འོད་ཁམས་དྲ་བ་ནི། དེ་སྔ་བོད་ཀྱི་དྲ་བའི་སྡིངས་ཆའི་ནང་ཁྱད་ཆོས་འབུར་དུ་ཐོན་ཅིང་དགའ་བསུ་ཆེས་ཆེར་ཐོབ་མྱོང་བའི་བོད་བརྙན་དྲ་བའི་མིང་གསར་པ་ཡིན།
ངེད་ཅག་གི་ལས་ཀ་འདི་ཐོག་མར་སྤྱི་ལོ2010ལོར་པེ་ཅིང་དུ་བོད་ཡིག་བརྙན་ཡིག་ཚོགས་པ་བཙུགས་པ་ནས་མགོ་ཚུགས་ཤིང་། སྤྱི་ལོ2011ལོའི་ཟླ12པར། གསར་འགྱུར་དང་། གློག་བརྙན། བརྙན་ཡིག ཤེས་བྱ། ལག་རྩལ། བཅར་འདྲི། མི་སྣ། ཚོགས་ར། ལས་འགན། བརྡ་ཆད་བཅས་ལེ་ཚན་བཅུ་ཅན་གྱི་བོད་བརྙན་དྲ་བ་སྟེ་བོད་ཡིག་གི་གློག་བརྙན་དྲ་བ་ཐོག་མ་དེ་དངོས་སུ་ཤར་གཏོང་བྱས། བོད་བརྙན་དྲ་བའི་དབུ་བརྙེས་ཉིན་ནས། གློག་བརྙན་བརྒྱ་ལ་ཉེ་བའི་བརྙན་ཡིག་སྤུས་ཚད་ལ་ཁག་ཐེག་གིས་བོད་ཡིག་ཏུ་བསྒྱུར་ཅིང་། རྒྱལ་ཕྱི་ནང་གི་ཕུལ་བྱུང་གློག་བརྙན་བརྒྱ་ལས་བརྒལ་བར་བོད་ཡིག་གི་ལམ་ནས་ངོ་སྤྲོད་དང་དཔྱད་བརྗོད་བྱས་པ་དང་། ཕུལ་བྱུང་གློག་བརྙན་སྒྱུ་རྩལ་པ་བརྒྱ་ཙམ་ངོ་སྤྲོད་བྱས། སྒོས་སུ་འཛམ་གླིང་ཡོངས་སུ་སྐད་གྲགས་ཆེ་བའི TEDགཏམ་བཤད་ཀྱི་བོད་འགྱུར་ལས་གཞི་སྒྲུབ་མགོ་བཙུགས་ནས་ད་བར་གཏམ་བཤད་བརྙན་ཟློས་ལྔ་བཅུ་ལྷག་གི་བརྙན་ཡིག་བོད་ཡིག་ཏུ་བསྒྱུར། ཞོར་ལ། གློག་བརྙན་དང་གློག་བརྙན་སྒྱུ་རྩལ་པའི་སྐོར་གྱི་གསར་འགྱུར་དང་། བརྙན་ཡིག་ལོ་ཙཱར་འབྲེལ་བའི་མཉེན་ཆས། གློག་བརྙན་སྐོར་གྱི་ཤེས་བྱ་སྣ་ཚོགས་བོད་ཡིག་ཏུ་བསྒྱུར་ཞིང་། དངོས་བརྒྱུད་གཉིས་ཀྱི་ལམ་ནས་བཅར་འདྲི་མང་དག་ཅིག་བྱས།
ད་ཆར། དྲ་བའི་ལེ་ཚན་ཇེ་འཛོམས་དང་དྲ་བའི་བྱེད་ལས་ཇེ་ལེགས་སུ་བཏང་སྟེ། ཆེད་སྒྲིག་དང་སྐད་བསྒྱུར་ཁང་། TEDགཏམ་བཤད། ཁ་འཁྲུག ལོ་ཙཱ། རྒྱུན་ཤེས་སོགས་དགོས་ངེས་ཀྱི་ལེ་ཚན་ཁ་ཤས་གསར་དུ་བསྣན་ཡོད་དེ། ཆེད་སྒྲིག་ལེ་ཚན་ཏུ། གློག་བརྙན་འཕྲིན་དང་གློག་བརྙན་འཕྲིན་གྱི་སྒྱུ་རྩལ་པ་དང་འབྲེལ་བའི་དམིགས་བསལ་ལེ་ཚན་རེ་བཀོད་སྒྲིག་བྱེད་འཆར་ཡིན་ཞིང་། TEDགཏམ་བཤད་དུ། འཛམ་གླིང་ན་སྐད་གྲགས་ཆེ་བའིTEDགཏམ་བཤད་དག་གི་བརྙན་ཡིག་བོད་འགྱུར་བྱས་ཏེ་དྲ་ངོས་ནས་ཐད་ཀར་ལྟ་ཆོག་པ་དང་། སྤར་ཁ་ལེ་ཚན་ཏུ། གློག་བརྙན་དོན་དུ་གཉེར་བའི་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ་སོགས་ཀྱི་འཚོ་བའི་ཟུར་ངོས་སོ་སོའི་སྤར་ཁ་ཉན་སྤྲོ་བ་རྣམས་འགོད་རྩིས་ཡིན། དེ་ལྟར་ཅི་ནུས་གང་ཐུབ་ཀྱིས་གསར་ཉམས་དོད་ཅིང་རིགས་གཅིག་རྐང་འཛིན་ལ་གཞོལ་ནས་སྔར་གྱི་བོད་བརྙན་དྲ་བའི་མིང་བསྒྱུར་ཏེ་འོད་ཁམས་དྲ་བ་ཞེས་མིང་གསར་བཏགས་ཀྱིས་ཀུན་གྱི་སྤྱན་སྔར་ཕུལ་བ་འདི་ལགས།
མདོར་ན། འོད་ཁམས་ཀྱིས་དྲ་བ་འདི་ལྟ་བུ་ཞིག་གཉེར་དོན་ཡང་མི་བུ་སྒེར་སོ་སོའི་དགའ་ཕྱོགས་རྨང་གཞི་བྱས་ཐོག་གློག་བརྙན་སྒྱུ་རྩལ་གྱི་རིག་པ་འདི་ནང་འདྲེན་བྱེད་པར་བརྩོན་པའི་བགྱི་བ་ཡིན་པས། གློག་བརྙན་འཕྲིན་གྱི་སྒྱུ་རྩལ་ལ་མོས་པ་ཡོད་མཁན་ཚོས་འབྲེལ་ཡོད་ཀྱི་ཕྱག་རྩོམ་ཅི་རིགས་དུས་ཀུན་ཏུ་ངེད་དྲ་བར་བསྐུར་འོང་བའི་རེ་བ་སྙིང་ནས་ཞུ་ཞུ།།