ཀྱི་བྱམས་བརྩེའི་བྱིན་རླབས་འགྲོ་བ་མིའི་རིགས་ཀྱི་སེམས་དང་ལག་པ་བརྒྱུད་ནས་ག་ས་གང་དུ་ཁྱབ་འདུག བཀའ་དྲིན་ཆེ།”སྤྲོ་སྣང་གིས་ཁེངས་པའི་ཁོ་མོའི་སེམས་པས་དེ་ལྟར་སྨོན་ལམ་བཏབ།།
བཟང་ལ་བཟང་ལན་ངན་ལ་ངན་ལན་དེ།
སྔོན་བྱོན་ཕ་མེས་བཞག་པའི་བསླབ་བྱ་ལ།
ཉམས་ལེན་བརྟན་པོར་འཛིན་པ་ཡ་རབས་བཤིས།
བཟང་པོའི་འོ་རིན་ནད་གསོས་སྨན་གྱིས་སྦྱིན།
མ་འོངས་མི་རབས་གསར་པར་མིག་དཔེ་བསྟན།
ཡ་རབས་བཟང་སྤྱོད་སྲུང་ན་བདེ་སྐྱིད་འཛོམས།
ཚིག་ཉུང་ཡང་རྩོམ་ཡིག་འདི་རིན་ཐང་འདུག