སེར་ཤུལ་རིན་ཆེན་དོན་གྲུབ།
བདག་ལ་བཀའ་དྲིན་མཚུངས་ཟླ་མེད་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་སེར་བྱེས་མཁན་ཟུར་རྗེ་བཙུན་བློ་བཟང་ཚེ་རིང་མཆོག་གི་དགོངས་རྫོགས་ལ་ཕུལ།
བདེ་ནས་བདེ་བར་གཤེགས་པའི་ལམ་བཟང་ལས།།
སྐྱེ་ནས་སྐྱེ་བར་ཕེབས་པའི་སྐལ་བཟང་ལ།།
དུས་ནས་དུས་སུ་འགྲོ་བའི་མཛད་པ་ཅན།།
དུང་ནས་དུང་བའི་གདུང་ཤུགས་རླབས་ཀྱིས་མཆོད།།
ཕྲ་ནས་ཕྲ་བའི་རྒྱལ་བསྟན་ནུབ་ཁའི་འོད།།
སྐྱོང་ནས་སྐྱོང་བར་ཁུར་ཆེན་བསྣམས་པ་ཡི།།
སྐྱེས་ནས་སྐྱེས་མཆོག་བློ་བཟང་ཚེ་རིང་མཚན།།
ཕེབས་ནས་ཕེབས་པར་གདུང་བའི་དུད་སྤྲིན་འཕྱུར།།
ཐོས་དང་ཐོས་པ་སྤོས་ཐུར་འོད་ལས་བཙལ།།
ངལ་དང་ངལ་བ་བཟོད་དང་དཀའ་བས་བླངས།།
མཁས་དང་མཁས་མཆོག་བརྩོན་པས་འཕྲུལ་ནས་རྙེད།།
ཤེས་དང་ཤེས་རབ་གོ་རིགས་ཟུང་གིས་བསུས།།
དུས་དང་དུས་འགྱུར་ཡོ་ལང་གར་གྱི་ཁྲོད།།
སྲུང་དང་སྲུང་སེམས་ལྷག་པའི་ཚུལ་ཁྲིམས་ལ།།
གཅེས་དང་གཅེས་པས་ལེགས་བསྡམས་རྣམ་དག་པ།།
ཁྱེད་དང་ཁྱེད་ལས་སུ་དང་གང་གིས་ནུས།།
ཁྲེལ་དང་ཁྲེལ་མེད་ཟོག་པོའི་ཟླ་བོ་ཡིས།།
མུན་དང་མུན་པའི་བཙོན་དུ་བཅུག་ན་ཡང་།།
བསླབ་དང་བསླབ་པ་སྲོག་ལས་གལ་ཆེན་གྱིས།།
བསམ་དང་བསམ་པས་སྙིང་སྟོབས་བསྐྱེད་འདི་མཚར།།
བཙན་ནས་བཙན་པོའི་བཀའ་ཡི་དྲ་བ་ལས།།
ཐར་ནས་ཐར་བའི་ས་བོན་གྲུང་བོའི་ཚོགས།།
ཚོགས་ནས་ཚོགས་ལ་འགྲེམ་པའི་རླབས་ཆེན་ལས།།
དུས་ནས་དུས་ལ་ཐུགས་ཀྱི་དགོངས་པར་བཅངས།།
བློ་དང་བློ་གྲོས་མཛེས་པའི་རྒྱན་སྤུད་པའི།།
གཞུང་དང་གཞུང་ལུགས་སློབ་པའི་བློ་གསལ་ཁྱུར།།
དཀའ་དང་དཀའ་གནད་བཀྲོལ་བའི་འཆད་པའི་ཆར།།
བཅུ་དང་བཅུ་ཕྲག་བཞི་ཡི་ལོ་ཟླར་བསྙིལ།།
བཀའ་དང་བཀའ་ཡིག་གསེར་གྱི་ལུང་བསྟན་གྱིས།།
མངའ་དང་མངའ་བདག་ཆོས་ཁྲིར་སྐུལ་བའི་ཚེ།།
ཟབ་དང་ཟབ་མོའི་གཞུང་གི་འཆད་རྩོད་ལམ།།
ཆེ་དང་ཆེ་བའི་གནས་སུ་བསྐྱར་དུ་བཀོད།།
ཁྲིམས་དང་ཁྲིམས་ཡིག་དྲང་དང་བདེན་པས་སྐྱོང་།།
རྩོད་དང་རྩོད་སྒྲུབ་རྣམ་དཔྱོད་མེ་ཡིས་སྦར།།
ཐོས་དང་ཐོས་པ་བསམ་དང་སྒོམ་པས་སྒྲུབ།།
སྙན་དང་སྙན་གྲགས་སྲིད་པའི་ཁྱོན་ལ་འཕོས།།
སྐྱབས་དང་སྐྱབས་གནས་༧གོང་ས་ཆེན་པོར་བསྟེན།།
ཤེས་དང་ཤེས་པའི་དད་དམ་གཡོ་མེད་བརྗིད།།
ལམ་དང་ལམ་སྟོན་བློ་གྲོས་དཔྱིད་དུ་ལྕིགས། །
བཤེས་དང་བཤེས་གཉེན་གང་དུ་ཁྱེད་ལས་སུ།།
རབ་དང་རབ་མཆོག་སྐྱབས་མགོན་བླ་མ་ཡིས།།
ཁྱེད་དང་ཁྱེད་ལ་རྒྱ་གར་པཎ་གྲུབ་ཅེས།།
གསུང་དང་གསུང་གིས་དབུགས་དབྱུང་སྩལ་བའི་གྲངས།།
ཚད་དང་ཚད་མེད་ཡང་དང་བསྐྱར་དུ་གནངས། །
ལེགས་ལེགས་ངོ་མཚར་བརྗོད་པས་ཚར་ཐབས་མེད།།
ཟབ་ཟབ་མཁྱེན་རྩལ་བརྟག་པས་དཔོག་ཐབས་བྲལ།།
བྱས་བྱས་མཛད་པ་བགྲང་གིས་ག་ལ་ལངས།།
མཆོག་མཆོག་དགེ་བའི་ས་མཁན་མཁན་ཟུར་བ།།
རྟག་རྟག་གནས་ལུགས་མེད་པའི་དཔང་རྟགས་སུ།།
མཁས་མཁས་འགྲོ་བའི་མགོན་ཁྱེད་གཞན་དུ་གཤེགས།།
གདུང་གདུང་མཆི་མ་དཀུ་བའི་སློབ་ཚོགས་ཤིག །
འདིར་འདིར་མྱ་ངན་འཕྱོ་བ་གཟིགས་ལགས་སམ།།
དེ་རིང་གདུང་བ་ལྕི་མོ་ཡོ་རེ་ཡོ།།
ད་ལྟ་རྗེས་དྲན་སྙན་ངག་སྙན་སེ་སྙན།།
འོད་ལ་འོད་ཀྱིས་སྐྱེལ་མ་ལྷང་སེ་ལྷང་།།
འདི་ནི་སྲོལ་དང་གདུང་བ་ལགས་སེ་ལགས།།
གང་དང་གང་ལ་གཤེགས་པར་འཇིགས་ཚུལ་མེད།།
མེད་དང་མེད་ཀྱང་ངེད་ཅག་དགེ་སྒྲུབ་ཆེད།།
མཆོད་དང་མཆོད་འབུལ་གོང་མའི་སྲོལ་ལ་བསྙེགས།།
བདེ་དང་བདེ་གཤེགས་ཀུན་གྱི་སྐལ་ལྡན་ཤོག །
བསམ་དང་བསམ་ངན་ངང་དང་ཤུགས་ཀྱིས་བརྡོལ།།
བློ་དང་བློ་མིག་ཉོན་མོངས་ཕྱོགས་ལ་ཆས།།
བསྟན་དང་བསྟན་པ་ཉག་ཕྲའི་གཉན་པོའི་ཕྲང་།།
བསླེབས་དང་སླེབ་འདིར་ཁྱེད་སྐུ་སླར་བྱོན་ཤོག །
༢༠༡༤/༧/༢/ ཉིན་སློབ་བའི་གྲལ་མཐའ་བ་སེར་ཤུལ་རིན་ཆེན་དོན་གྲུབ་ཏུ་འབོད་པས་དམ་པ་གང་ཉིད་ཀྱི་བཀའ་དྲིན་རྗེས་སུ་དྲན་པ་དང་བཅས་བྲིས།
ཀྱེ་མ་འགྲོ་བའི་བསོད་ནམས་ཟད། དམ་པ་རྣམས་ནི་ཕྱི་མར་ཕེབས། བླུན་པོས་ཆུ་སྣ་གར་ཁྲིད་པ། འཁོར་བ་འདི་ནི་སྐྱོན་གྱི་ཚང་།
འོན་ཏང་རྨི་ལམ་ལྟ་བུའི་སྐལ་བཟང་ལ། གངས་ཅན་མགོན་པོ་ཞལ་བཞུགས་ནས། འགྲོ་བའི་ཞིང་ལ་སྨན་གཅིག་པུ། བྱང་ཆུབ་སེམས་དཔའི་རྣམ་པར་བཞེངས།
བྱང་ཆུབ་སེམས་ཀྱིས་བདེ་བ་སྦྱིན། གངས་ཅན་མགོན་པོས་བྱང་སེམས་འབོགས། བྱང་ཆུབ་སེམས་ཀྱིས་སྡུག་བསྔལ་སེལ། གངས་ཅན་མགོན་པོས་བྱང་སེམས་སྐུལ། བྱང་ཆུབ་སེམས་ཀྱིས་ཚོགས་རྣམས་རྫོགས། གངས་ཅན་མགོན་པོས་བྱང་སེམས་ཁྲིད། བྱང་ཆུབ་སེམས་ཀྱིས་འཁོར་བ་འགྲོལ། གངས་ཅན་མགོན་པོས་ལམ་སྟོན་མཛད།
བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་གྱིས། འགྲོ་བའི་སྡུག་བསྔལ་སེལ་བ་ལ། ཞིང་འདིར་ཁྱེད་ལས་དྲིན་ཆེ་བ། བདག་གིས་མ་མཐོང་མཐོང་མི་འགྱུར།
མཁས་མང་སྟོང་ཕྲག་བརྒལ་བའི་མདུན་སར་ཆེར། །ལུང་རིགས་འཕྲུལ་གྱིས་ཞགས་པའི་རྟེན་འབྱུང་སྒྲས། །སྣང་སྟོང་ཟུང་འཇུག་ཆུ་འཛིན་ལྷུག་པ་དཀྲོལ། །གདུལ་བྱའི་འཛིན་མའི་ཚོགས་ཀྱིས་ས་ཁྱོན་གང་། །འཇམ་མགོན་ཙོང་ཁ་པ་ཡི་གཞུང་བརྒྱའི་གནད། །འགྲེལ་མཛད་སྒྱུ་སྐར་མཚན་མོའི་མགོན་པོ་མཆོག །སླར་ཡང་བསྟན་དང་བཤད་སྒྲུབ་འཛིན་སྤེལ་སླད། །ཡང་སྲིད་འཁྲུལ་བྲལ་ཟླ་གཞོན་གསར་འཆར་ཏེ། །སྐྱེ་རྒུའི་རྨོངས་མུན་སེལ་བའི་ཡང་སྤྲུལ་སྨོན། །