ང་རང་ལོ་ན་ཆུང་ངུའི་སྐབས་སུ་ངའི་ཁུ་བོའི་གཟིམས་ཤག་དབུས་ཀྱི་མཆོག་སྟེགས་ཐོག ས་སྐྱའི་སྔགས་འཆང་རིན་པོ་ཆེའི་སྐུ་པར་དབུ་ལ་ས་ལུགས་ཀྱི་ཆོས་ཞྭ་དང་། ཕྱག་ན་ཕུར་བུ་བསྣམས་པའི་སྐུ་པར་ཤིན་ཏུ་བརྗིད་ཉམས་ཆེ་བ་ཞིག་ཡོད། ངས་ནམ་རྒྱུན་ས་སྐྱའི་སྐུ་པར་དེ་མཇལ་ཐེངས་རེར། ས་སྐྱ་སྔགས་འཆང་རིན་པོ་ཆེ་ཞེས་པ་ཁམས་གསུམ་དབང་དུ་སྡུད་ཅིང་། སྟོང་གསུམ་ཟིལ་གྱིས་གནོན་པའི་སྔགས་ཀྱི་རྣལ་འབྱོར་བ་ནུས་མཐུ་ཅན་ཞིག་ཡིན་པར་འདོད་ཅིང་། བླ་མ་དེ་ནི་ལྷ་ཀླུ་གང་རུང་གི་གནས་ཤིག་ན་བཞུགས་ཡོད་པ་ལས་འཇིག་རྟེན་འདིར་བཞུགས་ཡོད་པའི་བསམ་བློ་ཞིག་ཡིད་ལ་འཁོར་མ་ཐུབ། དེ་ནི་ཅིག་བྱས་ན་ང་བླ་མ་ས་སྐྱ་པར་དད་དྲགས་པའམ།
ཡང་ན། སངས་རྒྱས་ཆོས་ལུགས་ཀྱི་ནང་དོན་ཐད་གོ་མྱོང་ཅིའང་མེད་པའི་གླེན་རྟགས་ཤིག་ཡིན་སྲིད། སྐབས་དེར་ངས་ཡང་ཡང་གོ་ཐོས་བྱུང་བ་ཞིག་ནི། ས་སྐྱ་སྔགས་འཆང་རིན་པོ་ཆེས། མཐུ་སྟོབས་དང་རྫུ་འཕྲུལ་གྱི་ནུས་པ་ལ་བརྟེན་ནས། བོད་ཡུལ་ལ་བདེ་སྐྱིད་ཀྱི་ཉི་མ་འཆར་རོགས་གནང་གི་ཡོད་པ་རེད། ཅེས་པ་འདི་ཡིན།
ནམ་རྒྱུན་ཚོང་ཁྲོམ་དུ་འགྲོ་སྐབས་བླ་མ་ཆེ་ཆུང་དག་གི་སྐུ་པར་འཚོང་མཁན་རྒྱ་རིགས་ཚོའི་ཚོང་སྟེགས་སུ་སོང་སྟེ། པར་སྣ་ཚོགས་ཤིག་ཉོ་བཞིན་ཡོད། འོན་ཏེ། རྒྱུ་མཚན་ཅིའི་ཕྱིར་ཡིན་ངས་གསལ་བོ་ཞིག་བཤད་མི་ཤེས། དངོས་གནས་མི་ཤེས། ས་སྐྱའི་སྔགས་འཆང་གི་སྐུ་པར་དེ་ཚོ་མཐོང་དུས་སེམས་ལ་འཇིགས་སྣང་དང་དད་སྣང་ཡང་ཐུན་མོང་མ་ཡིན་པ་ཞིག་སྐྱེ་བཞིན་ཡོད། ལྷག་པར་ས་ལུགས་མཁའ་སྤྱོད་སྐོར་གསུམ་གྱི་ཉམས་ལེན་ལ་བརྟེན་ནས་གྲུབ་པའི་གོ་འཕང་མཐོན་པོར་སོན་པའི་བླ་མ་མང་བོ་ཕེབས་པའི་ལོ་རྒྱུས་ཤིག་རྣ་ལམ་ན་འཇགས་མྱོང་། ངའི་ཁུ་བོའི་མཆོག་སྟེགས་ཀྱི་ནང་ཆེ་ཆུང་ཁྲུ་གང་ཡས་མས་ཀྱི་པར་སྒྲོམ་ཞལ་གོས་ཡོལ་གྱིས་རྒྱུན་དུ་བཀབ་པ་ཞིག་བཞུགས། ཉིན་ཞིག་ངས་མཆོད་ཁང་གཙང་སྤྲ་བྱེད་སྐབས་གློ་བུར་དུ་གོས་ཡོལ་ཞལ་ཕྱེ་ནས་བལྟས་པ་ཡིན། པར་སྒྲོམ་གྱི་ནང་ན་འཇིགས་ཟིལ་སྒེག་གསུམ་གྱི་ཉམས་རྫོགས་པའི་མཁའ་སྤྱོད་མའི་སྐུ་པར་ཤིན་ཏུ་དྭངས་གསལ་ཞིག་མཇལ། རྗེས་སོར་ངས་ཁུ་བོར་སྐད་ཆའི་ལྷོངས་སུ་དེའི་སྐོར་ཞུས་པ་ཡིན།
ཁུ་བོས་གསུངས་པ་ལྟར་ན་མཁའ་སྤྱོད་མ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡུམ་ཆེན་མོའི་རང་གཟུགས་ཤིག་ཡིན་པ་དང་། དེ་བསྟེན་ཅིང་བསྒྲུབས་ན་སེམས་རྣམ་རྟོག་གི་རང་བཞིན་ངོས་ཟིན་སླ་ལ་རྣོ་མྱུར་གྱི་རྟོགས་པ་མྱུར་དུ་རྒྱུད་ལ་སྐྱེ་ཐུབ་པའི་ཕན་ཡོན་ཡོད་པ་རེད་ཅེས་གསུངས།
ཡང་ཁོང་གིས། མཁའ་སྤྱོད་ཀྱི་ཉམས་ལེན་ལ་བརྟེན་ནས་ས་ལམ་མཐོན་པོར་ཕེབས་པའི་འདས་ཟིན་པའི་བླ་མ་ཁ་ཤས་ཤིག་དང་། སྐབས་དེར་ངའི་ཕ་ཡུལ་ན་འཚོ་ཞིང་གཞེས་པའི་བླ་མ་ཁག་ཅིག་བཞུགས་པ་ལས། གཅིག་ནི་ས་སྒང་ཨ་ལགས་ཞེས་པ་དང་། གཞན་པ་དེ་ནི་ཨ་ཁུ་ཆོས་དབྱིངས་ཞེས་པའི་མགོ་ལོག་གི་བྱ་བྲལ་བ་་ཞིག་ཡོད་པ་དེ་རེད་ཅེས་གསུངས། དུས་དེ་ནས་བཟུང་ངས་ཀྱང་དུས་ནམ་ཞིག་ལྷག་པའི་ལྷ་མཆོག་དེ་བསྒྲུབས་ནས་ས་ལམ་གྱི་རྟོགས་པ་ཞིག་རང་རྒྱུད་ལ་བསྐྱེད་ཐུབ་པ་བྱུང་ན་ཅི་མ་རུང་སྙམ།
ངས་གོ་སྐབས་ནམ་ཤར་ལ་དེ་སྐོར་ཡང་ཡང་རྩད་འཚོལ་བྱས་ཀྱང་། ལས་མ་སྨིན་ན་འབད་པ་བྱས་ཀྱང་གོ་སྐབས་ཅིའང་མ་ཐོབ། ཨ་ཁུ་ཆོས་དབྱིངས་དུས་རྒྱུན་དུ་ངའི་ཁུ་བོའི་སར་ཕེབས་བཞིན་ཡོད། ལྷག་པར་ནམ་ཟླ་དགུན་དུས་སུ་ཁོང་ཕེབས་པ་ཅུང་མང་། བླ་མ་དེ་ནི་པགས་རྩག་ཧྲལ་བོ་ཞིག་དང་ཕྱིང་ཞྭ་བསྣབས་པ། སྐབས་རེར་ཞབས་ཕྱགས་ཡུ་མེད་ཅིག་བཞེས་པ། སྐབས་རེར་ཞབས་རྗེན་པར་ཕེབས་ངེས་ཤིག་རེད། ཁོང་ནམ་ཕེབས་ལ་ཁོང་རྣམ་གཉིས་ཀྱིས་ཅི་ཞིག་མོལ་གྱིན་ཡོད་མེད་ང་ལ་ཆ་རྒྱུས་མེད་ཀྱང་། ངས་མཐོང་བ་ནི་ཨ་ཁུ་ཆོས་དབྱིངས་ཀྱི་ཕྱག་ན་དཔེ་ཐིམ་དམར་པོས་བཀབ་པའི་དཔེ་ཆ་རེ་རྒྱུན་དུ་སྣོམ་ཡོང་གི་འདུག ཁོང་ང་ཚོའི་ཤག་ལ་གཏན་ནས་ཞག་བཞུགས་མི་གནང་། དགུན་ཁ་གྲང་ངར་ཤིན་ཏུ་ཆེ་ཞིང་ཁ་བ་ཞི་རྗེས་ཀྱི་ཆབ་རོམ་ཐོག ཞབས་རྗེན་དུ་གོམ་ཁ་ཆུང་སྤོ་བྱས་ནས་འདུར་རྒྱུག་ལྟ་བུ་གནང་སྟེ་ཕེབས་ཀྱིན་པའི་ངང་ཚུལ་ཐེངས་འགར་མཐོང་མྱོང་།
གནས་ཚུལ་དེ་མཐོང་ཐེངས་རེར་ང་རང་ཉིད་ཀྱང་ཁོང་ནས་གྲང་བའི་སྣང་བ་སྐྱེ་ཞིང་། དེ་ལྟར་དུ་ཆོས་ཉམས་སུ་ལེན་པར་ཡི་མུག་ཀྱང་སྐྱེས་མྱོང་། འོན་ཀྱང་། ཡ་མཚན་པ་ཞིག་ནི་གནམ་གཤིས་ཅི་ཙམ་གྲང་ངར་ཆེའང་། ངས་ཁོང་གི་ཕྱག་ལ་འཇུ་ཐེངས་རེར་ཁོང་གི་ཕྱག་གཉིས་ཀར་ཚ་ངད་ཅིག་ངང་གིས་འབར་བཞིན་པ་ཚོར། ངས་ཨ་ཁུ་ཆོས་དབྱིངས་ལ་ང་ལ་མཁའ་སྤྱོད་མའི་ཆོས་སྐོར་གནང་རོགས་ཞེས་ཞུས་པས་ཁོང་གིས་ཀྱང་དེ་ལྟར་ཡོང་ཞེས་ཞལ་བཞེས་གནང་། དེ་ནས་རེ་ཞིག་ཆོས་འཇིག་ཉ་ཉུང་བསྲེས་པའི་འཁོར་བའི་བྱ་བཞག་མནོག་ཆུང་དག་ལ་གཡེང་གིན་གཡེང་གིན་རྒྱ་གར་དུ་སླེབས། རྒྱ་གར་ནས་སྐབས་དེར་འཚོ་བཞུགས་ཡོད་པའི་སྐྱེས་ཆེན་དམ་པ་འགའ་ཞིག་ལ་གསོལ་འདེབས་གནང་དོན་ལྟར། དམ་པ་ཆོས་ཀྱི་འཁོར་ལོ་བསྐོར་བའི་བཀའ་དྲིན་ཞལ་བཞེས་ཐོབ་ཀྱང་། གོ་སྐབས་དེ་དག་ཀྱང་གཞན་དབང་དུ་གྱུར་པས་མཇུག་འཁྱོངས་མ་ཐུབ།
ཉེ་བའི་ཆར་ང་ལ་རྨི་ལམ་ཅུང་མ་འདྲ་བ་ཞིག་བྱུང་། ང་དེ་སྔ་འགྲོ་མ་མྱོང་བའི་ས་ཆ་མེད་ཅིག་ཏུ་འབྱོར། ངའི་སྣང་བར་ས་ཆ་དེ་ནི་སྟོད་མངའ་རིས་ཀྱི་ཁོངས་ཤིག་ཨེ་ཡིན་བསམས། ཞིག་རལ་དུ་ཕྱིན་པའི་རླངས་འཁོར་རྒྱུ་ལམ་རྙིང་བ་ཞིག་གི་འཁྲིས་སུ། ལྷ་ཁང་དམར་པོ་ཐོག་རྩེག་མང་བོ་ཅན་ཞིག་མཐོང་། ལྷ་ཁང་དེ་དང་ས་ཁད་ཉེ་བ་ན་གྲྭ་བ་འགའ་ཞིག་སེར་ཕྲེང་ལྟ་བུ་བསྒྲིགས་ནས་ང་ལ་སྣེ་ལེན་བྱས། ངས་སེམས་ནང་གྲྭ་བ་དེ་དག་ནི་ས་སྐྱའི་གྲྭ་བ་རེ་རེད་ཨང་སྙམ་པའི་ཚོར་བ་ཤར། ། གྲྭ་བ་གཅིག་གིས་ང་ཁྲིད་ནས་ཁང་བ་ཐོག་གཅིག་མ་ཞིག་གི་ནང་དུ་སླེབས། ངས་སེམས་ལ་གཟིམས་ཁང་དེ་ནི་མཁན་པོ་ཞིག་གི་གཟིམས་ཁང་རེད་བསམས། གཟིམས་ཁྲིའི་ཐོག་སྲབ་འཇམ་ཡང་བའི་གོས་ཆེན་སེར་བོ་ཡུག་གཅིག་གིས་བཀབ་འདུག ངས་གོས་ཆེན་དེ་བླངས་ནས་གཟིམས་ཁྲིའི་ནང་བལྟས་པས། གཟིམས་ཁྲིའི་ནང་གི་ཉལ་གོས་སྔས་མགོ་གདན་བཅས་ཚང་མ་དམར་བོ་དམར་རྐྱང་རེད། ང་གཟིམས་ཁྲི་དེ་ཉིད་ཀྱི་ཐོག་ག་ལེར་བསྡད་པས། ལུས་སེམས་གཉིས་ཀར་བདེ་སྙམ་གྱི་ཚོར་བ་གཏིང་ཟབ་པོ་ཞིག་སྐྱེས། ཕྱི་ཉིན་དཔལ་ས་སྐྱའི་གདན་ས་༼བྱམས་བརྩེ་ཀུན་ཁྱབ་གླིང་།༽ཞེས་པས། ངེད་ཁྱིམ་ཚང་གིས་འབུལ་ལམ་ཞུས་པའི་མར་མེའི་མཆོད་ཐེབས་དང་འབྲེལ་བའི་ཡི་གེ་ཞིག་འབྱོར་ཞིང་། ཡི་གེ་དེ་དང་ལྷན་ཅིག༧ས་སྐྱ་ཁྲི་འཛིན་གྱིས་གདན་ས་དེ་ནས་ས་སྐྱའི་གསེར་ཆོས་བཅུ་གསུམ་གྱི་བཀའ་དབང་རྣམས་རིམ་གྱིས་བསྐུར་རྒྱུའི་ཞལ་བཞེས་ཟིན་པའི་གནས་ཚུལ་ཞིག་ཀྱང་རོབ་ཙམ་ཧ་གོ
དེ་ནས་ངས་ཆོས་ཚོགས་དེའི་དྲྭ་རྒྱ་ཕྱེས་ཏེ་ཞིབ་ཏུ་ཀློག་སྐབས། ༢༠༡༥ལོའི་སྤྱི་ཟླ༣ཚེས༡༩ནས༣༡བར། ༧དཔལ་ས་སྐྱ་བདག་ཁྲི་རྡོ་རྗེ་འཆང་ཆེན་པོས་ཨ་རིའི་ནང་མཛད་པ་མང་བོ་ཞིག་བསྐྱང་རྒྱུ་ཡིན་པའི་སྙིང་བོར། ས་སྐྱའི་གསེར་ཆོས་བཅུ་གསུམ་གྱི་བཀའ་དབང་སྒོ་འབྱེད་ལྟ་བུར། དཔལ་འཁོར་ལོ་བདེ་མཆོག་ལྷ་ལྔའི་བཀའ་དབང་རྒྱས་པ་ཉིན་གྲངས་གཉིས་དང་། དེ་ནས་བསྟུད་མར་བདུན་ཕྲག་གཉིས་ཀྱི་དུས་ཡུན་རིང་། གསེར་ཆོས་ཀྱི་བཀའ་དབང་རྣམས་རིམ་པར་བསྩལ་གནང་མཛད་རྒྱུའི་ལས་འཆར་ཁག་ཞིབ་མོར་བཀླགས་ཅིང་རྟོགས། ཡིན་ནའང་གནས་ཚུལ་གསལ་བོ་ཞིག་ཧ་གོ་ཚར་རྗེས། དབུགས་རིང་ཞིག་གཏོང་བཞིན་བསམ་བློ་རེ་གཏོང་དགོས་བྱུང་། ངེས་པ་དོན་གྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་ཕལ་མོ་ཆེ་ཞིག་སྐུ་གཤེགས་ནས་ད་ལྟ་དྲན་ཡུལ་ཙམ་ལས་ལྷག་ཡོད་པ་མ་རེད། ད་ལྟ་བྱུང་དང་འབྱུང་བཞིན་པའི་བླ་སྤྲུལ་གསར་མ་ཚོར་གོང་མ་ཚོ་དང་བསྡུར་ན་ཆོས་ཕྱོགས་ནས་བསྡུར་ཐབས་ཁག་པོ་རེད་བསམ། ཡུལ་འདི་ནི་ཕྱི་གླིང་འཕྲུལ་གྱི་རྒྱལ་ཁམས་ཤིག་རེད། འཕྲུལ་གྱི་རྒྱལ་ཁམས་ན་འཚོ་ཞིང་གནས་པའི་མི་རྣམས་ཀྱང་འཕྲུལ་འཁོར་ལྟར་ཉིན་མཚན་དལ་མེད་ངང་འཁོར་ནས་འཁོར་བའི་ལས་ལ་འབད་བཞིན་ཡོད།
ང་ལ་མཚོན་ན་ངས་ལོ་འདི་དག་གི་རིང་། དུས་ཚོད་མང་བོ་ཞིག་སྒེར་དོན་དུ་བེད་སྤྱོད་བྱས་ཟིན་པས། ལས་ཀ་ནས་དགོངས་ཞུ་བྱ་རྒྱུ་ཅུང་སྟབས་ཀ་མི་བདེ། འོན་ཀྱང་། བསམ་བློ་མང་བོ་ཞིག་བཏང་མཐར་གསེར་ཆོས་ཆ་ཚང་ཞུ་རྒྱུ་ཐག་བཅད་པ་ཡིན། རྩིས་ཤིག་བརྒྱབས་པས་ངས་འཁོས་ཀར་དཔགས་ན་འགྲོ་གྲོན་ཡང་ཅུང་ཆེན་པོ་རེད། སེར་སྣའི་བསམ་བློ་ཞིག་དང་འགྲོགས་ནས་ཆོས་ཤིག་ཞུས་ཀྱང་ཆོས་སུ་མི་འགྲོ། ངའི་ཆུང་མས་ཁྱོད་ངེས་པར་དུ་ཆོས་ཞུ་བར་འགྲོ་རོགས་ཀྱིས། ཅིག་བྱས་ན་ས་སྐྱ་གོང་མའང་དགུང་ལོ་མཐོན་པོར་ཕེབས་ཀྱིན་ཡོད་པས། ཕྱི་ནས་ཆོས་ཞུ་རྒྱུའི་སྐལ་བ་ལྡན་མིན་མི་ཤེས་ཟེར། དེ་ནས་ངས་ཉིན་གྲངས་གཉིས་ཀྱི་དཔལ་འཁོར་ལོ་བདེ་མཆོག་གི་བཀའ་དབང་དེ་དང་། གསེར་ཆོས་ལས་ན་རོ་མཁའ་སྤྱོད་ཀྱི་ཆོས་སྐོར་ཞུ་རྒྱུར་ཐག་བཅད། དཔལ་འཁོར་ལོ་བདེ་མཆོག་གི་བཀའ་དབང་ལ་ངེད་བཟའ་ཚོ་གཉིས་ཀ་དང་། ན་རོ་མཁའ་སྤྱོད་ཀྱི་བཀའ་དབང་ལ་ངེད་གཉིས་དང་བུ་ཆུང་། ཆུང་མའི་མ་རྒན་བཅས་ང་ཚོ་བཞི་ཀ་འགྲོ་རྒྱུ་བྱས་པ་ཡིན།
སྤྱིར་བོད་ཀྱི་ལོ་རྒྱུས་ལྟར་ན་ས་སྐྱའི་གདུང་རྒྱུད་ཀྱི་མགོ་ཁུངས་ལྷ་སྲིན་གྱི་རིགས་ལ་གཏུགས་པ་ལས་བོད་ན་ཡོངས་སུ་གྲགས་པའི་རུས་རྒྱུད་གང་གི་ཁོངས་སུའང་མི་གཏོགས། ལྷ་གཡའ་བཟང་སྐྱེས་ཀྱིས་སྲིན་པོ་སྐྲ་རིང་ཁྲག་མེད་བསད་ནས་དེའི་ཆུང་མ་གཡའ་འབུམ་སི་ལེ་མ་ཞེས་པའི་མཛེས་མ་ཞིག་ཁབ་ཏུ་བཞེས་པའི་རྒྱུད་ལ་གཡའ་ཕྲུག་འཁོན་པ་སྐྱེས་ཞེས་པ་འཁྲུངས་ཤིང་། འཁོར་རིགས་ཞེས་པའི་མཚན་ཡང་དུས་དེ་ནས་ཐོགས། འཁོན་པ་སྐྱེས་ཀྱིས་བཙན་བཟའ་སྨོན་བུ་སྒྲོན་ཁབ་ཏུ་བཞེས་པར་མཐུ་སྟོབས་རྫུ་འཕྲུལ་ཅན་མི་ཡུལ་དུ་འབྱུང་དཀོན་པ་ཞིག་འཁྲུངས་པས། མཚན་དུའང་དཀོན་པ་རྗེ་གུང་སྟག་ཅེས་གསོལ། རྗེ་གུང་སྟག་གིས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་ཞབས་ལ་གཏུགས་ཤིང་ནང་བློན་དུ་གྱུར། དཔལ་འབྱོར་ཤིན་ཏུ་ཆེན་པོ་འཕེལ་བས་འཁོན་དཔལ་བོ་ཞེས་བྱ་བར་གྲགས་ཤིང་། འཁོན་གྱི་མཚན་སྙན་ཡང་དུས་དེ་ནས་དར་མགོ་ཚུགས།
རྗེ་གུང་སྟག་ལ་འཁོན་ཀླུའི་དབང་བོ་འཁྲུངས་ཏེ་ཟ་ཧོར་མཁན་པོ་ཞི་འཚོ་ལས་རབ་ཏུ་བྱུང་བས། ཁོང་སད་མི་མི་བདུན་གྱི་ཡ་གྱལ་དུ་གྱུར། ལོ་ཙྰ་བ་འཁོན་ཀླུའི་དབང་བོས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཞབས་ལ་གཏུགས་ཏེ་བྲག་ཡེར་བར་སྒྲུབ་པ་མཛད་པས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པས་འཁོན་རིགས་ཆོས་ཀྱི་ཆེ་བའི་ཐོག་མར་གྱུར། གཅུང་རྡོ་རྗེ་རིན་པོ་ཆེས་ཀྱང་སློན་དཔོན་པདྨ་ལས་གསང་སྔགས་རྙིང་མའི་ཆོས་མང་བོ་བསླབས་ཉམས་སུ་བླངས་པས་གྲུབ་རྟགས་ཀྱང་སྣ་ཚོགས་ཐོབ། གཅུང་རྡོ་རྗེའི་རྒྱུད་པ་ལས་བོད་ཡུལ་འདིར་འཁོན་གྱི་ཚོ་ཁག་ཤིན་ཏུ་མང་བོ་བྱུང་བའི་ནང་ཚན། འཁོན་སྟོན་བལ་བོ་ཞེས་བྱ་བས་ཚ་མོ་རོང་གི་བྲག་ལ་ཡང་ཕུར་གྱི་སྒྲུབ་པ་མཛད་པས། གྲུབ་པའི་གོ་འཕང་མཐོན་པོར་གཤེགས་ཏེ་བརྟན་མ་བཅུ་གཉིས་སོགས་དབང་དུ་སྡུད་ཐུབ་པ་བྱུང་། དེའི་སྲས་ཤྰཀྱ་བློ་གྲོས་དང་དེའི་སྲས་ཆུང་ངུ་འཁོན་དཀོན་མཆོག་རྒྱལ་བོ་ཡིན། འཁོན་དཀོན་མཆོག་རྒྱལ་བོ་ཡན་ཆོད་དུ་གསང་སྔགས་རྙིང་མ་སྤྱི་དང་ལྷག་པར་ཡང་ཕུར་གྱི་ཆོས་ལ་ཉམས་བཞེས་མཛད་པས་གྲུབ་པ་བརྙེས་པའི་སྐྱེས་ཆེན་མང་བོ་ཕེབས་འདུག འཁོན་དཀོན་མཆོག་རྒྱལ་བོས་ཡབ་མེས་ཀྱི་ཆོས་དང་སྔགས་གསར་མའི་ཆོས་ཀྱང་ཉམས་བཞེས་གནང་བས། ཁོང་ནི་སྔགས་གསར་རྙིང་ཟུང་འབྲེལ་ཉམས་བཞེས་གནང་མཁན་ཞིག་གམ། ས་སྐྱའི་ནང་སྔགས་གསར་རྙིང་གྱེས་མཚམས་ཀྱི་འཁོན་རིགས་ཀྱི་བླ་མ་ཞིག་ཡིན་ཞེས་བཤད་ཀྱང་ཆོག
རྒྱ་གར་གྱི་གྲུབ་ཆེན་པི་རུ་པ་ལ་སོགས་པ་གྲུབ་པའི་དབང་ཕྱུག་དགུས་མཛད་པའི་ལམ་སྐོར་དགུ་བླ་ཆེན་འབྲོག་མི་ལོ་ཙྰ་པ་ཤྰཀྱ་ཡེ་ཤེས་ལ་བཀའ་བབས་པས། ཀྱེེ་རྡོར་མན་ངག་ལུགས་དང་། འགྲེལ་པ་ས་ལུགས་སོགས་ལམ་འབྲས་ཀྱི་ཆོས་བོད་ལ་ཐོག་མར་དར། སྤྱིར་བསྟན་པ་ཕྱི་དར་ལ་གསང་སྔགས་བསྟན་པའི་འབྱུང་ཁུངས་མར་འགོས་འབྲོག་གསུམ་ལ་ངོས་འཛིན་སྲོལ་ཡོད་པ་དང་། མར་འགོས་གཉིས་ཀྱང་འབྲོག་ལ་གཏུགས་པ་ལྟར་ན། འབྲོག་མི་ལོ་ཙྰ་བ་ཤྰཀྱ་ཡེ་ཤེས་ནི་གསང་སྔགས་གསར་མའི་བསྟན་པའི་འབྱུང་ལྟ་བུར་ཆ་འཇོག་བྱས་ཀྱང་འགྲིགས་པར་མངོན། ཇོ་བོ་རྗེས་ས་དཀར་བོའི་ལོགས་སུ་དྷྰི་ཡིག་བདུན་དང་། ཧོང་ཡིག་གཅིག་གཟིགས་པས། ས་འདིར་འཇམ་དབྱངས་བདུན་དང་། ཕྱག་རྡོར་གྱི་སྤྲུལ་བ་གཅིག་འབྱུང་བའི་ལུང་བསྟན་པ་ལྟར། ས་སྐྱའི་དཀར་བོ་རྣམ་གསུམ་གྱི་ཡ་གྱལ་ས་ཆེན་ཀུན་དགའ་སྙིང་བོ་ལ་འབྲོག་མི་ནས་བརྒྱུད་པའི་ཀྱེེ་རྡོར་སྐོར་གསུམ་དང་། མལ་ལོ་ནས་བརྒྱུད་པའི་བདེ་མཆོག ལོ་ཆེན་རིན་བཟང་ནས་བརྒྱུད་པའི་ཡོ་ག་དང་མགོན་པོ། བ་རི་ནས་བརྒྱུད་པའི་སྒྲུབ་ཐབས་བརྒྱ་རྩ་སོགས། ལོ་པན་བཞི་ག་ནས་བརྒྱུད་པའི་ཟབ་ཆོས་གདམས་ངག་ཡོངས་རྫོགས་ཀྱི་བཀའ་བབས་པ་ནས། ད་ལྟ་འཚོ་བཞུགས་ཀྱི་༧ས་སྐྱ་གོང་མ་རྣམ་གཉིས་བར་ས་ལུགས་ཆོས་ཚུལ་རྒྱ་མཚོའི་དབང་ལུང་མན་ངག་གི་བརྒྱུད་པ་ཡོངས་རྫོགས་གྲ་མ་ཆག་སྤུ་མ་ཉམ་པར་བཞུགས་པ་ནི། སྐྱེ་འགྲོ་སྤྱི་དང་ལྷག་པར་ང་ཚོ་ཁ་བ་རི་པ་རྣམས་ཀྱི་བསོད་སྐལ་ཉག་ཏུ་གཅིག་ཏུ་མཐོང་ངོ་།།
སྤྱིར་ང་ལ་མཚོན་ན་སྔགས་གསར་རྙིང་གཉིས་ཀར་དད་པ་བྱེད་ཅིང་དེ་ལས་སྔགས་རྙིང་མར་མོས་པ་ཅུང་ཆེ་བ་ཡོད་མཁན་ཞིག་ཡིན་མོད། དཔལ་ས་སྐྱའི་བསྟན་བདག་དངོས་ཤིག་ལས་ས་ལུགས་གསེར་ཆོས་ཀྱི་བཀའ་དབང་མན་ངག་ཟབ་མོ་དང་། ལྷག་པར་ངས་རྒྱུན་རིང་ཡིད་སྨོན་བྱེད་མྱོང་བའི་མཁའ་སྤྱོད་དབང་མོའི་ཆོས་སྐོར་དེ་ཉིད་ཞུ་རྒྱུ་བྱུང་ན་ནི། གསེར་ནག་ཕ་བོང་སྒོ་འགྲིལ་ལྟར་ལས་སྨོན་བསོད་ནམས་འཛོམས་པའི་དགེ་ཚོགས་ལས་བྱུང་བ་ཞིག་ཅི་ལ་མིན། དིང་སང་གནམ་གཤིས་ཀྱི་འགྱུར་ལྡོག་ཤིན་ཏུ་ཆེ་བས། དབང་དེ་དག་ཏུ་དུས་ཐོག་དངོས་བཅར་ཐུབ་མིན་ཅི་ལྟར་ཡང་། བདེ་མཆོག་དང་ནྰ་རོ་མཁའ་སྤྱོད་ཀྱི་བཀའ་དབང་ཞུ་རྒྱུའི་འཛིན་བྱང་ཉོས་པ་ཡིན།
སྟབས་ལེགས་པ་ཞིག་ནི། ཉིན་དང་བོར་གནས་གཤིས་དྲོད་གྲང་ཤིན་ཏུ་སྙོམས་པོ་བྱུང་། ངེད་བཟའ་ཚོ་གཉིས་ཞོགས་ཀ་སྔ་བོ་ཆུ་ཚོད་དྲུག་པ་ནས་ཡར་ལངས་ཏེ། ཁྲུས་དང་གཙང་སྤྲ། ཞོགས་ཇ་ལེགས་པར་གྲུབ་ནས། རྒྱུན་ལྡན་བུའི་ཉིན་གོང་གི་བཟའ་བཏུང་གྲ་སྒྲིག་ཚར་རྗེས། མ་རྒན་གྱི་སར་སོང་སྟེ་བུ་སློབ་གྲྭར་བསྐྱལ་ཚར་བ་དང་བརྩེ་ཆེན་ཀུན་ཁྱབ་གླིང་ཆོས་ཚོགས་ཀྱི་ཕྱོགས་སུ་བསྐྱོད། ང་ཚོ་ཞོགས་པ་ཅུང་སྔ་བས་ལམ་བར་ན་རླངས་འཁོར་གྱི་འཚང་ག་ཅིའང་མེད་སྟབས། ཏག་ཏག་ཞོགས་ཀའི་ཆུ་ཚོད་དགུ་བ་མ་ཟིན་ཙམ་ནས་ཆོས་ཚོགས་སུ་སླེབས། ངའི་ཁྱིམ་ནས་ཆོས་ཚོགས་བར་ཆུ་ཚོད་གཅིག་དང་ཕྱེད་ཀ་ལྷག་འགོར་འདུག འདུ་ཁང་གཡས་ཕྱོགས་ཀྱི་རླངས་འཁོར་འཇོག་ཚུགས་སུ་རླངས་འཁོར་ཁ་ཤས་ཤིག་ལས་སླེབས་མེད་སྟབས། ང་ཚོས་རླངས་འཁོར་རང་འདོད་ལྟར་འཇོག་ཐུབ་པ་བྱུང་།
ང་ཚོ་ས་སྐྱའི་གདན་སར་སླེབས་སྐབས་ད་ལོའི་ཁ་ཆར་གྱིས་བཅོམ་པའི་གདན་སའི་ཁོར་ཡུག་དག་ནི། སྐམ་སང་སང་དང་གྲང་ཤུར་ཤུར་གྱི་རླུང་ཡན་གང་ཡིན་སར་ངེས་མེད་ལྡང་། འདུ་ཁང་དམར་ལྡང་མ་དེའང་སྔོན་མར་ལྟོས་ན་ཅུང་བཀྲགས་མདངས་ཉམ་དམས་སུ་ཕྱིན་ཡོད་སྟབས། གསར་དུ་སླེབས་མཁན་ཞིག་ཡིན་ཚེ་འདུ་ཁང་འདི་ལོ་བརྒྱ་ཕྲག་ལོན་པའི་འདུ་ཁང་རྙིང་མ་ཞིག་ཏུ་ཚོར་སྲིད། ང་ཚོ་ཐད་ཀར་གདན་སའི་རུང་ཁང་གི་ཕྱོགས་སུ་སོང་སྟེ། སྒོ་ཕྱེ་མ་ཐག་ཞོགས་ཀའི་ཟས་དྲི་ཞིམ་པོ་ཞིག་སྣ་ལམ་དུ་དྲངས་ཡོང་། ཕྱི་རྒྱལ་བ་ཞིག་གིས་ཕྱག་ཕེབས་ཞུ། ཞོགས་ཟས་བཟོ་ཚར་ལ་ཉེ་ཞེས་གུས་བརྡ་ཞིག་བཏང་སྟེ་ནང་དུ་ཕེབས་སོང་། ངེད་གཉིས་ཅུང་སླེབས་སྔ་བའི་གྲས་ཡིན་སྟབས། སྡོད་ས་གང་འདོད་ཅིག་འདེམས་ཐུབ་པ་བྱུང་། རེ་ཞིག་ནས་མི་ཚོགས་མང་བོ་གཅིག་མཇུག་གཉིས་མཐུད་ཀྱིས་ཇ་ཁང་དུ་སླེབས་ཤིང་། རང་རང་སྡོད་གནས་སུ་འཁོད་ནས་ཞོགས་ཇར་རོལ། ཞོགས་ཇ་གྲུབ་མཚམས་ཆོས་ཚོགས་ཀྱི་མཁན་གྲྭ་ལྷན་རྒྱས་ཚོགས་དབུས་སུ་ཕེབས་ཐོག བཀའ་ཆོས་ཀྱི་འགན་འཛིན་གཞོན་མ་ཨ་བཙུན་ཀུན་དགའ་ཆོས་སྒྲོན་ལགས་ཀྱིས་ཐུགས་རྗེ་ཆེ་ཞེས་གུས་བསུ་དང་འབྲེལ་མཛད་རིམ་ཁག་རིམ་པར་ངོ་སྤྲོད་གནང་།
མོས་ཐོག་མར་ཆོས་ཚོགས་འདི་འཛུགས་དགོས་པའི་རྒྱུ་མཚན་ཐད་གསུངས་དོན། ༧གོང་མ་རིན་པོ་ཆེ༢༠༠༨ལོར་ཁ་ན་ཏྲར་ཕེབས་ཏེ་ལམ་འབྲས་ཀྱི་བཀའ་ཆོས་གནང་སྐབས། སློབ་མ་ཚོར་བྱང་ཨ་རིའི་རྒྱུད་དུ་སྐྱ་སེར་རིས་མེད་ཀྱིས་ནང་ཆོས་སློབ་སྦྱོང་བྱེད་རུང་སའི་དགོན་པ་དང་། བཙུན་དགོན། ལྷ་ཁང་སོགས་འཛུགས་སྐྲུན་བྱེད་ཐུབ་ན་དགེ་མཚན་ཆེ་སྐོར་བཀའ་སློབ་ཟབ་མོ་ཕེབས་པ་ལྟར། མཁན་པོ་སྐལ་བཟང་རྒྱལ་མཚན་དང་ཁོང་གི་སློབ་མ་ཚོས། བྱང་ཨ་རིའི་ཁུལ་ཞིག་ཏུ༧གོང་མ་རིན་པོ་ཆེ་བཞུགས་གདན་འཇགས་སའི་གདན་ས་ལྟ་བུ་ཞིག་རྩ་འཛུགས་བྱས་ན་རུང་མིན་གྱི་བཀའ་འདྲི་ཞུས་པར། ༧གོང་མ་རིན་པོ་ཆེས་ཐུགས་དགྱེས་པའི་སྒོ་ནས་དེ་ལུགས་བྱེད་ཐུབ་ན་དགེ་ཕན་ཆེ་བ་དང་། ས་ཁུལ་དེའང་ཨ་རིིའི་བྱང་རྒྱུད་ཀྱི་ཆོས་ཚོགས་ཁག་དང་ས་ཁད་ཉེ་བོ་ཞིག་ཏུ་བཟོ་ཐུབ་ན་ཡག་པོ་ཡོད་སྐོར་བཀའ་ཕེབས་ཤིང་། སྐབས་དེར་ཁོང་སིས་ཨ་ཏྲལ་གྱི་གདོང་ཐོག་སྤྲུལ་སྐུའི་ཆོས་ཚོགས་སུ་ཆིབས་བསྒྱུར་སྐྱོང་སྐབས། མཁན་པོ་སྐལ་བཟང་རྒྱལ་མཚན་གྱིས་ས་བཀྲ་ཞིག་སྤྱན་བསྟར་ཞུས་ཏེ་ས་ཆ་གང་ལེགས་དྭོགས་འདྲི་བྱས་པར། ༧གོང་མ་རིན་པོ་ཆེས་ནོས་ཡོག་སྟོད་དང་ཨ་རིའི་རྒྱལ་སའི་སྤྲེལ་མཚམས་ལྟ་བུའི་ས་ཆ་ཞིག་ཏུ་ཕྱག་རྟགས་བཏབ་སྟེ། གདན་ས་དེ་བཞིན་གྲོང་ཁྱེར་ལས་ཐག་ཅུང་རིང་བ། ཧ་ཅང་དབེན་དྲགས་པའི་རི་ཀླུང་འགོར་བོ་དེ་འདྲའང་མ་ཡིན་པ། ཆེ་ཆུང་རན་པ་ཨེ་ཀར་ལྔའི་རྒྱ་ཁྱོན་གྱི་ཚད་ཅིག་ཉོ་ཐུབ་ན་དེས་འཐུས་ཚུལ་གྱི་བཀའ་མོལ་བྱུང་དོན་ལྟར། ས་ཁུལ་འདི་ནས་ས་ཆ་འདི་ཉོས་པ་མ་ཟད། བཞེངས་སྐྲུན་ཕལ་ཆེར་གྲུབ་ལ་ཉེ་སྐོར་བཤད།
དེ་ནས་མོས་གདན་ས་འདི་རྩ་འཛུགས་ཀྱི་བརྒྱུད་རིམ་ཁྲོད་མཁན་པོའི་གཟུགས་པོར་བསྙུན་གཞི་ཚབས་ཆེན་ཞིག་གིས་ཟིན་ཏེ་སྨན་པས་སྲོག་འཚོ་ཐུབ་པའི་རེ་བ་མེད་སྐོར་བཤད་ཀྱང་། ༧ས་སྐྱའི་བྱིན་རླབས་ཐུགས་རྗེ་ལ་བརྟེན་ནས་ད་ཆ་ནད་གཞི་ཡར་བསྐྱེད་དགའ་རབ་བྱུང་སྐོར་སྤྱན་ཆབ་བསིལ་བཞིན་ངུ་ངག་གི་གདངས་དང་བཅས་གསལ་བཤད་གནང་བ་མ་ཟད། ཁྱེད་ཚོ་འདིར་ཕེབས་མཁན་དག་གིས་སྟབས་ཀ་ལྡན་ཚེ། ས་གནས་ཡུལ་མིའི་ཚོང་ཁང་དང་། ཟ་ཁང་། མགྲོན་ཁང་སོགས་བེད་སྤྱོད་བཏང་སྟེ། ཁོང་ཚོར་དཔལ་འབྱོར་གྱི་ཁེ་ཕན་ཡོང་ཐབས་དང་། རང་ཉིད་གདན་ས་འདིར་ཆོས་ཞུར་བཅར་མཁན་ཡིན་པ་ཁོང་ཚོར་ཤེས་སུ་འཇུག་རོགས། ས་གནས་ཡུལ་མི་དང་འཕྲད་ཚེ་ཚུལ་མཐུན་གུས་ཞབས་ཀྱི་རྣམ་འགྱུར་བརྒྱུད་ནང་ཆོས་ཀྱི་བག་ཆགས་བཟང་བོ་ཁོང་ཚོར་ཐེབས་སུ་འཇུག་རོགས་ཞེས་ཟེར། དེ་ནས་ཆོས་ཚོགས་ཀྱི་སྐྱ་སེར་ཚོགས་ཞབས་མི་སྣ་ཁག་དང་དེ་དག་རང་རང་གི་ལས་འགན་ངོ་སྤྲོད་གྲུབ་རྗེས། མཁན་པོ་སྐལ་བཟང་རྒྱལ་མཚན་མཆོག་ཚོགས་དབུས་ཕེབས་ནས། ཕྱག་ཕེབས་ཀྱི་མགྲོན་བསུའི་གུས་ཞབས་མཛད་རྗེས། ཆོས་ཞུ་བ་ཚང་མས་མཁན་པོ་ཁོང་ལ་བཀའ་དྲིན་རྗེས་དྲན་གྱི་མཇལ་དར་བསྒྲོན་འབུལ་ཞུས། མཁན་པོའི་སྐུ་གཟུགས་དེ་སྔ་ང་ཚོ་མཇལ་སྐབས་ལ་ལྟོས་ན་ཡག་ཏུ་ཕྱིན་འདུག
ལོ་གཅིག་གི་གོང་ང་ཚོ་ཆོས་ཚོགས་དེར་མཇལ་སྐོར་དུ་སོང་སྐབས། མཁན་པོ་བཞུགས་སྟེགས་འཁོར་ལོ་ཅན་ཞིག་གི་སྒང་དབུ་གཡས་སུ་གུག་ཅིང་སྨྲ་བརྗོད་ཀྱང་ལྡབ་ལྡིབ་ཅིག་ལས་མི་ནུས་པའི་ཛ་དྲག་གི་གནས་སུ་ཅར་ཡོད་པར་མཇལ། ང་ལ་ཁྲག་ཤུགས་ཀླད་པར་རྒྱུ་མ་ཐུབ་པའི་ཉེར་ལེན་ལས་བྱུང་བའི་དཀའ་ངལ་དེ་འདྲ་བཅོས་ཐབས་ཀྱི་ལག་ལེན་ཞིག་ཡོད་མོད། མཁན་པོར་དེ་ལུགས་སྙན་ཞུ་བྱས་རུང་མཁན་པོའི་ལྗགས་ལན་ངས་ཟུར་ཙམ་ཡང་ཧ་གོ་མ་ཐུབ་པས་བྱ་ཐབས་བྲལ། ཁོང་གི་ཞབས་ཞུ་བ་དང་ལྷག་པར་བཙུན་མ་ཀུན་དགའ་ཆོས་སྒྲོན་ལ་དེ་ལུགས་འགྲེལ་བཤད་བྱས་ཀྱང་། ཁོང་ཚོས་ཡ་ཡ་ཞེས་པ་ཙམ་ལས་དོ་སྣང་དེ་ཙམ་སྤྲད་མ་སོང་བས་ཕན་ཅིའང་མ་ཐོགས།
དངོས་གནས་བྱས་ན་ནད་འདིར་བོད་པས་གཟའ་གྲིབ་བམ་སྟེང་གྲིབ་ཅེས་བསྒྱུར་འདུག་མོད། ཡིན་པ་ནི་ཁྲག་རྩར་སྐྱོན་ཤོར་བའམ་ཁྲག་རྩ་འགག་པས་རླུང་དང་ཁྲག་ཤུགས་རྒྱུ་མ་ཐུབ་སྟབས། གཟུགས་པོའི་འགུལ་སྐྱོད་དང་། ཀླད་པའི་དྲན་ཚོར། སྨྲ་བརྗོད་སོགས་ལ་ཤུགས་རྐྱེན་ཐེབས་པ་ཞིག་རེད། འདི་ལ་ལག་ཐབས་དང་ཟས་ཐབས་དྲོད་ཐབས་སོགས་ལ་བརྟེན་ནས་བཅོས་ཐབས་ངོ་མཚར་བ་དེ་འདྲ་ཡོད་ཀྱང་། མི་ཞེས་པ་དཀའ་མོ་ཞིག་སླ་བོར་བསྒྱུར་ན་ཡིད་མི་ཆེས་ཤིང་། སླ་བོ་ཞིག་དཀའ་མོར་བསྒྱུར་ན་གཞི་ནས་ཡིད་ཆེས་པས་ཐབས་ཅི་ཡོད།
མཛད་རིམ་གྱི་ནང་གདན་ས་རང་དང་ནོས་ཡོག་གྲོང་ཁྱེར་ནང་གི་མཛད་འཆར་ཁག་ཤིན་ཏུ་ཁམས་གཙང་བཟོས་ཡོད་པ་མ་ཟད། སྦྱིན་བདག་ཕྱག་ཟུང་ཡངས་པོ་ཅན་དག་གིས། ༧གོང་མ་ཚང་དང་། སྐུ་འཁོར། དགེ་འདུན་པ། འདུས་མང་སོགས་ལ། རང་ཉིད་ཀྱི་འཁོས་ཀར་དཔགས་པའི་མཆོད་སྦྱིན་གཏོང་བའི་གོ་སྐབས་ཀྱི་རེའུ་མིག་ཀྱང་ཤིན་ཏུ་སྙིང་རྗེ་མོ་དེ་འདྲ་བཟོས་འདུག རྒྱུས་ལོན་བྱུང་བ་ལྟར་ན་ད་ལན་གྱི་དབང་ཆེན་འདིར་རྒྱལ་ཁབ་མི་འདྲ་བ་ལྔ་ལྷག་གི་མི་རིགས་ཡོད་པ་འདྲ་ཞིང་། ཁག་ཅིག་ཁ་ན་ཏྲ་དང་། ཡོ་རོབ། རྒྱ་ནག མ་ལེ་ཞིག་ཡ། ཐེ་ཝན། སོག་ཡུལ་སོགས་རྒྱང་རིང་ནས་ཕེབས་མཁན་རེད། ཁ་ལི་ཧྥོར་ནིའི་ཡ་དང་། ཝ་ཤིང་ཁྲོན། ནོས་ཇར་ཟེ་སོགས་མངའ་སྡེ་མི་འདྲ་བ་ནས་ཕེབས་པའང་མང་བོ་རེད།
ད་ལམ་ལྷག་པར་དོ་སྣང་བྱུང་བ་ཞིག་ནི། སྐབས་འདིའི་ཆོས་ཞུ་བ་ཕལ་མོ་ཆེ་ཞིག་རྒྱ་རིགས་ནང་བ་དང་། ཁྱད་པར་རྒྱ་ནག་སྐམ་ས་ནས་ཕེབས་པའི་རྒྱ་རིགས་ཚོ་ཡིན་ཞིང་། རྒྱ་རིགས་དེ་དག་གི་ཁ་མདོག་དང་དད་གཏོང་གི་ལག་ཟུང་ཡངས་པོར་བལྟས་ན། དུས་རབས་ཉེར་གཅིག་པ་འདིའི་ནང་དུའང་བོད་བརྒྱུད་ནང་བསྟན་གྱི་བསྟན་པའི་སྦྱིན་བདག་ཆེ་ཤོས་ནི་རྒྱ་རིགས་ཚོ་ཡིན་པ་འདྲ་ཞིང་། རྒྱ་ནག་ནས་ཕེབས་པའི་རྒྱ་མོ་མཛེས་མ་སྒེག་ཉམས་ཅན་ཚོས་དད་པས་ཕྱག་ཟུང་ཡངས་པོར་རྐྱོང་ཡོང་སྐབས། རྒྱ་ནག་དམར་པོའི་རྒྱལ་ཁབ་ནང་གནམ་ས་ལྟ་བུའི་འགྱུར་ལྡོག་ཆེན་པོ་ཞིག་འགྲོ་བཞིན་ཡོད་པ་ཚོད་དཔག་བྱེད་ཐུབ་པ་ཞིག་རེད། དབང་གི་དངོས་གཞི་ནི་ཉིན་རྒྱབ་ཆུ་ཚོད་གཉིས་པའི་སྟེང་ཡིན་པས། གྲོས་ཇ་འཐུང་ཞོར་རྒྱ་ནག་དང་ཐེ་ཝན་ནས་ཕེབས་པའི་རྒྱ་མོ་ཁག་ཅིག་དང་མཉམ་པོར་ཁ་བརྡ་ལྷོད་ལྷོད་ཅིག་བྱས་པ་ཡིན།
ཐེ་ཝན་ནས་ཡོང་བའི་རྒྱ་མོ་དེ་ནི་ས་སྐྱའི་ཆོས་བརྒྱུད་ཀྱི་རྗེས་འཇུག་ཅིག་ཡིན་པ་དང་། མོ་མ་གཞི་ནས་ཡེ་ཤུའི་ཆོས་ལུགས་པ་ཞིག་ཡིན་འདུག་ནའང་། མོ་ལ་ལྟོས་ན་ཚེ་འདི་ཕྱིའི་སྐྱབས་གནས་མ་ནོར་བ་ནི་སངས་རྒྱས་ཀྱི་ཆོས་ཡིན་པར་འདོད་ཅིང་། བོད་ཕྱི་ནང་གི་ས་སྐྱའི་གདན་ས་གཙོ་བོར་གྱུར་པའི་ས་སྐྱའི་ཆོས་བརྒྱུད་ཀྱི་སྒར་དགོན་དང་བླ་གྲྭ་མང་བོ་ལས་ལམ་འབྲས་ཀྱི་ཆོས་གསན་མྱོང་མཁན་ཞིག་ཡིན་པ་དང་། ལོ་རྗེས་མ་ནི་དབང་ལུང་མན་ངག་མང་བོའི་རྗེས་འདེད་ཀྱི་འགྲུལ་བཞུད་མཚམས་འཇོག་གིས་ནང་གི་བསམ་གཏན་ལ་རྩེ་གཅིག་ཏུ་འཇོག་རན་པའི་དུས་ལ་བབས་ཡོད་ཟེར། རྒྱ་མོ་དེ་ནི་ཕར་བལྟས་ཚོད་ལ་ལྟ་གྲུབ་ཀྱི་བཀག་རྒྱ་ཅུང་ཤུགས་ཆེ་བའི་རྣམ་པ་ལྟ་བུ་ཞིག་མངོན།
རྒྱ་ནག་ནས་ཕེབས་པའི་རྒྱ་མོ་གཉིས་ནི་ཡུན་ནན་ཞིང་ཆེན་ནས་ཡིན་པ་དང་། ད་ལྟ་ཁ་ལི་ཧྥོར་ནིའི་ཡར་བསྡད་ཡོད་ཟེར། ཁོང་གཉིས་ཀའི་ཁྱིམ་རྒྱུད་ནང་བ་ཡིན་པ་དང་རྒྱ་ནག་ཏུ་ཡོད་སྐབས་ནས་བོད་ཀྱི་གནས་ཆེན་དང་། ཆོས་སྡེ་ཁག རྒྱལ་ས་ལྷ་ས་སོགས་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་ཕལ་ཆེར་ཞིག་ཏུ་འགྲོ་མྱོང་མཁན་རེ་ཡིན་པ་དང་། ཁ་ལི་ཧྥོར་ནིའི་ཡའི་ས་སྐྱའི་ཆོས་ཚོགས་སུ་མུ་མཐུད་སློབ་སྦྱོང་བྱེད་བཞིན་ཡོད་ཟེར། ཕར་བལྟས་ཚོད་ལ་རྒྱ་མོ་དེ་གཉིས་ཀ་གཉོམ་ཆུང་འགྲོགས་བདེ་སེམས་རྒྱུད་ཡག་པོ་དབང་ལུང་མན་ངག་རྗེས་འདེད་གཏོང་མཁན་རེ་ཡིན་ཚོད་འདུག ཁོང་ཚོ་གསུམ་གས་བོད་ཀྱི་སྐད་ཡིག་སྦྱོང་གིན་ཡོད་ཟེར། དེ་ནས་ཕར་བལྟས་ཚོད་ལ་བོད་མོ་ཨེ་སྙམ་པ། སྟོད་པའི་བོད་ཆས་རྒྱན་ཆ་སྣ་ཚོགས་ཀྱིས་བརྒྱན་བསྡད་ངེས་ཤིག་དང་འཕྲད། ངས་མོ་བོད་པ་ཡིན་མིན་དང་གང་ཞིག་ནས་ཕེབས་པ་ཡིན་མིན་དྲིས་སྐབས། ཕན་ཚུན་གོ་བརྡ་མ་འཕྲོད་པར་གདན་སའི་དཔེ་མཛོད་འགན་འཛིན་བོད་མོ་ཞིག་ཡོད་པ་དེ་ལ་གཏུགས་དགོས་བྱུང་། བུད་མེད་དེ་ནི་ཁ་ན་ཏྲ་ནས་ཡོང་བའི་བོད་མོ་ཞིག་རེད་འདུག
སྤྱིར་ད་ལམ་གྱི་བཀའ་ཆོས་འདིར་བོད་པ་ཁ་ཤས་ཤིག་ལས་ཕེབས་མི་འདུག ངས་སེམས་པར་བོད་པའི་རང་ཡུལ་ཤོར་བའི་སྟེང་དུ་ཆོས་ཀྱི་བགོ་སྐལ་ཀྱང་ཤོར་བཞིན་ཡོད་པའི་ངང་ཚུལ་ལ་བསམས་ནས་སེམས་ཤིན་ཏུ་སྐྱོ་དགོས་པ་ཞིག་བྱུང་། ཉིན་གོང་ཞལ་ལག་གྲུབ་ནས་གཙུག་ལག་ཁང་གི་ཕྱོགས་སུ་ཕྱིན་ཏེ༧ས་སྐྱ་བདག་ཁྲི་རྡོ་རྗེ་འཆང་ཆེན་པོ་བཀའ་དབང་དུ་ཆིབས་སྒྱུར་གནང་བར་ངང་སྒུག་བྱས་པ་ཡིན། ཚོགས་ཁང་དུ་ལ་ལས་སྒོམ་རྒྱག ལ་ལས་དཔེ་ཆ་ཀློག ཁ་ཅིག་གིས་མཆོད་མཇལ་དང་པར་ལེན་ཞིང་། གཞན་དག་རང་མོས་ཁ་བརྡ་བྱེད་བཞིན་པ་མཐོང་། ཇེ་ཞིག་ནས་འཁར་རྔའི་སྒྲ་གཏིང་ཟབ་མོ་ཞིག་གྲགས་པ་དང་ཆབས་ཅིག གྲྭ་བ་ཁག་ཅིག་གིས༧དཔལ་ས་སྐྱའི་བདག་ཁྲི་མཆོག་རིན་པོ་ཆེ་མཆོག་སྤོས་འདྲེན་གྱིས་འདུ་ཁང་ནང་གདན་དྲངས། དབུས་ཀྱི་གསེར་ཁྲི་ཆེན་པོ་དེའི་ཐོག་བཞུགས་པ་དང་ལྷན་ཡི་གེ་བརྒྱ་བའི་བཟླས་བརྗོད་ནས་ས་ཆོག་དང་ལྟ་གོན་སོགས་ཡོངས་རྫོགས་གྲུབ་པར་བྱས།
ངེད་བཟའ་ཚོ་ནི་ཚོགས་ཁང་གཡས་ངོས་ཀྱི་རྩིག་འགྲམ་སྒེ་ཁུང་ཆེན་པོ་ཞིག་གི་འཁྲིས་ཀྱི་ས་གདན་ཐོག་བསྡད་ཡོད། ༧གོང་མ་རིན་པོ་ཆེས་ང་ལ་ཡང་ཡང་གཟིགས་ཀྱི་ཡོད་པར་བལྟས་ན། ཁོང་གིས་ང་བོད་པ་ཞིག་ཡིན་ནམ་སྙམ་དུ་ཐུགས་དྭོགས་གནང་གི་ཡོད་ལས་ཆེ། དེ་ནས་ཁོང་འདུ་ཁང་དབུས་ཀྱི་བཞུགས་སྟེགས་ཆུང་ངུ་དེའི་ཐོག་ཕེབས་ནས། སློབ་མ་དག་ལ་ཚུལ་ཤིང་འཕེན་དུ་བཅུགས། ང་ཁོང་གི་མདུན་དུ་སླེབས་སྐབས་ཁོང་གིས་ཁྱེད་རང་བོད་པ་ཡིན་ནམ་ཞེས་བཀའ་འདྲི་གནང་བྱུང་། ངས། ལགས་ཡིན། བཀྲ་ཤིས་བདེ་ལེགས། ཞེས་གུས་འདུད་ཅིག་ཞུས་པ་ཡིན།
༧ས་སྐྱ་གོང་མ་ངས་སྔོན་མར་མཇལ་དུས་དང་བསྡུར་ན། བསམ་ཡུལ་ལས་འདས་པའི་འགྱུར་ལྡོག་ཆེན་པོ་ཞིག་ཐེབས་ཡོད་པའི་ཚོར་སྣང་བྱུང་། དགུ་བཅུ་གོ་གྲངས་ནང༧གོང་ས་མཆོག་གིས་རྡ་ས་ནས་སྤྱོད་འཇུག་ཆེན་མོའི་བཀའ་ཁྲིད་གནང་སྐབས། ཚོགས་ཐོག་ཏུ་ས་དགེ་བཀའ་རྙིང་སོགས་གྲུབ་མཐའ་རིས་མེད་ཀྱི་བླ་ཆེན་ཁག་ཕེབས་འདུག
སྐབས་དེར༧ས་སྐྱ་ཁྲི་འཛིན་བོད་གཞུང་ཆོས་ནོར་མགྲོན་ཁང་དུ་བཞུགས་གདན་འཇགས་པའི་སར་མཇལ་ཁ་ཞིག་ལ་བཅལ་བ་ཡིན། དེ་དུས་ཀྱི་ཁོང་ནི་སྐུ་ཤ་ཅུང་རྒྱགས་པ། སྤྱན་འབུར་ཚུགས་སུ་གཟིགས་མཁན། གཟི་བརྗིད་ཆེན་པོ་འཇིགས་སྣང་དང་དད་སྣང་ངང་གིས་སྐྱེ་བ་ཞིག་བཞུགས་ཀྱང་། ད་ལམ་ཁོང་མཇལ་མ་ཐག་སྐུའི་རྣམ་འགྱུར་ཞི་ཞིང་འཇམ་པ། མཇལ་ན་འདོད་ཅིང་མཇལ་ནས་འབྲལ་མི་བྲ་བ་སེམས་ཁོང་གི་སྐྱིད་སྡུག་གང་ཡིན་སྦས་གསང་མེད་པར་སྨྲ་སྙིང་འདོད་པ་ཞིག་རེད། ཉིན་དེའི་ཆོས་སྤྱོད་གྲུབ་མཚམས་རུང་ཁང་ནས་དགོང་ཟས་རན་ཙམ་ཟོས་རྗེས་རང་ཁྱིམ་དུ་ཕྱིར་ལོག
ཕྱི་ཉིན་ནི་བཀའ་དབང་དངོས་གཞི་ཡིན་ཞིང་། མཚན་མོ་དེར་རྩྭ་ཀུ་ཤ་མལ་ནང་དུ་བཞག་སྟེ་རྨི་ལམ་ཞིག་བརྟག་པ་ཡིན། ངའི་རྨི་ལམ་ནང་ཁང་རྩེག་མཐོན་པོ་བཟོ་འགོད་བྱེད་བཞིན་པ་ཞིག་དང་། རྩིས་འཁོར་ནང་དཔེ་ཆ་ཡང་ཡང་ཀློག་པ། ༧གོང་མ་རིན་པོ་ཆེ་ཐེངས་གཉིས་ལ་མཇལ་བ། ཆུང་མ་དང་མཉམ་པོར་ཡོད་པ་ལྟ་བུའི་རྨི་ལམ་སྣ་ཚོགས་རྨིས།
ཉིན་དེའི་གནམ་གཤིས་སྔོན་བརྡ་ལྟར་ན། ང་ཚོའི་ས་ཁུལ་འདིར་ཁ་བ་ཚོན༣ནས་༥བར་འབབ་རྒྱུ་ཡིན་ཚུལ་གསལ་ཞིང་། སློབ་གྲྭས་ཀྱང་ཛ་དྲག་ཁ་པར་འབྱོར་ཏེ་གནམ་གཤིས་ཀྱི་རྐྱེན་གྱིས་སང་ཉིན་ཉིན་ཕྱེད་མ་གཏོགས་སློབ་གྲྭ་མེད་པ་དང་ཉིན་གུང་གི་ཞལ་ལག་ཀྱང་སློབ་གྲྭའི་ངོས་ནས་འབུལ་རྒྱུ་མིན་པར་བཤད་པས། བུའི་ཉིན་གུང་གི་ཞལ་ལག་གྲ་སྒྲིག་མ་དགོས་ཀྱང་། ངེད་གཉིས་ཀྱིས་བཟའ་བཏུང་དང་ཉལ་ཆས་སོགས་གྲ་སྒྲིག་གིས། གལ་སྲིད་དགོས་མཁོ་བྱུང་ཚེ་བེད་སྤྱོད་གཏོང་ཆོག་ཆོག་བྱས། མ་རྒན་གྱི་སར་སོང་སྟེ་བུ་ཆུང་སློབ་གྲྭར་བསྐྱལ་འཕྲལ་ཆོས་ཚོགས་ཀྱི་ཕྱོགས་སུ་བྱ་འཕུར་བ་ལྟར་བསྐྱོད། ང་ཚོ་སླར་ཡང་སྔ་ཉིན་ལྟར་ཆུ་ཚོད་དགུ་བར་ཟིན་མ་ཟིན་ཞིག་ནས་ཆོས་ཚོགས་སུ་སླེབས། རྒྱབ་ཁུག་ཁུར་ནས་ཐད་ཀར་རུང་ཁང་དུ་སོང་སྟེ། འོ་ཇ་ཚ་བོ་ཕོར་གང་འཐུང་ཞོར་དེ་ཉིན་གྱི་ཁ་ཏོན་བཏོན།
དེ་རིང་བོད་པའི་བུད་མེད་དག་གིས་རྒྱན་ཆ་ཕྲ་མོའི་རིགས་བཏགས་ཤིང་། བོད་ཆས་པང་གདན་ཁྲ་བོ་ཅན་རེ་གྱོན་ནས་ཕེབས་པས་ཡིད་འཕྲོག་ངེས་ཤིག་བྱུང་། ཁ་སང་གི་ཞལ་ལག་ཚང་མ་རྒྱ་ལུགས་ཤ་མེད་རྐྱང་རྐྱང་རེད། དེ་རིང་གི་ཞལ་ལག་ཀྱང་ནུབ་ལུགས་ཞོག་ཁོག་བརྔོས་མ་དང་། ཕྱེ་ཐུག་ཆུར་ཁུ་ཅན། སྔོ་ཚལ་སྣ་ཚོགས། བག་ལེབ། ཕྱེ་ཐོ་སོགས་ཤ་མེད་དཀར་ཟས་ཀྱི་རིགས་བྲོ་བ་ཤིན་ཏུ་ཞིམ་པོ་ཅན་རེད། ངའི་ཆུང་མས་རྒྱ་རིགས་ཁག་ཅིག་དང་མཉམ་པོར་ལབ་གླེང་གི་མགོ་བརྩམས།
ངས་ཁོང་ཚོར་བརྡ་ལན་ཞིག་བརྒྱབ་སྟེ། གསར་དུ་གྲུབ་མ་ཐག་པའི་ཆོས་ཚོགས་ཀྱི་དཔེ་མཛོད་ཁང་འཚོལ་དུ་ཕྱིན། ང་འདུ་ཁང་གི་འོག་ཤོད་དུ་སོང་སྟེ་ཡར་མར་མྱུལ་ཞིབ་ཐེངས་འགའ་བྱས་རུང་དཔེ་ཁང་མ་རྙེད། འདུ་ཁང་གི་འོག་ཤོད་དུ་ཧི་མ་ལ་ཡའི་རིག་གཞུང་ཁང་ཞེས་པ་དང་། བོད་ཀྱི་ཚོགས་ཁང་སོགས་ཁང་ཚོམས་ཆེ་ཆུང་ཁ་ཤས་ཤིག་ད་དུང་མཇུག་ཆ་ཚང་མ་གྲུབ་པར་ལྷག་འཕྲོར་ལུས་པ་ལྟ་བུ་མཐོང་། དེ་ནས་ཡར་འཛེགས་ནས་འདུ་ཁང་གི་ནང་ཕྱིན་པ་ཡིན། སྟབས་ལེགས་པ་ཞིག་ལ༧གོང་མ་རིན་པོ་ཆེ་ཚོགས་དབུར་སྔ་སེ་ནས་ཕེབས་ཏེ། དབང་གི་ཉེར་བསྡོགས་མཛད་སྒང་རེད། མི་ཚོགས་ཀྱང་མང་བོ་ཞིག་སྔ་བོ་ནས་ནང་དུ་སླེབས་ཚར་འདུག
ང་ཁ་སང་གི་སྡོད་གནས་སུ་ཕྱིན་ནས་ཕྱག་གསུམ་འཚལ་རྗེས་ཐང་དུ་བསྡད་དེ་ཡི་གེ་འདི་འབྲི་བའི་མགོ་བརྩམས། རིང་བོར་མ་འགོར་བར་ཆུང་མའང་ཡོང་སྟེ་ངའི་འཁྲིས་སུ་བསྡད། ངས་ཐད་ཀའི་རྩིག་ངོས་སུ་བཤམས་པའི་ས་ཆེན་གོང་མ་རྣམ་ལྔའི་ཐང་སྐུ་ཆེན་པོ་དེར་མཇལ་ཐེངས་རེར། ངའི་སེམས་པ་དུས་རབས་བཅུ་གཉིས་པའི་བོད་ཀྱི་འཇིག་རྟེན་ནང་དབང་མེད་དུ་དྲངས་འགྲོ། སྐུ་ཐང་ཆེན་པོ་དེའི་དབུས་ཀྱི་བླ་མ་དགུང་ལོ་ཤིན་ཏུ་བགྲེས་ཉམས་ཅན་ན་བཟའ་དཀར་བོ་བཞེས་མཁན་དེ་ནི་ས་ཆེན་ཀུན་དགའ་སྙིང་བོ་རེད།
ཁོང་ནི་འཁོན་དཀོན་མཆོན་རྒྱལ་བོ་ཞེས་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་དང་། བ་རི་ལོ་ཙཱ་བ། སྨར་ལོ་ཙཱ་བ། སྤུ་ཧྲེང་ལོ་ཙཱ་བ། བླ་མ་གནམ་ཁའུ་བ་སྐུ་མཆེད་སོགས་བླ་མར་བསྟེན་ནས་མདོ་སྔགས་གཉིས་ཀར་མཁས་བའི་ཕུལ་དུ་ཕྱིན་པ། ལུང་རྟོགས་ཀྱི་ཡོན་ཏན་མཆོག་ཏུ་མངའ་བའི་སྐྱེས་བུ་ཆེན་པོ་ཞིག་རེད། ཁོང་གིས་ས་དགོན་བཏབ་པ་ལས་དཔལ་ས་སྐྱ་ཞེས་ཆོས་རྒྱུད་དང་། མི་རྒྱུད་གཉིས་ཀ་འབུར་དུ་ཐོན་པའི་མགོའང་དེ་ནས་ཚུགས། དཀོན་མཆོག་རྒྱལ་བོའི་སྲས་ས་ཆེན་ཀུན་དཀའ་སྙིང་ཡིན་ལ། དམ་པ་དེ་ནི་མདོ་སྔགས་གཉིས་ཀྱི་ཆོས་ལ་ཐོས་བསམ་སྒོམ་གསུམ་གནད་དུ་ཐེངས་པ་མཛད་པས། གྲུབ་པའི་གོ་འཕང་མཐོན་པོར་གཤེགས་ཏེ་གསང་ཆེན་རྡོ་རྗེ་ཐེག་པའི་བསྟན་པའི་མངའ་བདག་ཏུ་གྱུར་པར་གྲགས།
ཀུན་སྙིང་ལ་སྲས་བཞི་བྱུང་བའི་ནང་ཚན། རྗེ་བཙན་བསོད་ནམས་རྩེ་མོ་དང་། རྗེ་བཙུན་གྲགས་པ་རྒྱལ་མཚན་གཉིས་ཀྱང་ཡབ་དང་འདྲ་བར་གྲུབ་པའི་གོ་འཕང་མཐོན་པོར་ཕེབས། ཡབ་སྲས་གསུམ་ག་གོས་་དཀར་ལྕང་ལོ་ཅན་གྱི་སྡེར་གཏོགས་པས་ས་སྐྱའི་ལོ་རྒྱུས་ནང་ཁོང་རྣམ་པར་དཀར་བོ་རྣམ་གསུམ་ཞེས་འབོད། ཀུན་སྙིང་གི་སྲས་ཆུང་ཤོས་དཔལ་ཆེན་འོད་པོ་ཆེ་ལ་སྲས་ས་སྐྱ་ཀུན་དགའ་རྒྱལ་མཚན་དང་། ཟངས་ཚ་བསོད་ནམས་རྒྱལ་མཚན་གཉིས་ལས། ཀུན་དགའ་རྒྱལ་མཚན་ནི་ཐེག་པ་ཆེ་ཆུང་མདོ་སྔགས་རིག་གནས་དང་བཅས་པར་མཁས་པས། ས་སྐྱ་པན་ཆེན་ཞེས་པན་ཆེན་གྱི་མཚན་བོད་འདིར་ཐོག་མར་བཞེས་མཁན་དེ་ཡིན་པར་གྲགས། ཁོང་གི་མཚན་སྙན་གྲགས་ནི་རྒྱ་བོད་ཧོར་གསུམ་སོགས་ཡངས་པའི་རྒྱལ་ཁམས་ཀུན་ཏུ་ཁྱབ་ཡོད། དམ་པ་དེ་ཉིད་ཁ་ཆེ་པན་ཆེན་ཤྰཀྱ་ཤྲིབྷདྲ་ལས་བསྙེན་པར་རྫོགས་པས་རྟེན་རབ་བྱུང་ཡིན།
ཁོང་གི་གཅུང་ཟངས་ཚ་བསོན་ནམས་རྒྱལ་མཚན་ལ་སྲས་གཉིས་ལས། ཆེ་བ་ནི་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་། དེའི་གཅུང་ཕྱག་ན་གཉིས་ལས། ཆོས་འཕགས་རྟེན་རབ་བྱུང་ཡིན་པས། ཁོང་དང་ཁུ་བོ་ས་པན་གཉིས་ཀ་རབ་བྱུང་ངུར་སྨྲིག་གི་སྡེར་གཏོགས་པས་ས་སྐྱའི་ལོ་རྒྱུས་ནང་ཁོང་གཉིས་ཀར་དམར་པོ་རྣམ་གཉིས་ཞེས་འབོད། དཀར་དམར་དུ་གྲགས་པའི་ས་ཆེན་གོང་མ་རྣམས་ཀྱི་སྐབས། དཔལ་ས་སྐྱ་དེ་བཞིན་ཨྱོན་གྱི་ཡུལ་ལྟར་གསང་ཆེན་རྡོ་རྗེ་ཐེག་པའི་བསྟན་པའི་འབྱུང་གནས་ལྟ་བུར་ཆགས་པར་བཤད་ཅིང་། བོད་ཙམ་དུ་མ་ཟད་རྒྱ་བལ་སོགས་ནས་ཀྱང་དཔལ་ས་སྐྱའི་གདན་སར་ནང་ཆོས་སློབ་སྦྱོང་བྱེད་པར་ཕེབས་ཀྱི་ཡོད་པར་གྲགས།
གོང་མ་རྣམ་ལྔ་ལས་དམར་བོ་རྣམ་གཉིས་ཀྱི་བཀའ་དྲིན་ནི། ང་ཚོ་བོད་པས་སྲིད་མཐའི་བར་དུའང་འཚོབ་དཀའ་བའི་ཚོད་དུ་སྣང་སྟེ། ས་པན་གྱིས་མཛད་པའི་ཚད་མ་རིག་གཏེར་ནི། འཕགས་ཡུལ་གྱི་ཚད་མ་རིག་པའི་རྣམ་བཞག་ལེགས་པར་མཁྱེན་ཅིང་། བོད་འགྲེལ་རྣམས་ལས་ཚད་མའི་དཀའ་གནད་མ་ཤོད་པ་རྣམས་རྩལ་དུ་བཏོན་ནས་གནད་ཐོག་ཏུ་ཕབ་པ། དཀའ་སར་རྒྱས་བཤད་དང་སླ་སར་སྐྱུང་བཤད་ཀྱིས་ཚིག་ཉུང་དོན་གསལ་གོ་སླ་བའི་ཚད་མའི་བསྟན་བཅོས་གཞུང་ཆེན་པོ་དག་ལ་ལྟ་བའི་མིག་ལྟ་བུ་དང་། མཁས་འཇུག་ནི་འཆད་རྩོད་རྩོམ་གསུམ་ལ་འཇུག་ཐབས། བརྗོད་བྱ་གཏིང་ཟབ་ཅིང་རྗོད་བྱེད་གནད་ཐོག་ཏུ་འགྲིལ་བ། མཁས་པའི་བྱ་བར་འཇུག་པའི་གནས་དང་གནས་མ་ཡིན་པའི་ཁྱད་པར་ལེགས་པར་ཕྱེས་ཏེ། མཁས་བླུན་བར་མ་སུ་འདྲ་ཞིག་གིས་སློབ་སྦྱོང་བྱས་ཀྱང་དངོས་ཤུགས་བརྒྱུད་གསུམ་ནས་ཤེས་རབ་ཀྱི་རྩལ་རེ་འབྱེད་ཐུབ་པའི་ཕན་ཡོན་དཔག་ཏུ་མེད་པ་ཡོད་པ་དང་། ས་སྐྱ་ལེགས་བཤད་ནི། བླ་མའི་ཆོས་ར། གྲྭ་བའི་རྩོད་གྲྭ། ཁྱིམ་པའི་འཁོར་བ་སྒྲུབ་སྟངས་ཚུན་ཆོད་ལའང་ལེགས་ཉེས་བླང་དོར་གྱི་གནད་སྟོན་པའི་ལུང་དང་། བདེན་རྫུན་གྱི་ཞལ་ལྕེ་གཅོད་པའི་ཁྲིམས། གཏམ་ཁ་ལྕེའི་སྨྲ་བརྗོད་བརྒྱན་པའི་སྙན་ཚིག་ལྟ་བུར་བོད་པ་ཕལ་མོ་ཆེའི་ངག་ཐོག་ནས་ཐོར་བུ་ཐོར་བུའི་ཚུལ་དུ་སྐྱོར་རྒྱུ་ཡོད།
ཁུ་དབོན་དེ་གཉིས་ཀྱིས་སྐྱེ་འགྲོ་སྤྱི་དང་ཁྱད་པར་བོད་པའི་བདེ་སྡུག་ཐུགས་ལ་བཏགས་ཏེ་དགུང་ནའི་བབ་དང་། ས་ཐག་རིང་ཞིང་འགྲུལ་ལམ་བདེ་བོ་ཡོད་མེད་ཀྱི་དཀའ་ངལ་སོགས་ལ་ཅི་མི་སྙམ་པར་དྲག་པོ་གཡུལ་གྱི་འཇིགས་ཟིལ་ཤིན་ཏུ་ཆེ་བའི་སོག་ཡུལ་དུ་ཕེབས་པ་དེ་ནི། ཅི་འདྲའི་བསྟན་པ་དང་འགྲོ་བ་ལ་མཉེས་གཤིན་པའི་སྐྱེས་བུ་ཆེན་པོའི་མཛད་པ་ཞིག་རེད་ཨང་།
བློ་གཟུ་བོར་གནས་པའི་ཐོག་ནས་བསམ་བློ་ཞིག་བཏང་ན། སྐབས་དེའི་སོག་ཤུགས་ནི། སྐྱེ་དངོས་ཐམས་ཅད་གཞོབ་སྲེག་བྱེད་པའི་མེ་རི་ཆེན་པོ་ཞིག་འགས་བཞིན་པ་དང་ཀུན་ཏུ་འདྲ་ཞིང་། མེ་རླབས་ཀྱི་ཁུགས་པ་རེ་རེར་ཡུལ་སྡེ་དང་། རྒྱལ་ཁབ། དུད་འགྲོ་ཕྱུགས་ཟོག་ཚུན་ཆོད་ཧུབ་ཀྱིས་འདྲེན་སྐབས་ཤིག་ཏུ། ཁུ་དབོན་དེ་གཉིས་ནི་འཇིགས་སྐྱོབ་ཀྱི་རྡོ་རྗེའི་གུར་ཁང་ལྟ་བུར་གྱུར་ཡོད། འོན་ཀྱང་དིང་སང་བཀའ་དྲིན་རྗེས་དྲན་ཙམ་ཡང་མི་བྱེད་པ་ནི་ཕྱི་ཐག་ཐུང་བའི་རང་གཤིས་ཤིག་རེད་སྙམ།
ཨོ་དགོངས་དག ངས་སྐད་ཆ་མང་དྲགས་སོང་། ད་འདི་ནས་མང་བོ་མི་འབྲི། ཚིག་ཚོགས་མང་དྲགས་ན་སྐབས་དོན་སྒྲིབ་ཅིང་། ཀློག་མཁན་དག་ཀློག་སྙིང་ཡང་མི་བྲོ་བར་ཆགས་འགྲོ། ངས་འདི་ལྟར་འབྲི་བཞིན་པའི་མུ་ནས་ས་སྐྱ་ཁྲི་འཛིན་གྱིས་དབང་གི་ལྟ་གོན་གྲུབ་སྟེ། ཉིན་གུང་གི་གསོལ་ཚིགས་ལ་ཕེབས་སོང་། སྐབས་དེར་ཆུ་ཚོད་བཅུ་གཉིས་ཟིན་ལ་ཉེ། ང་ཚོའང་རུང་ཁང་དུ་ཕྱིན་ནས་ཉིན་གུང་གི་ཞལ་ལག་ལ་ལོངས་སུ་སྤྱོད། ཁ་ཟས་ཟོས་ཚར་ནས་ང་ལམ་སང་འདུ་ཁང་ཕྱོགས་སུ་དཔེ་མཛོད་ཁང་འཚོལ་དུ་ཕྱིན། དཔེ་མཛོད་ཁང་དེ་ནི་འདུ་ཁང་སྟོད་ཀྱི་གཡོན་ངོས་སུ་འདུག ཐག་ཉེར་སླེབས་ནས་ལྟ་སྐབས་སྒོ་བརྒྱབ་འདུག་ཀྱང་། སྒོ་ལྕགས་ཀྱི་ནང་ལྡེ་མིག་བཞག་ཡོད་པ་མཐོང་། ངས་ག་ལེར་ལྡེ་མིག་གིས་སྒོ་ཕྱེས་ཏེ་ནང་དུ་ཕྱིན། ཁ་སང་བཙུན་མ་ཀུན་དགའ་ཆོས་སྒྲོན་མཆོག་གིས་ངོ་སྤྲོད་གནང་དུས། ངས་དཔེ་མཛོད་ཁང་དེ་རྒྱ་ཆེན་པོ་དཔེ་རིགས་སྣ་མང་འདུས་པའི་གླིང་ཞིག་ཡིན་པར་ཆ་འཇོག་བྱས་མོད། ངའི་བསམ་པ་དང་མཐོང་བ་གཉིས་རྦད་དེ་ལོག་པ་ཞིག་རེད། དེ་ནི་དཔེ་ཁང་ཆུང་ཆུང་དཔེ་ཆའང་ས་སྐྱའི་བཀའ་འབུམ་གཙོ་བོར་གྱུར་པའི་དཔེ་ཆ་ཉུང་ངུ་ཞིག་ལས་མི་འདུག འོན་ཏེ་ངོ་སྤྲོད་བྱས་པ་ལྟར་ན་དཔེ་ཁང་ད་སོ་མར་གྲུབ་ཚར་ཙམ་ཡིན་པས་ད་དུང་ཕྱི་ནས་ཇེ་རྒྱས་སུ་གཏོང་བའི་འཆར་གཞི་ཡོད་པ་རེད་སྙམ།
རེ་ཞིག་ནས་འཁར་རྔའི་སྒྲ་དང་དྲི་ཞིམ་གྱི་སྤོས་དུད་ཁྲོད། ༧བདག་ཁྲི་རྡོར་རྗེ་འཆང་ཆོས་ཀྱི་ཁྲི་འཕང་མཐོན་པོར་བཞུགས་ནས། དཔལ་འཁོར་ལོ་བདེ་མཆོག་གི་བཀའ་དབང་དངོས་གཞི་བསྐུར་བའི་དབུ་ཚུགས། བདག་ཁྲི་རིན་པོ་ཆེས་དབང་སྐུར་གྱི་བཀའ་ཆོས་ཕལ་ཆེར་ཨིན་སྐད་ཀྱི་ཐོག་ནས་གསུང་གི་ཡོད་སྟབས། ཕྲན་ལ་ལྟོས་ན་ཅུང་གོ་དཀའ་བའི་དཀའ་ངལ་ཡོད་ཀྱང་། ཁོང་གིས་དབང་ཆོག་བོད་ཡིག་ལྟར་ལྗགས་ཀློག་གནང་སྐབས་ངས་དབང་དོན་ཕལ་ཆེར་གསལ་བོར་ཧ་གོ
རྒྱུད་སྡེ་གོང་འོག་གི་ས་ལམ་གྱི་ནམ་བཞག་ཐད་ཐོས་བསམ་ཅུང་ཟད་རེ་མེད་ན་ཟབ་མོའི་གནས་འདི་ལྟ་བུ་བློར་འཆུན་རྒྱུ་ཤིན་ཏུ་ཁག་པོ་རེད་བསམ། རོལ་མོའི་སྒྲ་བཅས་དབང་གི་བྱིན་འབེབས་སྐབས། ངའི་ལུས་ཧྲིལ་བོར་གློག་རྒྱུག་པ་ལྟར་སྦྲིད་ནས་ཚ་ཤད་བརྒྱབ། གཙུག་ལག་ཁང་གི་དབུས་ཀྱི་ནམ་མཁའ་ནས་མཁའ་སྤྱོད་མ་དམར་མོ་མིའི་ལུས་པོ་དཀྱུས་མ་ལས་ལྡབ་ཁ་ཤས་ཀྱིས་ཆེ་བ་ཞིག གློག་འཁྱུགས་པ་ལྟར་བྱུང་སྟེ་ངའི་ལུས་པོར་ཐིམ་འགྲོ་བའི་ཚོར་སྣང་ཤར་ཞིང་སྣང་བའང་བན་བུན་དུ་གྱུར། ངའི་ཆུང་མ་ལའང་ཚོར་སྣང་ཕྱོགས་འདྲ་ཞིག་བྱུང་འདུག གང་ལྟར་ཡང་དབང་བསྐུར་གྲུབ་རྗེས་བླ་མར་བཀའ་དྲིན་གཏང་རག་གི་ཡོན་ཏུ་མནྡྲལ་ཕུལ་ཞིང་། ༧ཞབས་པད་བརྟན་པའི་གསོལ་འདེབས་ཀྱང་ཞུས། སྐབས་དེར་རྒྱའི་ན་ཆུང་མཛེས་མ་གཏོང་ཕོད་ཅན་དག་གིས་སླར་ཡང་སྐུ་གསུང་ཐུགས་རྟེན་སོགས། འབུལ་དངོས་སྣ་ཚོགས་ཁུར་ནས་བླ་མར་མཆོད་ཕྲེང་བསྟར་བཞིན་འདུག
ད་རེས་ང་ལ་དོ་སྣང་བྱུང་བ་ཞིག་ནི། དབང་བསྐུར་ཚར་རྗེས་དབང་གི་དམ་སྡོམ་དང་རྒྱུན་འདེབས་ཀྱི་སྐོར་ཆོས་ཚོགས་ནས་མཁོ་སྤྲོད་ཅིའང་བྱས་མེད་པ་དེ་རེད། དབང་རྩ་ཆེན་པོ་དེ་འདྲ་ཐོབ་སྟེ་བསྲུང་བྱའི་དམ་སྡོམ་དང་། ཉིན་རེའི་རྒྱུན་འདེབས་བསྡུས་པ་རེ་བྱེད་མ་ཐུབ་ན་ཤིན་ཏུ་ཕངས་པོ་རེད། ངས་དེ་སྐོར་ཆོས་ཚོགས་ཀྱི་ཨིན་ཇིའི་གྲྭ་བ་ཞིག་ལ་ཞུས་ཡོད། ཁོང་གིས་གནད་དོན་དེ་ཆོས་ཚོགས་འགན་འཛིན་ལྷན་ཚོགས་སུ་གླེང་སློང་བྱེད་རྒྱུ་ཡིན་ཟེར། ངས་སྙན་ཞུ་དེ་ཕུལ་ནས་ད་ལྟ་བར་ཉིན་གྲངས་བདུན་འགྲོ་ཚར། གཟའ་མཇུག་འདིར་སླར་ཡང་ཆོས་ཚོགས་སུ་བཅར་དགོས་པས། སྐབས་དེར་རེ་ཞུས་དོན་སྨིན་བྱུང་ཡོད་མེད་གཞི་ནས་བལྟ་རྒྱུ་ཡིན། རྩོམ་ཡིག་འདིར་ཞུས་དག་ཡག་པོ་ཞིག་བྱེད་ལོང་མ་བྱུང་བས། མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་དྲི་མ་ཡོད་ཚེ་བཟོད་གསོལ་ཞུས་པ་ཡིན། དགེའོ།།
དཔལ་ལྡན་ས་སྐྱས་འོད་གསལ་ལྷ་ལས་མཆེད་ཅེས་པ་ནི་ཡེ་སེང་དཀར་པོའི་རྒྱུད་པ་ཡིན་ལབ་ཀྱི་ཡོག་རེད་ལ། དེ་ནི་བོན་གྱི་བརྒྱུད་འཛིན་ཆེ་ཤོས་ཤིག་རེད། མ་གཞི་ས་སྐྱས་གྲུབ་མཐའི་འགོ་ཁུངས་རྒྱ་གར་ལ་གཏུགས་ཀྱི་ཡོད་ནའང་། གདུངརྒྱུད་བརྒྱུད་འཛིན་གྱི་ལམ་ལུགས་ཀྱང་བོན་ལས་བྱུང་པ་རེད།
འོ་དཔེ་མ་སྲིད་སྙན་མོ་འབྲི་འགེ། །མ་ཟད་ཁྱོད་སྐལ་བ་བཟང་འདུག།
ཨ་ཁུ་ཆོས་དབྱིངས་ནམ་རྒྱུན་དུང་མདའི་ཆུ་སྐྱུར་ལ་འགྲོ་གི་རེད་་་་་
རྔ་བ་རྒྱལ་ཁམས་པ་ལགས། རྩོམ་ཟེར་ནོ་རེད། ཧ་ཅང་སྙན་ནི་མ་ཟད། ས་ཆེན་རྣམས་ཀྱི་མཛད་འཕྲིན་བསམ་དུས་ལུས་ཀྱི་བ་སྤུ་ལྡང་། བཀའ་དྲིན་བསམ་དུས་འདྲེན་བྱེད་ཟུང་ལས་དད་པས་མཆི་མ་འཁོར་ཡོང་གི དབང་ཞུ་བའི་སྐབས་ཀྱང་ཁྱེད་བཟའ་ཚོ་དབང་ལེགས་པར་འཐོབ་རྟགས་འདུག་ཀྱང་། དབང་མ་ཞུས་པའི་སྔ་རོལ་དུ་འགྲོ་སོང་་ལ་ཕངས་སེམས་སྐྱེས་འདུག་པ་ནི། གསེར་ལེན་རྒྱུ་ཡོད་པ་ཤེས་བཞིན་དུ་རག་ལ་རྔམས་པ་ལྟ་བུ་ཞིག་བྱུང་འདུག་པ་དེ་ཆོས་ལ་བར་ཆད་ཡིན་པས། སླད་སྤངས་ན་རེད། གང་ལྟར་ཆོས་ཀྱི་གོ་བ་གང་འཚམ་འདུག་ག མཐེ་བོང་ལན་བརྒྱ་སྒྲེང་ཡ།
རུས་རྐང་ལྷ་ལ་ཐུག་པའི་ལྷ་སྒྲུང་ནི་ས་སྐྱ་གཅིག་པུ་མ་རེད་རང་རེའི་བོད་ཀྱི་བླ་རབས་མང་ཆེ་བའི་ལོ་རྒྱུས་འཆད་སྐབས་འོད་གསལ་ལྷ་ལས་བྱུང་ཞེས་བྲིས་ཡོད་པ་རེད། ས་སྐྱ་ཚང་གི་བསྟན་བདག་རྣམས་ལ་མ་དད་པ་དང་མི་དགའ་བ་གཏན་ནས་མིན་ཡང་། བུ་རབས་ཚ་རྒྱུད་དང་། ཤ་ནེ་ཡང་ཉེ། མཐའ་ན་མ་སྲུ་མག་པ་ཚུན་ཆད་དགེ་འདུན་པའི་གྲལ་འགོ་དང་སྤྱི་ཚོགས་ཀྱི་མཐོ་སར་སྙེགས་པ་ནི་ཅི་འདྲའི་སྙིང་ལ་གཟན་པ་ཞིག གཉིད་ཁུག་པའི་སྤྱི་ཚོགས། རྨོངས་དད་ཀྱིས་རུམ་པའི་གྲལ་རིམ། བློ་གྲོས་ཀྱིས་དབུལ་བའི་ཚོགས་སྡེ། །མདོར་ན་རབ་བྱུང་བ་དང་རབ་བྱུང་བ་མིན་པའི་བར་ཚད་ལ་ཐིག་ཅིག་ཡོད་ན་ཅི་འདྲའི་གཟི་བརྗིད་དང་ལྡན་པ་ཞིག །
གོང་དུ་བཅོས། །མདོར་ན་ས་སྐྱ་ཚང་གི་རབ་བྱུང་བ་དང་རབ་བྱུང་བ་མིན་པའི་བར་འབྱེད་ཀྱི་ཐིག་ཅིག་ཡོད་ན་ཅི་འདྲའི་གཟི་བརྗིད་དང་ལྡན་པ་ཞིག །
མི་ཚང་གཉིས་ཀྱི་ཕ་བུའི་རེས་མོལ་གྱི་ས་སྐྱའི་ཆོས་ལུགས་སྒེར་བདག་གིས་ལུགས་སྲོལ་དེ་ནི་ཆོས་ལུགས་སྒེར་སྤྱོད་ཀྱིས་བོད་ཀྱི་བླ་མའི་ཆོས་ལུགས་རེད། ང་ནི་དེར་མི་གུས་ལ་དེ་ལྷ་ཀླུ་འདྲེ་གང་གི་སྤྲུལ་པ་བཤད་ཀྱང་དོན་དུ་ཆོས་ལུགས་སྒེར་སྤྱོད་ཀྱི་ཕ་རྒན་གྱིས་གྲྭ་བཙུན་དང་ཆོས་དད་པའི་མགོ་མནོན་ཨ་ཕ་རེད།
་་་་་་་་་་་་་་་་ ཁྱེད་ཚོ་འདིར་ཕེབས་མཁན་དག་གིས་སྟབས་ཀ་ལྡན་ཚེ། ས་གནས་ཡུལ་མིའི་ཚོང་ཁང་དང་། ཟ་ཁང་། མགྲོན་ཁང་སོགས་བེད་སྤྱོད་བཏང་སྟེ། ཁོང་ཚོར་དཔལ་འབྱོར་གྱི་ཁེ་ཕན་ཡོང་ཐབས་དང་། རང་ཉིད་གདན་ས་འདིར་ཆོས་ཞུར་བཅར་མཁན་ཡིན་པ་ཁོང་ཚོར་ཤེས་སུ་འཇུག་རོགས། ས་གནས་ཡུལ་མི་དང་འཕྲད་ཚེ་ཚུལ་མཐུན་གུས་ཞབས་ཀྱི་རྣམ་འགྱུར་བརྒྱུད་ནང་ཆོས་ཀྱི་བག་ཆགས་བཟང་བོ་ཁོང་ཚོར་ཐེབས་སུ་འཇུག་རོགས་ཞེས་ཟེར། ་་་་་་་་་་་་་་
་་་་་་་་་་་་་་ སྤྱིར་ད་ལམ་གྱི་བཀའ་ཆོས་འདིར་བོད་པ་ཁ་ཤས་ཤིག་ལས་ཕེབས་མི་འདུག ངས་སེམས་པར་བོད་པའི་རང་ཡུལ་ཤོར་བའི་སྟེང་དུ་ཆོས་ཀྱི་བགོ་སྐལ་ཀྱང་ཤོར་བཞིན་ཡོད་པའི་ངང་ཚུལ་ལ་བསམས་ནས་སེམས་ཤིན་ཏུ་སྐྱོ་དགོས་པ་ཞིག་བྱུང་། ་་་་་་་་་་་་་
དཔལ་རྡོ་རྗེ་འཆང་༸ས་སྐྱ་བདག་ཁྲི་རིན་པོ་ཆེ་༸སྐུ་ཚེ་ཡུན་ཏུ་བརྟན་པའི་སྨོན་ལམ་ཤུགས་དྲག་ཞུ་བཞིན་ཡོད།། །།
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་སྐུ་ཚེ་ཞབས་པད་བརྟན་པའི་སྨོན་ལམ་འདེབས། །
ངག་གི་དབང་ཕྱུག་འཇམ་དཔལ་དཔའ་བོའི་གདུང་། །འགྲོ་ཀུན་དགའ་བྱེད་མཁྱེན་བརྩེའི་ཕྲིན་ལས་ཅན། །
ཐེག་ཆེན་ཤིང་རྟ་ཡོན་ཏན་དཔལ་འབར་བ། །བསམ་འཔེལ་དབང་གི་རྒྱལ་པོ་ཞབས་བརྟན་གསོལ། །ཅེས་པའང་དྲི་མེད་པས་གུས་ཕུལ། །
རྔ་པ་རྒྱལ་ཁམས་པ་མཆོག ༧ས་སྐྱ་སྐྱབས་མགོན་གོང་མ་རིན་པོ་ཆེ་ནས་དད་གུས་ཆེན་པོས་བོད་ལུགས་ཀྱི་དབང་ལུང་སོགས་ཞུ་བ་ནི་སྐལ་བ་ཡོད་པའི་སྣོད་བཟང་པོར་མངོན།
འོན་ཀྱང་དཔལ་ལྡན་ས་སྐྱ་པ། ཞེས་པ་དང་། རྔ་བ་རྒྱལ་ཁམས་པ། ཞེས་པ་གཉིས་མིང་མཐའ་འདྲེན་ཚུལ་ལ་འབྲི་བ་པོ་གཅིག་གིས་མི་མཐུན་པའི་ཟུང་བཀོལ་བྲིས་བྱས་པ་ནི་་ཀློག་པ་པོ་གསར་བུ་པ་རྣམས་འཐོམས་པའི་གནས་སུ་མཐོང་།
གཉིས་སྟོང་དྲུག་ལ་བདག་ཨ་མདོ་རུ་གནས་བསྐོར་དུ་ཡོད་དུས་ཨ་མདོ་པ་དང་དབུས་གཙང་པ་དག་གི་མཁས་པ་རྣམས་སྐད་རིགས་གཅིག་འགྱུར་ཆེད་ཚོགས་འདུས་བགྲོ་གླེང་དུ་མོས་མཐུན་མེད་པ་བཤད་པ་ཐོས་འཕྲལ་བདག་གི་སེམས་ལ་བོད་མཁས་པ་རྣམས་ཀྱིས་བྲིས་པའི་མིང་མཐའ་འདྲེན་ཚུལ་དེ་བོད་རིགས་ཡོངས་ཀྱིས་ཁས་ལེན་དགོས་པ་སེམས་ལ་ཤར།
༧གོང་ས་རྒྱལ་བའི་དབང་པོའི་བཞེད་པ་ནི་འབྲི་ན་དག་པར་འབྲི་བ་ལ་འབད་དགོས། དེ་མིན་མ་འབྲི་ན་ལེགས། ཞེས་གསུངས་པ་ལ་དགོས་པ་ཡོད་པ་བོད་སྤྱི་ལ་ཕན་པའི་བློ་ཡོད་པ་རང་རེ་ཀུན་གྱིས་་ཤེས་དགོས།
“གསེར་ཆོས་ཀྱི་བཀའ་དབང་རྣམས་རིམ་པར་བསྩལ་གནང་མཛད་རྒྱུའི་ལས་འཆར་ཁག་ཞིབ་མོར་བཀླགས་ཅིང་རྟོགས།”
ཚིག་བརྗོད་འདིར་མ་དག་པ་གཞན་ཡོད་པ་དམིགས་བཀར་གྱིས་བྲིས་པ་མ་ཡིན་པས། གཞན་དེ་བཏང་སྙོམས་སུ་བཞག་ནས། བསྩལ། ཞེས་པ་བོད་རྒྱ་ཚིག་མཛོད་སོགས་ན་གསལ་བས་དེ་ཉིད་དག་པར་སེམས་པ་ནི་བོད་ཀྱི་མཁས་པ་རྣམས་ཀྱིས་བྲིས་པའི་དཔེ་ཀུན་དང་འགལ།
ཉེ་དུས་རྒྱལ་བ་ཀརྨ་པ་ཞབས་ཀྱི་བོད་སྐད་གནས་ཚུལ་འབྲི་བ་པོ་མི་གསོན་པོ་མཆོག་ལ་སྩལ་ལ་བསྩལ་ཅེས་པ་ནོར་འཁྲུལ་ཡིན་བྱས་པས། རྗེས་སུ་བཀའ་སློབ་ཟབ་རྒྱས་སྩལ། ཅེས་དག་པར་བྲིས་སོ།
དེས་ན་རྔ་པ་རྒྱལ་ཁམས་པ་མཆོག་ལ་སོགས་པས་སྩལ་ཅེས་སམ། སྩལ་ཞེས་བོད་མཁས་པས་བྲིས་པའི་བཀའ་བསྟན་གསུང་འབུམ་གྱི་དཔེ་དག་པ་དང་བསྟུན་ནས་འབྲི་ན། ༧དཔལ་ལྡན་ས་སྐྱའི་སྐྱབས་མགོན་བདག་ཁྲི་རིན་པོ་ཆེ་ལ་སོགས་པ་བོད་སྐད་ཀྱི་དག་ཆ་ལ་རྩི་བཀུར་མཛད་པ་དག་གི་ཐུགས་བཞེད་སྐོང་བའི་ཞབས་འདེགས་སུ་འགྱུར་རོ།
་
བདག་ལ་ཉི་མ་རིང་པོ་ཡོད་པས་འདི་ལྟར་བྲིས་པ་མ་ཡིན་གྱིས། དུས་མི་ཁོམས་བཞིན་བོད་སྐད་སྤྱིའི་ཞབས་ཏོག་ཡིན་བསམས་ཏེ་བྲིས། ཡིག་ནོར་དག་ལ་ཞུས་དག་མཛད་པར་ཞུའོ།
རྔ་བ་རྒྱལ་ཁམས་པའི་རྩོམ་རྩལ་དང་ངལ་བྲལ་དྲན་འཛིན། ཟིན་ཐོ་སོགས་ཀྱི་མཛད་པ་ནི་ཡི་རངས་གནས་རེད།
སྐབས་དོན་དྲི་བ་ཞིག་ནི།
དགེ་ཚུལ་སློང་གསང་སྔགས་དག་དང་བཅས་པའི་སྡོམ་པ་བཞེས་རྗེས་སུ། ཚུལ་ཁྲིམས་འཆལ་བའི་སྐྱོན་ནམ། བྱང་སེམས་འཛགས་བདེའི་ངོ་བོར་བུ་མེད་བསྟེན་ན། དམ་ཆོས་གསུང་རབ་ཁྲོད་ནས་གནས་འདིའི་སྐོར་ཁ་གསལ་ཡོད་དམ། གལ་སྲིད་ཡོད་ན། ཀློག་མཁན་དག་གི་དག་སྣང་ཐད་ནས་ཕན་ཐོགས་བླ་ལྷག་འབྱུང་ངེས།
ཤཱཀྱ་ཟེར་བའི་ཚིག་དེ་རྗེས་སུ་ས་སྐྱ་ཟེར་བར་གྱུར་བ་ཡིན་སྲིད་པ་ཞིག་བསམ་བྱུང་།
བདག་ས་སྐྱ་ལ་༡༩༨༧་དང་༢༠༠༤་ལོར་ལན་གཉིས་ཙམ་སླེབས། སྔོན་རི་སྒང་ས་སྐྱ་བོ་ཞིག་གི་ལོགས་སུ་དགོན་པ་གཙུག་ལག་ཁང་སོགས་ཆགས་པས་ན། ས་སྐྱ་ཞེས་དགོན་པ་དང་། ས་སྐྱ་པ་ཞེས་ཆོས་ལུགས་ཀྱི་མིང་དུ་ཡང་ཐོགས་སོ་སྙམ། ས་སྐྱ་དགོན་པར་ཕྱི་ལོགས་ཀྱི་རྩིག་པ་གཞིག་ཀྱང་། ནང་ལོགས་ཀྱི་ཆོས་པོ་ཏི་བརྩེགས་པ་གཞིག་མི་འོང་བའི་གཏམ་། རྗེ་བཙུན་བླ་མ་དམ་པ་ཁུ་ནུ་པ་་བསྟན་འཛིན་རྒྱལ་མཚན་ཞལ་སྔ་ནས་ཐོས་པ་བདེན་པར་མཆིས་ཏེ། ༡༩༨༧ ལོར་འཕགས་པ་བརྒྱད་སྟོང་པ་སྤྱིར་བཏང་གི་པོ་ཏི་བཞི་ཙམ་གྱི་ཚད་ཡོད་པ་ཞིག་མཇལ། འདི་ཉིད་ལྷ་ཁང་སོ་མའི་ནང་དུ་བཞུགས། ལྷ་ཁང་སོ་མ་འདི་མི་མངས་ཀྱིས་ཐབས་ཇུས་ཀྱིས་འབྲུ་མཛོད་བཟོས་ནས། རྒྱ་གུང་ཁྲན་གྱི་རིག་གནས་གསར་བརྗེའི་སྤྱོད་ངན་གྱིས་མ་གཤིག་པར་ལུས་ཟེར། འདུ་ཁང་གི་ཀ་བ་རྣམས་ཞུགས་ཤིང་སྦོམ་པོ་ཐག་རིང་པོ་ནས་དྲངས་པ་རྗེས་སུ་དཔགས། གཞན་རི་སྒང་ས་སྐྱའི་ལོགས་ཀྱི་གཙུག་ལག་ཁང་དང་། དགོན་པ་ཚང་མ་རྩ་མེད་དུ་བཏང་། ཕྱིས་སུ་སླར་བཞེངས་པའི་གཙུག་ལག་ཁང་ཁ་ཤས་བཞེངས་པ་མཇལ་ཐུབ།
་
ས་སྐྱའི་བ་མོ་ཞེས་ཡོངས་དྲག་གདུག་རྩུབ་ཅན་ཞིག་ཡོད་པ་ལ་ཞེད་སྣང་གིས་མི་སུ་ཡང་གཙུག་ལག་ཁང་གི་ཉེ་འགྲམ་ལ་གཉིད་ལོག་མི་ཆོག་ཟེར་བ་ན། སིངྒྷ་ལ་པ་དགེ་སློང་ལག་རྡུམ་ཞིག་ཡོད་པ་དེས་ང་ལ་ཞེད་སྣང་གི་རྣམ་རྟོག་གང་ཡང་མེད། ང་འདིར་གཉིད་ཉལ་བར་འདོད་ཅེས་མཚན་མོ་དེར་ཉལ་བ་ན་གནོད་པ་གང་ཡང་མ་བྱུང་ཞེས་ཝཱ་རཱ་ཎ་སཱིར་༡༩༦༠པའི་ནང་ལ་དཔའ་རྒོད་ཡིན་པའི་ཚུལ་གྱིས་བཤད་པ་གོ་ཐོས་བྱུང་ངོ་།
ཞུགས་ཤིང་ཞེས་པ་ཤུག་ཤིང་དུ་བཅོས་སོ།
ར་ལ་དྭགས་པ་ལགས། ས་སྐྱའི་བ་མོ་མ་རེད། ས་སྐྱའི་འབག་མོ་རེད། འབག་མོ་ཡང་མི་འདྲ་བ་གསུམ་ཡོད་པ་རེད། ནམ་མཁའ་སྒྲོལ་མ། སྲི་སྐྱིད་སྒྲོལ་མ། བུ་ཁྲིད་སྒྲོལ་མ།
སྔར་བོད་ལ་ཡོད་དུས་ས་སྐྱའི་འབག་མོ་ཞེས་མིང་ནས་ཀྱང་འབོད་རྒྱུར་མི་ཚོས་ཞེ་སྣང་སྐྱེ་ས་ཞིག་རེད། དེང་སང་ས་སྐྱའི་འབག་མོའི་ཚབ་ཏུ་རྒྱལ་ཆེན་ནམ་དོལ་རྒྱལ་ཞེས་འབོད་རྒྱུར་ཞེ་སྣང་བཟོས་སོང། མ་གཞི་ནས་བོད་རྒྱུད་ནང་བསྟན་འདི་ལྷ་གསོལ་འདྲེ་གསོལ་བྱེད་མཁན་ཞིག་ཏུ་གྱུར་འདུག་དཔལ་ན་ལཎཊ་ལ་དེ་འདྲ་བྱུང་ཡོད་དམ།
རྒན་ལ་དྭགས་པ་དང་ཀླུ་སྨྱོན་ཚང་གཉིས་ཀ་ནོར་འདུག བ་མོ་དང་། འབའ་མོ་དང་། འབག་མོ་གང་ཡང་མ་རེད། བལ་མོའམ་དབལ་མོ་ཞེས་འབྲི་དགོས། ཡིག་རྙིང་དུ་གཉིས་ཀ་ཁྱད་མེད་དུ་བྲིས་འདུག མགོན་པོའི་འཁོར་དུ་སྐུ་ཡི་སྤྲུལ་པ་བལ་མོ་འབུམ། ཞེས་དང་། དབལ་མོ་ནག་མོ་འབུམ་སྡེའི་ཚོགས། །ཟེར་བ་ལ་གོ་དགོས། བེ་བུམ་དུ་ནུས་པ་ཆེ་ཞིང་ཆོ་འཕྲུལ་གཏོང་བའི་དབལ་ཚན་ཤིན་ཏུ་ཆེ་བའི་མོན་མོ་ནག་མོ་དང་། དབལ་མོ་ནག་མོ། ཁྱི་མོ་ནག་མོ་ཞེས་གསུངས་པ། ས་སྐྱའི་དབལ་མོ་གསུམ་དེའི་སྤྲུལ་པ་འམ་འཁོར་ཏུ་གཏོགས་པས་སོ། །
ས་སྐྱ་པ་ཁོ་རང་ཚོས་ད་བར་དུ་འབག་མོ་བྲིས་འདུག
འབག་མོ་མ་རེད།་འབའ་མོ་རེད། འབའ་བ་ནས་ཡིན་པ་ཞིག་ས་སྐྱ་བ་གང་གི་ཟུར་མོ་ལ་གྱུར་བ་ཡིན་ཞེས་འབའ་ཡུལ་ན་སྒྲུང་ཞིག་འདུག་པ་གོ་མྱོང་།
འབག་མོ་གསུམ་པོའི་ལོ་རྒྱུས་འདྲ་གི་མ་རེད། གཅིག་ཞང་ཞུང་ནས་འོངས་པ་རེད། མིང་ལ་ཞང་ཞུང་རྡོ་རྗེ་བུ་ཁྲིད་ཟེར་ནི་རེད།
གང་ལྟར་བོད་གངས་རིའི་ལྗོངས་ཀྱི་ཕོ་བྲང་སྐད་གྲགས་ཅན་པོ་ཏཱ་ལར་དཔེ་ཆ་གང་ཡོད་ཀྱི་མིང་གཞུང་ཞིག་བཟོ་གི་ཡོད་པ་ལོ་ཤས་སྔོན་ལ་ཐོས། དེ་བཞིན་གོང་ས་ལྔ་པ་མཆོག་གི་དཔལ་ལྡན་འབྲས་སྤུངས་ཀྱི་དཔེ་མཛོད་དེར་དཔེ་ཆ་གང་ཡོད་ཀྱི་མིང་གཞུང་བཟོ་གི་ཡོད་པ་ཡ༔ང་ཐོས། དེར་མ་ཚད་ཕོ་བྲང་པོ་ཏཱ་ལ་དང་དཔལ་ལྡན་འབྲས་སྤུངས་ཀྱི་དཔེ་མཛོད་བཅས་ལ། གནའ་རབས་བོན་དཔེ་ཡང་མི་ཉུང་བ་ཞིག་ཡོད་པའི་བདེན་དཔང་ར་འཕྲོད་ཡོད། ཡིན་ནའང་དཔལ་ལྡན་ས་སྐྱ་ཚང་ལ་གསུངས་རབས་བྲག་རི་བརྩེགས་པ་ལྟ་བུར་ཡོད་པའི་སྐད་གྲགས་ཆེན་པོ་ཞིག་ནི་འདུག་མོད། འོན་ཀྱང་ད་བར་ས་སྐྱའི་དཔེ་མཛོད་དེའི་དཔེ་ཐོ་དང་དེར་དཔེ་ཆ་གང་ཡོད་ཀྱི་མིང་གཞུང་ཡང་ན་དཔེ་ཆ་གང་ཡོད་ཀྱི་གླེང་མོལ་སོགས་རྩ་བ་ནས་གོ་ཐོས་མི་འདུག་པས། ས་སྐྱའི་དཔེ་མཛོད་དེ་འདི་འདྲ་གསང་བ་ལྟ་བུར་ཉར་ཚགས་བྱེད་དགོས་པའི་ནང་དོན་ངོ་མ་དེ་གང་ལ་ཐུག་ཡོད་པ་ཡིན་ནམ། །
དབལ་མོའི་ཁུངས་ས་སྐྱ་ཡིན་པ་བདེན། ཀླུ་སྨྱོན་ཚང་གི་གསུང་པའང་བདེན་མོད། ས་སྐྱ་ཚང་ལ་དབལ་མོའི་གསོལ་ཁ་དག་མོ་ཞིག་ཡོད་པ་མ་མཇལ། །དེ་བཞིན་མི་རེའི་ཁ་ན་སྒྲུང་རེ་འདུག སྔོན་ཕུན་ཚོགས་ཕོ་བྲང་གི་གསོལ་ཁ་སྤར་མར་བལ་མོ་བྲིས་འདུག་ཟེར། ཉིད་ཀྱིས་གཟིགས་ན་གསུངས་རོགས། བྲིས་མ་རྣམས་ལ་ཡིད་སྟོན་དེ་ཙམ་མེད། མགོན་པོའི་ནང་དུ་སྔ་མ་བཤད་པ་བཤད་པ་བཞིན་ནོ། །དབལ་མོ་འབྲིང་དང་ཆུང་བ་གཉིས་སྔ་ཕྱིའི་སྒོ་ནས་འཇོག་པ་དང་ཞིག་དང་། ལོ་ཚོད་ཀྱིས་འཇོག་པ། ས་ཐོབ་ཡོད་མེད་ཀྱིས་འཇོག་པ། ཕྲིན་ལས་ཆེ་ཆུང་གི་འཇོག་པ་སོགས་ཀྱི་བཤད་པ་ཡང་མི་འདྲ།
བོན་པོ་ལགས། ་ངས་སིངྒལའི་འཇིགས་པ་མེད་པའི་གནས་ཀྱི་མཆོད་བརྟེན་ཆེན་པོ་མེ་རི་བྷ་སེའུ་བ་ཐེ་ན་འགྲམ་གྱི་དཔེ་ཁང་ཆེན་མོ་ན་བོན་ལུགས་རི་མོ་ལྡན་པའི་དཔེ་རྙིང་གང་མང་ཞིག་མཐོང་སོང་།
ཨ་བླ་ཀླུ་སྨྱོན་མཆོག་དང་ལྷག་བསམ་གྱིས་མངོན་པར་མཐོ་བ་དྲི་མེད་ལྷག་བསམ་མཆོག་སོགས་དྲ་རྒྱའི་རྣམ་དཔྱོད་ལྡན་པ་ཡོངས་ལ། སློག་གྲྭ་པ་རྣམས་ལ་སློབ་འབྲས་སྦྱིན་དགོས་པ་དང་། སློབ་གྲྭའི་དབྱར་དགུང་བསངས་ལ་སང་ཉིན་འཐོན་དགོས་པ་སོགས་འབྲེལ་ཟིང་ཆེ། བདག་གིས་རྣ་བས་ཐོས་པ་ལས་ཡིག་ཆ་ཞིག་ལ་གཞིར་བྱས་བ་མོ་ཞེས་བྲིས་པ་ནོར་འདུག དགོངས་དག ཕལ་ཆེར་འབའ་མོ་ཞེས་པ་ཡིན་སྙམ། ལ་དྭགས་ལ་ཕོ་མོ་དག་གིས་ཕར་ཚུར་དམོད་པ་འབོར་བ་ན། འབའ་ཕོ། འབའ་མོ། ཟེར་སྲོལ་མཆིས། བདག་གིས་༡༩༥༠ ལོར་བཀྲ་ཤིས་ལྷུན་པོའི་མཐོ་ས་གླིང་གྲྭ་ཚང་གི་དཔེ་ཆ་གཟིགས་མཁན་ཊཱི་ཀཱ་པ་ཞེས་པ་རྣམས་ཀྱིས་ན་བཟའ་ཧྲུལ་པོ་གྱོན་ནས་འཆམ་རྒྱབ་པ་དེ་ས་སྐྱའི་འབའ་མོ་སྐྲོད་པ་ཡིན་ཞེས་ཐོས། རྒྱ་གར་པ་དཱས་ཀྱི་བོད་ཨིན་ཚིག་མཛོད་ན། འབའ་ཕོ་དང་འབའ་མོ། ཞེས་པ་ཡོད་ཅིང་། དཔའ་ཕོ་དང་དཔའ་མོ་ནོར་བྲིས་ཡིན་པར་བཤད་ཅིང་ངན་སྔགས་བྱེད་མཁན་གྱི་ཕོ་མོ་དག་ཡིན་པར་བྲིས་སོ།
བོན་པོའི་འདོན་ཆོག་ནང་དུ་”དབལ་མོ”ཞེས་པའི་ཚིག་དེ་མང་པོ་མཐོང་རྒྱུ་འདུག ད་དུང་དབལ་མོ་ལས་ཀྱི་ཐིག་ལེ་ཟེར་བའི་དཔེ་ཆ་ཞིག་ཀྱང་མཐོང་།
ང་ཆུང་དུས་ངའི་ཨ་མ་ལགས་ཀྱིས་ས་སྐྱའི་འབའ་མོའི་སྐོར་འཇིགས་སྣང་ཅན་གྱི་སྒྲུང་འགའ་བཤད་པ་དྲན།
དབལ་མོའི་སྐོར་ལ་མི་ཤེས་ན། སྔགས་པ་ཡིན་མདོག་མ་གནང་དགའ། བོན་ལུགས་གསང་སྔགས་ཚོགས་གྲལ་དུ། དབལ་མོའི་མ་ཚོགས་སྤྲིན་ལྟར་འཁྲིགས། །
བོན་པོ་ལགས། བོན་གཞུང་དུ་དབལ་མོའི་དོན་ཅི་ཡིན་གསུངས་རོགས།
རྒན་ལ་དྭགས་པར་བཀྲ་ཤིས་བདེ་ལེགས་ཞུ། བཀའ་ལན་གནང་བར་ཐུགས་རྗེ་ཆེ་ཞུ། མགོན་པོའི་གཞུང་འགའ་ཞིག་ཏུ། བལ་མོ་འབུམ་སྡེ། མོན་པ་ཕོ་མོ་ཞེས་ས་གནས་ཞིག་གི་མིང་རེད་སྙམ་པའང་བྲིས་འདུག །
དྲི་མེད་ལགས་ངས་གོ་ཐོས་སུ་། དབལ་མོ་ཞེས་པ་དྲག་ཏུ་འཁྲོས་པའི་འཇིག་རྟེན་གྱི་མ་མོ་སོགས་ལ་གོ་བ་རེད། དབལ་ཞེས་པ་དཉརག་པོ་དང་གཏུམ་པོའམ་གཏུམ་མོ། རྣོན་པོ། དཔེར་ན། མཚེར་མའི་དབལ་ཞེས་མཚེར་མ་རྩེ་རྣོན་པོ་ཞེས་པ་ལྟ་བུ་རེད། དབལ་མོ་ལ་དབྱེ་ན་དབལ་མོ་ཉི་ཤུ་རྩ་བརྒྱད། དེ་ཡང་གཟེ་མ་དགུ་དང་གྱད་མོ་དགུ་བྱིན་སྡེ་དགུ་སྟེ་ཉེར་བདུན་དེའི་སྟེང་གཙོ་མོ་སྲིད་པའི་རྒྱལ་མོ་བརྩིས་ན་ཉེར་བརྒྱད་དུ་འབྱུང།
ལ་དྭགས་བློ་བཟང་འཇམ་དཔལ་ལགས། སྟེར་བའམ་གནང་བའི་དོན་གྱི་བསྩལ༼འདས་པ༽ སྩོལ༼ད་ལྟ་བ༽བསྩལ༼མ་འོངས་པ༽སྩོལཏ༼སྐུལ་ཚིག༽། གནད་དོན་འདིར། རྩ་བ་ན། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར།། ཞེས་སོགས་དངོས་པོ་བདག་གཞན་དང་དུས་གསུམ་གྱི་རྣམ་དབྱེ་འབྱེད་ཚེ། འགྲེལ་བཤད་ཕལ་ཆེར་གྱིས་བསྩལ་ཞེས་པ་འདས་མ་འོངས་ཀྱི་བྱ་ཚིག་གཟུགས་གཅིག་ཏུ་བྲིས་ཡོད་པ་རེད། སྤྱིར་བྱ་ཚིག་བེད་སྤྱོད་གཏོང་སྐབས། བྱ་བའི་རྣམ་འགྱུར་དང་བསྟུན་ནས་འབྲི་དགོས་པ་ལས། མིང་དུ་ཆགས་ཟིན་པའི་བྱ་ཚིག་ལྟར་བེད་སྤྱོད་བྱས་ན་བྱ་ཚིག་དང་། བྱ་བ། ལས་གསུམ་བར་གྱི་གལ་ཆེའི་ཚབ་མཚོན་གྱི་རང་བཞིན་དེ་བརླག་འགྲོ། བསྩལ་བྱ་དབང་ངམ་ལས་ལ་དམིགས་གཏོད་སྐབས། ཚབ་མཚོན་གྱི་ཡི་གེ་བས་འཕུལ་ཅན་བསྩལ་ཞེས་དངོས་པོ་བདག་གཞན་གཉིས་ལས་གཞན་དང་། དུས་གསུམ་ལས་མ་འོངས་པ་སྟོན་པའི་བྱ་བའི་ཚབ་མཚོན་གྱི་ཚིག་བེད་སྤྱོད་གཏོང་དགོས། སྐབས་འདིའི་བསྩལ་ཞེས་པ་དབང་བསྩལ་བར་བྱ་འགྱུར་གྱི་དོན་ཡིན་པས་བསྩལ་ཞེས་འབྲི་བ་ནི་དག་པ་ཡིན། བསྒྲུབ་པར་བྱ། བསྒྲུབ་འགྱུར། བསྡམ་པར་བྱ། བསྡམ་འགྱུར། བསླབ་པར་བྱ། བསླབ་འགྱུར། བསྐུར་བར་བྱ། བསྐུར་འགྱུར། ལྟ་བུས་མཚོན་ནོ།། ཉིད་ཀྱི་མཆན་འདིར་དག་བཅོས་ཞིག་བྱས་ན། དུས་མི་ཁོམས་ཞེས་པར་ཁོམ་ལོང་མེད་པའི་དོན་ཡིན་པས་ཁོམ་ཞེས་ཡོངས་སུ་འབྲི། ཀུན་གྱིས་ཤེས་དགོས་ཞེས་པར་ད་དྲག་ཐོབ་པས་རྟགས་མཚུངས་འདྲེན་སྟོབས་ཀྱིས་ཀུན་ཀྱིས་ཞེས་འབྲི་འོས། ཨ་མདོ་རུ་ཞེས་པ་རུ་བསྡུས་ཀྱི་ར་སྦྱར་ཏེ་ཨ་མདོར་ཞེས་བྲིས་ན་ལེགས། དེ་མིན་མ་འབྲི་ན་ལེགས་ཞེས་པ་བརྟག་པ་མཐའ་བཟུང་གི་འདས་པའི་དོན་གྱིས་མ་བྲིས་ན་ལེགས་ཞེས་འབྲི་དགོས། དགག་ཚིག་དོན་ཅན་གྱི་མ་རིག་དེ་དུས་གསུམ་ལས་འདས་པར་སྦྱར་བ་ཤས་ཆེ། དཔེར་ན། མ་སྐྱེས་མ་འགག མ་བཤད། ལྟ་བུ། ཡང་། ཅེས་དག་པར་བྲིས་སོ། ཞབས་འདེགས་སུ་འགྱུར་རོ། ཞུས་དག་མཛད་པར་ཞུའོ། ཞེས་པ་གསུམ་སུམ་ཅུ་བར་དངོས་བསྟན་གྱི་སླར་བསྡུ་དང་། སྨྲ་སྒོ་ནས་བཤད་པའི་ཟླ་སྡུད། ལེགས་བཤད་ལྗོན་དབང་ནས་བཤད་པའི་རྫོགས་ཚིག་གམ་ཟླ་སྡུད་ཀྱི་མཐའ་ཅན་ཡིན་པས། བྲིས་སོ།། ཞུའོ།། འགྱུར་རོ།། ཞེས་ཉིས་ཤད་འབྲི་དགོས། རྫོགས་ཚིག་མཇའ་ཅན་ལྷུག་པ་དང་།། ཚིགས་བཅད་རྐང་མཐར་ཉིས་ཤད་འཐོབ།། ཅེས་གསུངས། བདག་སྒྲའི་ཐད་རྙོག་འཛིང་ཤིན་ཏུ་ཆེ་བས་སྨྲ་སྙིང་མི་འདོད། སི་ཏུས། བདག་པོའི་སྒྲ་ལ་པ་ཉིད་དོ།། ཞེས་པ་གཙིགས་སུ་བཟུང་ན་ཆོག་ཀྱང་། ལག་ལེན་ལ་འདེབས་པའི་ཚེ་དཀའ་ངལ་མང་བོ་ཡོད་པ་རེད། དེ་བཞིན་དངུལ་ཆུའི་ཆ་ཡ་བརྩི་ཚུལ་ཡང་གཅིག་མཚུངས་རེད། དེས་ན། ག་ད་བ་ས་ན་མ་པ།། ང་འ་ར་ལ་མཐའ་མེད་བ།། ཞེས་པའི་ཐོབ་ཐང་ལྟར་སྦྱོར་དགོས་པའི་གྲོས་མཐུན་ཞིག་མདོ་དབུས་ཁམས་གསུམ་གྱི་མཁས་པའི་བར་བྱུང་ཡོད་ཚོད་ལ། དེའང་ཕྱོགས་སོ་སོས་ཁ་སྐད་གཙིགས་ཆེར་བཟུང་སྟེ་ལག་བསྟར་བྱེད་མཁན་དཀོན་པོར་གྱུར་པ་རེད། ང་ནི་ཀརྨ་བ་ཞེས་འབྲི་མཁན་གྱི་གྲས་ཡིན་པས། ཀརྨ་པ་ཞེས་པ་མ་དག་པར་ཆ་འཇོག་བྱེད་པ་ཡིན། ཁྱེད་ཀྱིས་དཀའ་ངལ་ལ་མ་འཛེམས་པར་འདི་ལྟར་བོད་ཀྱི་སྐད་ཡིག་ཁུངས་དག་སྒྲོས་གཙང་གི་ཕྱོགས་སུ་སྐུལ་འདེད་གནང་བཞིན་པ་ནི་རྗེས་སུ་ཡི་རངས་ཀྱི་ཡུལ་རེད། ང་ཚོས་ཀྱང་གཞོགས་འདེགས་ཅི་ནུས་རེ་བྱེད་ལགས།
རུས་རྒྱུད་ཀྱིས་ཆོས་བརྒྱུད་འཛིན་འོས་མིན། ཆོས་བརྒྱུད་དང་རུས་རྒྱུད་དེ་ལ་དད་པ་དག་སྣང་བྱེད་མཁན་གྱི་རྗེས་འཇུག་དག་གིས་ཐག་གཅོད་འོས་པ་ཞིག་ལས། ང་ཚོས་རང་ལྟ་མཆོག་འཛིན་གྱི་སྒོ་ནས་གཞན་གྱི་དད་འདུན་ལ་སྟངས་འཛིན་བྱེད་མི་འོས་ཤིང་། སྟངས་འཛིན་བྱེད་ཀྱང་ཐུབ་ཀྱི་མ་རེད། དེ་བས་ས་སྐྱ་ལྟ་བུར་མཚོན་ན། ས་སྐྱ་ཁྲི་འཛིན་དང་ཁོང་གི་ཁྱིམ་རྒྱུད་ཀྱིས་ས་སྐྱའི་དད་ལྡན་མང་ཚོགས་ལ་མགོ་འཛིན་བརྩེ་སྐྱོང་གནང་དང་གནང་བཞིན་པའི་བཀའ་དྲིན་ལ་བསམ་ཤེས་བྱེད་ཐུབ་རྒྱུ་གལ་ཆེན་པོ་རེད། ས་སྐྱ་ཁྲི་འཛིན་མཆོག་གིས་ཉིན་མཚན་བར་མེད་དུ་འདི་ལྟར་སྐུ་ལས་བཀྱོན་བཞིན་པ་འདི། བསྟན་འགྲོའི་དོན་ཆེན་ཞིག་ལས། ས་སྐྱ་ཚང་གི་ཁྱིམ་རྒྱུད་ཡར་རྒྱས་ཀྱི་དོན་དུ་འབད་བརྩོན་གནང་བཞིན་པ་ཞིག་མ་རེད། ང་ཚོས་བསམ་བློ་རྒྱུན་དུ་གཏོང་དགོས་པ་ཞིག་ནི། བླ་མ་རེ་རེའི་བཀའ་དྲིན་གྱི་གྲིབ་བསིལ་འོག་ན་དད་ལྡན་སློབ་མ་དང་། རྗེས་འཇུག་ག་ཚོད་ཅིག་ལ་ཕན་བདེ་འབྱུང་གི་ཡོད་མེད་ཧ་གོ་དགོས་པ་ཞིག་རེད་འདོད། ༧རྒྱལ་བས་ཀྱང་རྒྱལ་བའི་ཡང་སྲིད་དགོས་མིན་བོད་མི་མང་གིས་ཐག་འོས་ཚུལ་རྒྱུན་དུ་བཀའ་སློབ་ཕེབས་བཞིན་ཡོད་པ་ལྟར། འཁོན་གྱི་ཁྱིམ་རྒྱུད་ཀྱིས་ས་སྐྱའི་དགར་དགོན་ལ་སྟངས་འཛིན་བྱས་ན་འགྲིགས་མིན། ས་སྐྱའི་རྗེས་འཇུག་དད་ལྡན་རྣམས་གྱིས་ཐག་གཅོད་དགོས་པའི་གནད་དོན་ཞིག་ལས། ང་ཚོར་བབ་པའི་འོས་འགན་ཞིག་མ་རེད་སྙམ་མོ།།
བ་མོ་དང་འབག་མོ་གཉིས་ཀ་མ་རེད། འབར་མོ་རེད། ཁ་འབར་མ་ཡང་ཟེར་རོ། འདྲེ་མོ་དག་དག་རེད།
ཡ་ཡ། རྔ་བ་རྒྱལ་ཁམས་པ། བཀའ་དྲིན་ཆེ།
་་་་་་་་་་ ང་ནི་ཀརྨ་བ་ཞེས་འབྲི་མཁན་གྱི་གྲས་ཡིན་པས། ཀརྨ་པ་ཞེས་པ་མ་དག་པར་ཆ་འཇོག་བྱེད་པ་ཡིན། ་་་་་་་་་་་་་་
ཨ་མདོ་བས། བོད་པ་ལ། ཝོད་བ་དང་། ཀརྨ་པ་ལ། ཀརྨ་བ་ཞེས་འབྲི་སྟངས་ངོ་རྒོལ་མཐའ་གཅིག་ཏུ་ཡོད་དོ།།
སྔར་གྱི་དག་ཡིག་དག་པ་དག་ལ། བསྩལ་བྱ། སྩོལ་བྱེད། བསྩལད་ཟིན། སྩོལད་ཅིག ཅེས་པ་ཞིག་མེད་ཅིང་། སྩལ་བྱ། སྩོལ་བྱེད། སྩལད་ཟིན། སྩོལད་ཅིག ཅེས་པ་ཞིག་ལས་མེད། དང་པོ་དེ་ནི། བསལ་བྱ། སོལ་བྱེད། བསལད་ཟིནད། སོལད་ཅིག་དང་ནོར་བ་རེད།
ཀརྡོ་ཁྱེད་ཀྱིས་ངོ་རྒོལ་གྱིས་ཤིག ང་ཉལ་རན་སོང་།
དང་པོ།
གཉིས་པ།
གསུམ་པ།
བཞི་པ།
ལྔ་པ།
དྲུག་པ།
བདུན་པ།
བརྒྱད་པ།
དགུ་པ།
བཅུ་པ།
བཅུ་གཅིག་པ།
ལྔ་པ་ནི། གྲངས་ཀྱི་ལྔ་པ་དང་། རྔ་པ་ནི། རྔ་རྡུང་མཁན་ལ་རྔ་པ་ཟེར།
རྒན་ལ་དྭགས་པ་འཐམ་དཔལ་ལགས་ཀྱིས་ཀྱང་།
་་་་་་ས་སྐྱའི་བ་མོ་ཞེས་ཡོངས་དྲག་གདུག་རྩུབ་ཅན་ཞིག་ཡོད་པ་ལ་་་་་ ཞེས་པ་ཡིག་ཚབ་ལ། བ་ཡིག་བྲིས་གནང་འདུག་གདའ། གང་ཡིན་ནམ། ལགས།
ཁྱུང་སེ་ལགས་ལ་ཐུགས་རྗེ་ཆེ་ཞུ། སྲིད་པའི་འཁྲུགས་བཅོས་ཀྱི་བྱང་བུ་༣༦༠་སྐོར་ལ་རྒྱུས་ཡོད་ན་གསུངས་རོགས།
ས་སྐྱའི་གདུང་རྒྱུད་ཀྱིས་བོད་ཀྱི་བསྟན་སྲིད་ལ་ཕྱག་རྗེས་གནང་བ་འགྲན་དུ་མེད། ཉེ་དུས་ཀྱི་པཎ་ཆེན་བཅུ་བ་ཆེན་པོ། ས་སྐྱ་གོང་མ་ཚང་ལྟ་བུ་རེད། ༧གོང་མ་རིན་པོ་ཆེ་སྐུ་ཚེ་བརྟན་ཅིང་གངས་ལྗོངས་རྒྱལ་བསྟན་ཡོངས་རྫོགས་སྤེལ་བའི་ཕྲིན་ལས་མཐར་རུ་ཕྱིན་པར་ཤོག །
ཀརྡོ་ལགས། འདིའི་ཐད་རྩོད་པས་རྩོད་ཐག་ཆོད་ཀྱི་མ་རེད། དེ་བས་ང་ཚོ་ཚང་མས་ལེགས་བཤད་འདིར་རྩ་འཛིན་ཞུས་ན་ཕལ་ཆེར་དཀའ་ངལ་ལས་གྲོལ་ཐུབ། པ་ཡིག་བདག་སྒྲ་ལ་འཇུག་པ་ནི། ག་ད་བ་ས་ན་མ་པ།། ང་འ་ར་ལ་མཐའ་མེད་བ།། ཞེས་པའི་ཐོབ་ཐང་ལྟར། འབྲོག་པ། ལས་བྱེད་པ། གསོལ་ཐབ་པ། ཤིང་བརྐོས་པ། ཡོན་ཏན་པ། ལམ་པ། ཞེས་དང་། མིང་མཐའི་པ་ཡིག་ཚད་བདག་སྒྲ་མ་ཡིན་པ་ནི། ཐག་པ། སྐུད་པ། བཅིབ་པ། རུས་པ། མུན་པ། ནོམ་པ། ཞེས་པ་ལྟ་བུའོ།། པོ་ཡིག་བདག་སྒྲ་ལ་འཇུག་པ་ནི། ཕྱུག་པོ། མེད་པོ། རྩུབ་པོ། གྲོགས་པོ། བཙན་པོ། གཏུམ་པོ། འཁུར་བ་པོ། སྨྲ་བ་པོ། ཞེས་དང་། མིང་མཐའི་པོ་ཡིག་ཡིན་ཚད་བདག་སྒྲ་མ་ཡིན་པ་ནི། འཐུག་པོ། སྐུད་པོ། ཁྲེས་པོ། སྔོན་པོ། སྐམ་པོ། ཞེས་པ་ལྟ་བུའོ།། བ་ཡིག་བདག་སྒྲ་ལ་འཇུག་པ་ནི། རོང་བ། མཐའ་བ། ཤར་བ། འགྲུལ་བ། ལྷ་ས་བ། ཞེས་དང་། མིང་མཐའི་བ་ཡིག་ཡིན་ཚད་བདག་སྒྲ་མ་ཡིན་པ་ནི། རྐང་བ། བཅའ་བ། དར་བ། འོལ་བ། ཀ་བ། ཞེས་ལྟ་བུའོ།། བོ་ཡིག་བདག་སྒྲ་ལ་འཇུག་པ་ནི། སྤྱང་བོ། མཛའ་བོ། རྟུལ་བོ། དམེ་བོ། ཞེས་དང་། མིང་མཐའི་བོ་ཡིག་ཡིན་ཚད་བདག་སྒྲ་མ་ཡིན་པ་ནི། མང་བོ། ཁྲ་བོ། ཁུར་བོ། རིལ་བོ། ཞེས་པ་ལྟ་བུའོ།། མ་ཡིག་བདག་སྒྲ་ལ་འཇུག་པ་ནི། ཇ་མ། ཆང་མ། ཤོར་མ། ཉུལ་མ། བཙོན་མ། གསར་མ། རྙིང་མ། ཞེས་དང་ མ་ཡིག་ཡིན་ཚད་བདག་སྒྲ་མ་ཡིན་པ་ནི། ཨ་མ། བག་མ། རྒོད་མ། ཆེན་མ། ཆུན་མ། ལྟ་བུ་ནི་ཕོ་མོ་གཉིས་སུ་དབྱེ་བའི་མོ་ལ་འཇུག་པ་དང་། ཟ་མ། རིལ་མ། ཟངས་མ། མཁལ་མ། གཡེར་མ། ལྟ་བུ་ནི་མིང་གི་ཆ་ཤས་སུ་གྱུར་བ་རྣམས་སོ།། མོ་ཡིག་བདག་སྒྲ་ལ་འཇུག་པ་ནི། སྲུན་མོ། གཡུང་མོ། དམར་བོ། འབྱོར་མོ། ཞེས་དང་། མི་ཡིག་ཡིན་ཚད་བདག་སྒྲ་མ་ཡིན་པ་ནི། ཇོ་མོ། བཙུན་མོ། བུ་མོ་ལྟ་བུ་ནི་ཕོ་མོ་གཉིས་སུ་དབྱེ་བའི་མོ་ལ་འཇུག་པ་དང་། ཕྲ་མོ། བ་མོ། སོར་མོ་ལྟ་བུ་ནི་མིང་གི་ཆ་ཤས་སུ་གྱུར་བ་རྣམས་སོ།། བདག་སྒྲ་དང་ཕྱོགས་མཚུངས་པ་ཅན་ལྡན་མཁན་རྣམས་བདག་སྒྲར་འཇུག་པ་ནི། དཔེར་ན། ཤེས་རབ་ཅན། ཡོན་ཏན་ཅན། ལུས་རྩལ་ཅན། སེམས་ཅན། གཟུགས་ཅན། ཞེས་དང་། འབྱོར་ལྡན། དཔལ་ལྡན། སྟོབས་ལྡན། ཞེས་དང་། ཡིག་འབྲི་མཁན། པར་རྐོ་མཁན། རྩོམ་མཁན་ཞེས་པ་ལ་སོགས་པ་ལྟ་བུའོ།། སྐབས་འདིར་གསེར་ཏོག་གི་སུམ་འགྲེལ་དུ་གསལ་བ་ལྟར། པ་པོ་བ་རྣམས་ཀྱི་ཐོབ་ཐང་ལ་སྟོང་པ། རྐང་པ། ལྔ་པ། བཅུ་པ་སོགས་ལ་པ་ཡེད་དང་། བཟང་བ། དཀར་བ་སོགས་ལ་བ་ཟླུམ་དང་། བཟང་པོ། དཀར་པོ། སྙིང་པོ། དང་པོ་སོགས་ལ་པ་ཡེད་ཐོབ་པ་ནི་རྟགས་མཚུངས་དང་བརྗོད་བདེའི་དབང་གིས་མི་འདྲ་བར་གྱུར་པ་དཔེ་ཁུངས་དག་རྣམས་སུ་ཇི་ལྟར་འབྱུང་བ་བཞིན་བྲིས་ན་ལེགས་སོ།། ཐོན་མིའི་ཞལ་ལུང་ལས་དྲངས། ཚེ་ཏན་ཞབས་དྲུང་།
བསྩལ་སྩོལ་བསྩལ་སྩོལ་གྱི་ཐོབ་ཐང་། བརྡ་སྤྲོད་རྩ་བ་རང་ལ་ཁུངས་གཏུགས་ན་ཡག་ཤོས་རེད།
“སྔར་གྱི་དག་ཡིག་དག་པ་དག་ལ། བསྩལ་བྱ། སྩོལ་བྱེད། བསྩལད་ཟིན། སྩོལད་ཅིག ཅེས་པ་ཞིག་མེད་ཅིང་། སྩལ་བྱ། སྩོལ་བྱེད། སྩལད་ཟིན། སྩོལད་ཅིག ཅེས་པ་ཞིག་ལས་མེད། དང་པོ་དེ་ནི། བསལ་བྱ། སོལ་བྱེད། བསལད་ཟིནད། སོལད་ཅིག་དང་ནོར་བ་རེད།” བྱ་ཚིག་དག་ཡིག་གི་བརྗོད་བྱར་འཇོག་གི་མ་རེད། དག་ཡིག་དང་དག་སྡེབ་ཀྱི་ནང་བཀོད་ཟིན་པའི་བྱ་ཚིག་རྣམས་ནི་མིང་དུ་གྱུར་ཟིན་པ་རྣམས་རེད། འདི་ཚོའི་ནང་ན་མིང་ཙམ་ལས་བྱ་བའི་རྣམ་འགྱུར་ཡོད་པ་མ་རེད། དཔེར་ན། བཅོམ་ལྡན་འདས། སངས་རྒྱས། བསླབ་བཏུས། རིག་འཛིན།
བརྒལ་བརྟག གསུང་ཆོས། མཛད་སྤྱོད། འཛིན་བཟུང་ལྟ་བུའོ།། དག་ཡིག་གཞུང་ལ་ལར་བྱ་ཚིག་ལ་འཇུག་བདེ་བའི་ཆེད་དུ་དུས་གསུམ་གྱི་རེའུ་མིག་རེ་ཟུར་བཀོད་གྱི་ཚུལ་དུ་འགོད་སྲོལ་ཡོད་ཀྱང་། དེ་ནི་དག་ཡིག་གི་དམིགས་འབེན་གཙོ་བོ་དེ་མ་རེད། བསལ་བྱ། སོལ་བྱེད། བསལ། སོལ་ཅིག་དང་ནོར་བ་ཡིན་པའི་ཁུངས་གང་ན་ཡོད་ལགས།
ཀརྨ་བ་ཞེས་པ་དག་ཡིག་སོགས་ན། ཡོངས་གྲགས་ཀརྨ་པ་ཞེས་གཏན་འབེབས་བྱས་ཟིན་པས། ཕྱི་ནས་བདག་གིས་ཀྱང་དེ་ལྟར་དུ་ཀློག་ཅིང་འབྲིའོ།།
དྲི་མེད་ལྷག་བསམ་ལགས།
དབལ་མོ་ཡིན་ན་འཇིག་རྟེན་གྱི་མ་མོ་ཡིན་མི་དགོས། ཡེ་ཤེས་ཀྱི་དབལ་མོ་ཡོད། བོན་ལུགས་ཀྱི་སྐྱབས་འགྲོའི་གསོལ་འདེབས་ནང་དུ། བཀའ་སྐྱོང་ཡེ་ཤེས་ཀྱི་དབལ་མོ་ལ་སོགས། བསྟན་སྲུང་ཡེ་ཤེས་པའི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། ཞེས་སོགས་གསུངས་ཡོད་པ་རེད།
སྟོད་མངའ་རིས་ཕྱོགས་ལ་བོན་གནས་བྱིན་ཆེན། དབལ་གྱི་བྲག་ཕུག་རོང་ཆེན། ཞེས་པ་ཞིག་ཡོད། དེ་ལ་་དབལ་རོང་་ཡང་འབོད། སྒྲུབ་གནས་དེར། དབལ་བོན་སྟག་ལ་མེ་འབར་ཞུ་བའི། དབལ་བོན་གྱི་གྲུབ་ཆེན་ནུས་ལྡན་ཞིག་གིས་བསྒྲུབས་པ་མཛད་པའོ་ལོ་རྒྱུས་ངོ་མཚར་ཅན་འདུག།
བོན་ལུགས་སུ་ཡིད་དམ་ཀུན་གྱི་གཙོ་བོ། དབལ་གསས་རྔམ་པ། ཞེས་པ་ཞིག་འདུག འདིའི་རྒྱུད་དང་སྒྲུབ་ཐབས་ཆ་ཚང་བ་བོད་ཡུལ་གང་སར་ཡོད། ད་དུང་དུས་རྒྱུན་གསུངས་སྲོལ་ལ། དབལ་རོམ་འབུམ་གསུམ་ཞེས་པའི་བོན་གྱི་གསང་སྔགས་ཀྱི་རྒྱུད་སྡེ་ཆེན་པོ་གསུམ་ཡང་བྱུང་འདུག དབལ་གསས། རོམ་པ། འབུམ་པ། འདི་གསུམ་གྱི་ནང་ནས་དབལ་གསས་ནི་གོང་དུ་སྨྲས་ཚར། རོམ་པ་དེང་སང་གར་ཡོད་གསལ་པོ་མི་ཤེས། གཅིག་བྱས་ན་རེབ་གོང་ཕྱོགས་ལ་ཡོད་ངེས། འབུམ་པའི་དབང་ལུང་ཁྲིད་གསུམ་གྱི་རྒྱུད་པ་འཛིན་མཁན་ནི་དེང་སང་ཨ་མདོ་རེབ་གོང་གི་བོན་གྱི་སྔགས་པའི་འདུས་སྡེར་ཡོད་པ་དངོས་སུ་ཐོས།
སྔོན་གྱི་སྲིད་པའི་དབལ་བོན་དེ་ཚོ་ནི། ནུས་ལྡན་གྱི་དབལ་མོ་ལས་ལ་བསྐུལ་བ་ལ་རང་དབང་ཐོབ་པའི་སྔགས་པ་ཤ་སྟག་ཡིན་ཟེར་ནའང་མི་ཆོག་པ་མེད། ངའི་བསམ་པར་བོན་ལུགས་ཀྱི་དབལ་མོ་ཞེས་པ་དེ་ནི་ཕལ་ཆེར། སྲིད་པའི་སྙིང་པོ། བསྐལ་པའི་དང་མ། བྱུང་བའི་བཅུད། ཡེ་ཤེས་ཀྱི་རོལ་པ། མཁྱེན་རྩལ་གྱི་་ནུས་སྟོབས། འདི་ལྟ་བུའི་ཀློང་ནས་དྲངས་ཡོང་བའི་ཧ་ཅང་གི་ནུས་པ་ཆེ་བའི་དབལ་གྱི་མ་ཚོགས་ཤིག་ལ་གོ་དགོས་པར་སྙམ།
ཡང་སྔོན་གྱི་བོན་ལུགས་དཔེ་ཆའི་ནང་དབལ་མོ་ཉེར་བདུན་ཞེས་པ་སྒོང་ང་འདྲ་མིན་སྣ་ཚོགས་ནས་འཁྲུངས་ཡོང་བའི་འཇིག་རྟེན་གྱི་མ་མོའི་ཟོལ་ཅན་ནུས་ལྡན་གྱི་དབལ་མོ་དེ་འདྲ་ཡོད། དབལ་མོ་འདི་ཚོའི་ཆ་ལུགས་ཅན་གྱི་འཆམ་འཁྲབ་པའི་ལུགས་སྲོལ་དེང་སང་ཡང་མཇལ་རྒྱུ་ཡོད།
བདག་གི་བོན་ལུགས་ཀྱི་དབལ་མོ་འདི་ཚོ་ནི། ནུས་ལྡན་དབལ་བོན་གྱི་གསས་མཁར་གསང་བའི་ཀློང་གི་མི་མངོན་པའི་དབྱིངས་སུ་བཞུགས་མཁན་དེ་འདྲ་ཡིན་པ་ལས། ཤི་འདྲེ་དང་གདོན་འདྲེ་རྒྱལ་འགོངས་སོགས། ལས་སུ་སེམས་ཅན་ལ་གནོད་ཅིང་འཚེ་བའི། བསེ་རག་དང་ཡི་དྭགས་ཀྱི་བཟོ་འདྲ་པོ་དེ་འདྲ་ཡིན་པར་ཡེ་ནས་མི་འདོད་དོ།
བདག་གི་བོན་ལུགས་སུ་དབལ་མོའི་སྐོར་འདི་ཡང་ཤིན་ཏུ་བཀའ་གཉན་པོ་ཡིན་པར་གསུངས་འདུག་པས་མང་དུ་ནི་གླེང་བར་མི་སྤྲོ། །
་་་་་་་་་་་ བ་ཡིག་བདག་སྒྲ་ལ་འཇུག་པ་ནི། རོང་བ། མཐའ་བ། ཤར་བ། འགྲུལ་བ། ལྷ་ས་བ། ཞེས་དང་། མིང་མཐའི་བ་ཡིག་ཡིན་ཚད་བདག་སྒྲ་མ་ཡིན་པ་ནི། རྐང་བ། བཅའ་བ། དར་བ། འོལ་བ། ཀ་བ། ཞེས་ལྟ་བུའོ།། བོ་ཡིག་བདག་སྒྲ་ལ་འཇུག་པ་ནི། སྤྱང་བོ། མཛའ་བོ། རྟུལ་བོ། དམེ་བོ། ཞེས་དང་། མིང་མཐའི་བོ་ཡིག་ཡིན་ཚད་བདག་སྒྲ་མ་ཡིན་པ་ནི། མང་བོ། ཁྲ་བོ། ཁུར་བོ། རིལ་བོ། ཞེས་པ་ལྟ་བུའོ།། ་་་་་་་་་་་ ཟེར།
བ་ཡིག་བདག་སྒྲ་ལ་འཇུག་པ་ནི། རོང་བ། མཐའ་བ། ཤར་བ། འགྲུལ་བ། ལྷ་ས་བ། ཞེས་དང་། མིང་མཐའི་བ་ཡིག་ཡིན་ཚད་བདག་སྒྲ་མ་ཡིན་པ་ནི། རྐང་བ། བཅའ་བ། དར་བ། འོལ་བ། ཀ་བ། ཞེས་ལྟ་བུའོ།། བོ་ཡིག་བདག་སྒྲ་ལ་འཇུག་པ་ནི། སྤྱང་བོ། མཛའ་བོ། རྟུལ་བོ། དམེ་བོ། ཞེས་དང་། མིང་མཐའི་བོ་ཡིག་ཡིན་ཚད་བདག་སྒྲ་མ་ཡིན་པ་ནི། མང་བོ། ཁྲ་བོ། ཁུར་བོ། རིལ་བོ། ཞེས་པ་ལྟ་བུའོ།།
འདི་དག་གི་ཁུངས་ཁྱེད་ཨ་མདོའི་བཀའ་འགྱུར་དང་། བསྟན་འགྱུར་ནང་ལ་ཡོད་ན་མ་གཏོགས། གཞན་བཀའ་བསྟན་གང་དུ་ཁུངས་ལུང་ཚད་ལྡན་མེད་དོ།། རྔ་པ་ལགས།
རོང་པ་ལ། རོང་བ། ཤར་པ་ལ། ཤར་བ། འགྲུལ་པ་ལའགྲུལབ།
རྐང་པ་ལ། རྐང་བ། ཀང་པ་ལ། ཀ་བ།
སྤྱང་པོ་ལ། སྤྱང་བོ། དབང་པོ་རྟུལ་པོ་ལ། རྟུལ་བོ།
མང་པོ་ལ། མང་བོ། ཁུར་པོ་ལ། ཁུར་བོ་སོགས་ཤིནད་ཏུ་རྗོད་མི་བདེ་མི་འདུག་གམ། ཨ་མདོ་ཚོ།
པ་པ་པོ་པོ་བརྗོད་ནས་ཁ་དཀྱིལ་སྐོར་དང་ཡང་བཙུམ་ཡང་བརྡབ་རྒྱག་རྒྱུ་ཁ་ལས་ཁག་རེད། ཞ་ཞ་ཞུམ་ཞུམ། ག་ག་གུག་གུག པ་པ་པོ་པོ་ལ་ཞེ་དྲག་ཉམས་ཡོད་པ་མ་རེད
Bon po.ལེགས་ཀྱིས་གསལ་བཤད་གནང་བར་བཀའ་དྲིན་ཆེ། ཕྲན་གྱིས་སྔར་བྲིས་པའི་ཡིག་ཉོག་ཐོར་བུ་རྣམས་སུ་བོན་གྱི་སྒོར་ལ་རྒྱུས་མེད་པས་བཤད་ནོར་གོ་ནོར་མང་དུ་བྱུང་བ་སྨོས་མ་དགོས། མ་རྟོགས་ལོག་རྟོགས་ཅི་རིགས་པ་བྱུང་ཞིང་ཀུན་རྟོགས་འཁྲུགས་པའི་ངག་འཆལ་ཇི་སྙེད་བྱུང་བ་དག་བོན་པོའི་ཚོགས་ལ་བཟོད་པར་གསོལ། དྲ་སྟེང་འདི་ནས་བོན་པོ་ཁྱོད་ལྟ་བུ་རྣམས་ཀྱི་དྲིན་ལས་བློ་སྐྱེད་མི་ཉུང་བ་བྱུང་། སྔ་མོའི་དུས་ནས་ཕྲན་གྱི་འདོད་པར་བོད་ཀྱི་མེས་པོ། རུས་རྒྱུད་ཀྱི་ཤ་ཁྲག ཁྱིམ་བརྒྱུད་ཀྱི་སྲུང་མ། སྲིད་པ་ཆགས་པའི་རི་གཉན། འགོ་བའི་ལྷ་ཕལ་མོ་ཆེ་ནི་བོན་པོ་ཡིན་པར་འདོད། དེ་ལ་གུས་ཞབས་ཀྱང་ཆེན་པོ་་ཡོད། དེ་ཡེ་ཤེས་དབལ་མོ་རྣམས་ཀྱིས་ཀྱང་དགོངས་ངེས། ཉིད་ལ་དུས་ཚོད་བྱུང་ན་སྲིད་པའི་འཁྲུགས་བཅོས་ཀྱི་བྱང་བུ་༣༦༠་སྐོར་ཞིག་གསུང་རོགས། སྔཽན་ཕྲན་ཀྱིས་བོན་ལུགསའཁྲུགས་བཅོས་ཆེན་མོ་ལྡེབ་ལྔ་བརྒྱ་ལྷག་ཞིག་ཡོད་པ་ཀློག་མྱོང་མོད། དེའི་བྱང་བུའི་སྐོར་འདྲི་མཁན་མང་དུ་བྱུང་། དཀར་མཛེས་ཤུགས་སྒང་དགོན་དུ་ཐོར་བུ་ཡོད་པ་ཤེས། དེ་ལས་གཞན་རྩད་གཅོད་རིམ་པར་བྱས་ཀྱང་གོ་རྒྱུ་མི་འདུག །
ཨ་མདོའི་ཁ་ལ་བརྗོད་བདེ་བ་དེ་ཁམས་པའི་ཁ་ལ་མི་བདེ། ཁམས་པའི་ཁ་ལ་བདེ་བ་དེ་ཨ་མདོའི་ཁ་ལ་མི་མཛའ། གཉིས་ཀར་མཛའ་བའི་ཚིག་རྣམས་དབུས་པའི་ཁ་ལ་མི་བདེ། ཆོལ་གསུམ་དུམ་བུར་འཐོར་དོན་དེ་རེད། །ཆོས་ལུགས་ནང་དུ་ཆོལ་ཁའི་བསམ་བློ་ཁུར་མཁན་ལྟ་བུའོ། །རྩེད་མོ་ཞུ།
ངས་ནི། ལྷ་སའི་ཁ་སྐད་སློབ་སྦྱོང་བྱས་ཙམ་མ་ཟད། ཞུ་དག་དང་སྐྱོན་རྗོན་མང་པོ་བྱས་མྱོང་། འོནད་ཀྱང་། ལྷ་སའི་ཁ་སྐད་དུ་བྲིས་པ་དང་གཅིག ཡང་། ཨ་མདོའི་ཁ་སྐད་དུ་བྲིས་སློབ་དེབ་གཅིག་ཀྱང་མཐོང་མྱོངས། དེ་ཡང་ཡག་པོ་ཞེ་དྲགས་བྱུང་འདུག་སྙམ་ཡང་། བོད་སྤྱི་ཡི་ཡིག་སྐད་དང་། བོད་སྤྱི་ཡི་ཁ་སྐད་ནང་ལ་རང་ཡུལ་གྱི་ཁ་སྐད་མི་འཛའ་བཞིན་དུ་ཨུ་ཚུགས་མ་གནང་རོགས་གནོངས་ཞེས་འབོད་ཞུལ་བཞིན་ཡོད་ལགས།
དཔེར་ན་ང་ལ་བོད་ནས་པར་སྐྲུན་བྱས་པའི་བྱང་ཆུབ་ལམ་རིམ་ཆེན་མོ་དེབ་གཟུགས་ཅིག་ཡོད། དེའི་ནང་ལ་སྟོང་པ་ཉིད་ལ་སོགས་པ། པ་ཡོད་ཚད་བ་རུ་བཅོས་ནས་པར་འདེབས་འདུག འདི་ནི་༸རྗེ་རིན་པོ་ཆེ་རང་གི་ཕྱག་ཡིག་བསྟར་མ་ལ། ཨ་མདོ་བ་འགའ་ཞིག་ད་ལྟ་གསར་དུ་དག་བཅོས་བྱས་པ་དེ་ནི། མཁས་རྟགས་མིན་པར་བླུན་རྟགས་དང་། བསྟན་པའི་ཞབས་འདེགས་སུ་མ་ཕྱིན་པར། ཞབས་འདྲེན་དུ་གྱུར་འདུག་སྙམ་ནས་སེམས་ཀྱི་མ་བཟོད་ནས་ཞུ་བགྱིན་ཡོད་དོ།།
སྟོང་པ་སོགས་བདག་གིས་ཀྱང་འདོད་མོད། རྗེའི་རིང་ལུགས་གང་ཡིན་ད་དུང་དཔྱད་དགོས་སོ། །རྗེ་ཙོང་ཁ་པ་ཨ་མདོ་ཡིན་པས་དེའི་ཁ་སྐད་ལྟར་བྲིས་མེད་པའི་ངེས་པ་མེད། གཅིག་བྱས་ན་དབུས་ནས་པར་བསྐྲུན་སྐབས་རྗེའི་དགོངས་པར་ནོར་བཅོས་ཐེབས་པ་ཡང་ཡིན་སྲིད།
དྲི་མེད་ལགས།
རིག་གནས་གསར་བརྗེ་སྔོན་གྱི་ལམ་རིམ་ཚང་མ་ལ། ཕ་ཡིག་ཡོད་པ་ལ། ཕྱིས་སུ་པཆ་ཅིང་པར་སྐུན་རྨ་སལ་ཨ་མདོ་བ་ཚོས་བ་ཡིག་ཏུ་བཅོས་པ་མངོན་གསུམ་ཚད་གྲུབ་རེད་དོ།།
ཀ་རྡོ་ལེགས། ཅི་གསུངས་པ་ཡིན།༼ཕ་ཡིག་ཡོད་པ་ལ། ཕྱིས་སུ་པཆ་ཅིང་པར་སྐུན་རྨ་སལ་༽ཨ་མདོའི་པ་ཡིག་བཀོལ་ཚུལ་ལ་ཕྲན་ཡང་མི་དགའ་མོད། རྗེ་ཙོང་ཁ་པ་ཨ་མདོ་ཡིན་པས་རང་སྐད་ལྟར་བྲིས་མེད་པའི་བདེན་དཔང་སྟོན་དཀའོ། ། རིག་གསར་སྔོན་ཀྱི་དེ་གཞན་གྱིས་བཅོས་པ་ཡིན་སྲིད་དོ། །
དྲི་མེད་ལྷག་བསམ་ལགས།
༸གོང་ས་བཅུ་བཞི་པ་ཆེན་པོས། རང་གི་ཨམ་སྐད་ཤེས་པ་དག བརྗེད་ཟིདན་དུས། བླ་མ་ཙོང་ཁ་པའི་སྐབས་སུ་འགྲུལ་ཐག་རིང་བས། ༸ཁོང་གིས་དེ་བས་ཀྱང་། ཨམ་སྐད་མི་མཁྱེན་པ་དེ་ཐག་བཅད་ནས་ཞུ་ཐུབ་སྙམ་ལགས། ཧཧ། ཀུ་རེ་དང་བཅས།། །།
དྲི་མེད་ལྷག་བསམ་ལགས། བཅོས་མིན་གྱི་བཀའ་དྲིན་ཆེ་ཞུ། །
སྲིད་པའི་འཁྲུགས་བཅོས་ཀྱི་བྱང་བུ་༣༦༠་སྐོར་ལ་ད་ལྟ་གསལ་ཁ་ལྡན་པ་ཞུ་རྒྱུ་མེད། བསམས་ཚོད་ལ་དཔེ་ཆ་རྙིང་གྲས་ཤིག་ཡིན་ས་རེད་བསམ་པ་འདུག ངས་དོ་སྣང་བྱ་ཡོང་། དུས་རྒྱུན་འཁྲུགས་བཅོས་ཅེས་པ་མང་ཆེ་བ་ནི། འབྱུང་བའི་འཁྲུགས་བཅོས་དང་།
ས་བདག་ཀླུ་གཉན་གྱི་འཁྲུགས་བཅོས་སོགས་ལ་གོ་དགོས་པར་སྣང་།
དཔོན་གསས་ཁྱུང་རྒོད་རྩལ་གྱི་གཏེར་མ། ས་བདག་ཉེ་ལམ་སྡེ་བཞི། ཞེས་པའི་དཔེ་ཆ་ས་བདག་ཀླུ་གཉན་གྱི་འཁྲུགས་བཅོས་བྱེད་སྟངས་སྐོར་རྒྱས་པ་ཞིག་ཡོད། གཅིག་བྱས་ན་ཕལ་དེ་ཚོའི་ནང་དུ་གསལ་ཡོད་འགྲོ། དཔོན་གསས་ཁྱུང་རྒོད་རྩལ་ནི་དུས་རབས་བཅུ་གསུམ་པའི་བོན་གྱི་བླ་མ་ཞིག་ཡིན་པ་ཡོད།
དཀར་མཛེས་ཤུགས་སྒང་དགོན་དེ་བོན་དགོན་ཡིན་ནམ་ལགས། སླར་ཡང་བཀའ་དྲིན་ཆེ་ཞུ། །
དྲི་མེད་ལགས་དགོངས་དག་ངས་ལན་འབུལ་མྱུར་བར་ཕུལ་ཐུབ་མ་སོང་ང་ཡི་དྲ་རྒྱ་སྐྱོ་བས་ཡིན་ནམ་ཡང་ན་གང་ཡིན་ཆ་མ་འཚལ་བས་་་་་རྩོམ་འདི་སྒོ་ཕྱེ་རྒྱུར་ཤིན་ཏུ་དཀའ་བར་འདུག་ཁ་བརྡའི་རྩོམ་གཞན་པ་རྣམས་རིམ་བཞིན་ཀློག་ཐུབ་མོད་རྩོམ་འདི་ཁ་ཕྱེ་རྒྱུར་རྟག་ཏུ་འགལ་རྐྱེན་མང་དུ་འཕྲད་སོང་དེ་རིང་གཅིག་པོར་ཁ་ཕྱེས་ཐུབ་སོང། བྱང་བུ་སུམ་བརྒྱ་དྲུག་ཅུ་ཏག་ཏག་རང་ཤེས་མ་སོང་མོད་སྟོང་རྒྱུང་མཐུ་ཆེན་གྱིས་མཛད་པ་སྟོང་གསུམ་འཁྲུགས་ཆོས་ཆེན་མོ་དང་རྡོ་བདག་གཏོད་པོ་བཅོས་པའི་མདོ་དང་ས་བདག་འཁྲུགས་བཅོས་ཆེན་མོ་ཞེས་པའི་དཔེ་ལ་གཟིགས་ན་ཕལ་ཆེར་ཡོད་སྲིད་ད་ལྟ་ང་ལ་དཔེ་དེའི་རིགས་མེད་པས་ལྟ་ཐུབ་མ་སོང་དཔེ་གཉིས་དེ་བཀའ་འགྱུར་ནང་དང་སྟོང་གསུམ་འཁྲུགས་བཅོས་ཞེས་པ་བརྟེན་འགྱུར་གྱི་ནང་དུ་ཡོད་པར་གོ་བོན་གྱི་བཀའ་དང་བཀའ་བརྟེན་རེད།
བོན་པོ་ལེགས། ངའི་ངོ་ཤེས་ཤུགས་སྒང་དགོན་པའི་གྲྭ་བ་ཁ་ཤས་ཡོད། སྔོན་ཆད་གྲུབ་མཐའ་ཅི་ཡིན་མི་ཤེས། ད་ལྟ་རྙིང་མ་རེད་ཟེར། དགོན་རྙིང་ཞིག་ཡིན་ཚོད་རེད། ཁོང་ཚོར་ཤུགས་སྒར་སྨྲ་སྤྲུལ་ཟེར་བ་ཞིག་ཡོད་པ་རྙིང་བོན་གྱི་གཏོ་ལ་བྱང་ཆུབ་པ་ཞིག་ཡིན་པས་དེ་ལ་བྱང་བུའི་དཔེ་ཡོད་ཚུལ་གོ། ཕྲན་གྱིས་ལོ་ངཽ་བཅོ་ལྔ་ཙམ་གྱི་དུས་སུ་སྲིད་པའི་གཏོ་བཅོས་ཆེན་མོའི་ཡི་གེ་མཇལ་མྱོང་། ཁོ་བོའི་ནང་དུའང་དཔེ་བཤུས་ཞིག་ཡོད་ཚོད་ཡིན། དེའི་ནང་གི་དཔེ་ལ་ཤིན་ཏུ་དགའ། ད་ལན་ངོ་ཤེས་རྙིང་མའི་བླ་རྒན་ལོ་༧༧་དུ་སོན་པ་ཞིག་ཡོད། དེ་བན་བོན་གྱི་གཏོ་ལ་བྱང་ཆུབ། ཡི་གེ་ཡོད་ཀྱང་བྱང་བུ་མ་རེག་པའི་དཀའ་ངལ་ཞིག་ཡོད་ཚོད་རེད། ང་ལ་བཙལ་རོགས་བྱས་པས་རྒྱུ་མཚན་དེ་ལྟར་ལེགས། སྐུ་ཚེ་རིང་།
ཁྱུང་སེ་ལེགས། ཐུགས་རྗེ་ཆེ། བོན་གྱི་བཀའ་བརྟེན་ང་ལ་རག་ཡོད། ཁ་ཕྱེ་རྒྱུ་བྱུང་མ་སོང་། དུས་ཚོད་བྱུང་དུས་ཞིབ་ལྟ་བྱེད་འཆར་ཡོད། ཐུགས་རྗེ་ཆེ། །
ཁྱུང་སེ་ལེགས། ངའི་མཇལ་བའི་དཔེ་དེར། འཁྲུགས་བཅོས་མང་ཆེ་བ་ཀོང་ཙེ་དང་།ཤེའུ་ཧོ་ཆེ་ཟེར་སོགས་ཀྱིས་མཛད་པ་ལྟ་བུ་ཞིག་དྲན་གྱི་འདུག སྲིད་པའི་གཏོ་ཕུག་དཀར་ནག་ཀྱང་དེའི་དབུ་ན་ཡོད་སྙམ། དྲན་པ་ཡད་ཡུད་ཞིག་གི་ངོས་ན་་༼ཐང་སྤྲེ༽ཟེརབ་ཞིག་འདོན་རྒྱུ་ཡོད། དེ་འདི་འདྲ་ཞིག་ཡིན་སྙམ། ཀྱེ་ཐང་སྤྲེ་སྔོན་པོ་ཁྱོད། །བཀྲ་བཀྲ་གཡང་གཡང་ནས༼གཡིངབྲིས་ཡོད་སྣང་ཤར༽། །རྒྱལ་པོའི་བུ་མོ་བག་ལ་ཁྱེར་བ་འདྲ། ། །ཁ་མེད་ཁ་རུ་གཏོད། །སྟག་ཕྲུག་རི་མོ་འདྲ། །མྱི་ལ་མགོ་ཡོད་པས། །ཤིང་ལ་རྩེ་མོ་ཡོད། །མྱི་ལ་ལག་ཡོད་པས། །ཤིང་ལ་ཡལ་ཀ་ཡོད། །ཞེས་མི་དང་ཤིང་གཉིས་ཀའི་རྟེན་འབྲེལ་ལྟ་བུ་བཤད་པ་ཞིག་དང་། །གནམ་ལ་རིམ་པ་བཅུ་གསུམ་ཡོད། །ཁེ་ཡི་ཡུལ་དང་བཅུ་བཞིའོ། །དེ་འོག་བདུད་ཀྱི་རྒྱལ། །རེ་ལྡེ་མགོ་ཉག་ནི། །འབྲུག་ནག་སླག་པ་མནབས། །གདན་དུ་ཅི་བཏིང་ན། །རྒྱ་མཚོ་མེར་བ་བཏིང་། །ཟས་སུ་ཅི་ཟ་ན། །འགྲིང་ཀླུད་ཕུད་གསུམ་ཟ། །སྐོམ་དུ་ཅི་བཏུང་ན། །འགྲིང་ནག་ཕུར་ཁྲག་འཐུང་། །ཕོ་ཉར་ཅི་འགྱེད་ན། །བདུད་དམག་མང་པོ་འགྱེད། །ཟེར་བ་དག་། །ཉུང་ཆིབ་ཀྱིས་ཐོབ། །མང་མང་སྦར་གྱིས་ཐོབ༎ ཟེར་བ་སོགས་ཡོད་པ་དྲན། ། ངའི་ཕྱོགས་ནས་ཡི་གེ་ཐོབ་ན་ཞུས་ཡོང་། །ཤུགས་སྒང་དཔེ་དེ་བཀའ་རྒྱ་ཆེ་བས་མ་ཐོབ། བཀྲ་ཤིས།
ཀ་རྡོས་ཨ་མདོ་བས་བོད་པ་ལ་ཝོད་བ་ཟེར་བ་ཞིག་གང་ནས་མཐོང་སོང་། དགའ་རབ་དབང་ཕྱུག་གིས་ལུང་འདྲ་བསྟན་པ་མིན་འགྲོ
ངས་བྱས་ན།
ག་བ་ འགྲོ་གེ
ཚབ་ལ།
ག་ཝ་ འགྲོ་གེ བྲིས་ན་ལེགས་སྙམ་པ་ལྟར།
ཨམ་སྐད་དུ།
བོད་སྐད།
ཚབ་ལ།
ཝོད་སྐད་ ཅེས་བྲིས་ན། ལེགས་སྙམ་མོ།།
རེད་རེད དབུས་སྐད་ནང་ཉི་མའི་འོད་ཟེར་ལ་ཝོད་ཟེར་དང་ འོ་མ་ལ་ཝོ་མ་ཞེས་བྲི་བའམ་ཡང་ན་དེ་གཉིས་འདམ་ང་ཅན་བྱས་ན་ཧ་ཅང་འཕྲོད།
དྲི་མེད་ལགས་ཅིར་སྟངས་ང་ཡི་བོན་པོ་གྲོགས་པོ་ཞིག་ཁོང་ལ་བོན་དཔེ་ཧ་ཅང་མང་པོ་ཡོད་འདུག་དེའི་ནང་དུ་གཏོ་སུམ་བརྒྱ་དྲུག་དང་གནམ་སྒོ་ས་སྒོ་གཅོད་ཚུལ་ཆེ་ཡས་ཆུང་ཡས་གཏོང་ཚུལ་མོ་དཔལ་བསྟོད་ཚུལ་མདའ་དང་འཕང་གི་བསྟོད་པ་དང་། མུ་ཡེ་ཕྱ་ཡི་གཡང་སྐྱབས་དཀར་པོ། དེ་བཞིན་འགོ་བའི་ལྷ་ལྔ་བསྟོད་ཚུལ་་ལས་སོགས་དཔེ་རྙིང་མང་པོ་ཡོད་འདུག་དེ་ཚོ་འི་སྙན་དངགས་དེ་ཚོར་ལྟས་ན་སྙན་ངག་གི་དྲོ་བ་ཆེན་པོ་རྙེད་རྒྱུ་འདུག
དབུས་གཙང་གི་ཁ་སྐད་ཀྱི་ནང་། པ་ཡེད་ཀྱི་གདངས་ལས་བ་ཟླུམ་གྱི་གདངས་ཉུང་ཉུང་ཡིན་པ་འདྲ། དཔེར་ན། འདི་ནས་ལྷ་ས་བར། ཞེས་པ་ལྟ་བུར། ལྷ་ས་པར་ཞེས་པ་ཡེད་ཀྱི་གདངས། བོད་པ་ལ། པོད་པ། བོད་ལ་པོད། བར་སྲིད་ལ་པར་སྲིད། བལ་ཡུལ་ལ་པལ་ཡུལ། བུ་མོ་ལ་པུ་མོ། བུ་ལ་པུ། ཁང་བ་ལ་ཁང་པ། རྐང་བ་ལ། རྐང་པ། མང་བོ་ལ་མང་པོ། ཕུར་བུ་ལ་ཕུར་པུ། རིང་བོ་ལ་རིང་པོ། ཞེས་པ་ཡེད་རྐྱང་བའི་གདངས་ཀྱིས་རྗོད་པར་བྱེད།
ལེགས་སོ། །ཁྱུང་སེ་བཀའ་དྲིན་ཆེ། །ཏུན་ཧོང་གི་དཔེ་རྙིང་གི་མགུར་དང་། བོན་པོའི་གཏོ་ལུགས་ལས་བྱུང་བའི་མགུར་མ་སོགས་བོད་གནའ་བོའི་གསུང་སྟངས་ཕ་མྱེས་ཀྱི་ངག་རྒྱུན་དང་ཡིག་ཐོག་གི་རིག་གཞུང་ཆེས་རྨད་དུ་བྱུང་བ་ཞིག་རེད་སྙམ་པའི་དུང་པ། དགའ་ཞེན། གུས་བཀུར་ཡོད། བན་དེའི་བཤད་སྲོལ་ལ་བོན་བསྣུབས་པའི་དུས་སུ་ལྷ་གཡང་སྐོར་གསུམ་ཟེར་བ་ཁ་ཅུང་ཟད་བསྒྱུར་ནས་རང་འཇགས་སུ་བཞག་ཟེར་བ་དེ་དག་ཕལ་ཆེར་བཞུགས་ཡོད་ཚོད་རེད། །འགོ་བའི་ལྷ་ལྔ་ནི་ཁོ་བོའི་མི་རབས་སྔོན་མ་ཞིག་ནས་ཁྱིམ་ནས་གཏོང་སྲོལ་ཡོད། བན་དེའི་གཞུང་དུ་བསང་གསོལ་ཤིན་ཏུ་མང་། དེ་མ་ཡིན་པའི་ཤེལ་ཚིག་མཆོད་པ་དང་། ཡས་བསྔོ་སོགས་བན་དེར་ཡོངས་གྲགས་ལྟ་བུ་ལེགས། །