ཀླུ་སྨྱོན།
—-ངོ་མི་ཤེས་པའི་སྙན་ངག་མ་འབྲུག་མོ་རྒྱལ་ལ་བྲིས་པ།
འོད་ཀྱིས་མཚན་མོ་མེ་རུ་སྦར། །
འོད་ཀྱིས་ལང་ཚོའི་གཟི་བྱིན་འགྱེད། །
འོད་ཀྱིས་མི་ཚེའི་རིན་ཐང་སྟོན། །
འོད་ཀྱིས་མཛེས་མའི་སྒང་གཤོང་འབྲི། །
སྐྲ་ལོ་ནག་པོའི་རྦབ་ཆུ་དེ། །
མཚན་མོའི་མུན་པའི་ཁྲོད་དུ་བཞུར། །
ཞལ་རས་ཟླ་བའི་དཀྱིལ་འཁོར་ཡང་། །
ལོ་བརྒྱའི་གདུང་སེལ་སྙན་ངག་བཞིན། །
བྲང་སྐྱེས་མྱོས་བུམ་འབུར་བའི་དཔྱིད། །
དྲི་ཞིམ་རླུང་གིས་གཡོ་བ་དང་། །
དེ་ནི་ངོས་སུ་འཁྱུག་པའི་འོད། །
བསྐལ་པ་འཇིག་པའི་གློག་ཕྲེང་བཞིན། །
ངག་གི་འགྱུར་ཁུག་དྲི་ཟའི་གླུ། །
སྙན་ངག་དག་གིས་སྐྱོ་གདུང་སེལ། །
འདོད་པའི་ལྷ་མོ་ཁྱེད་གཅིག་བུ། །
ཉིན་མཚན་ཀུན་ཏུ་དྲན་པར་འོས། །
གྲིབ་མ་གྲིབ་མར་ཐིམ་པ་དང་། །
གློག་འོད་གློག་འོད་འདྲེས་པའི་དུས། །
ཁྱེད་ཀྱིས་མཛེས་པའི་གཟུགས་བརྙན་དེ། །
རྣམ་ཤེས་འགུག་པའི་ལྕགས་ཀྱུ་བཞིན། །
སྒྱུ་ལུས་ཐལ་བར་གྱུར་ཀྱང་སླ། །
རྣམ་ཤེས་ནམ་མཁར་ཐིམས་ཀྱང་ཆོག །
ཁྱེད་ཀྱི་སྐྲ་ལོའི་ཉག་མ་གཅིག །
གཞར་ཡང་བདག་གིས་ཐོབ་བམ་ཅི། །
ནམ་མཁའ་ཚལ་བར་འཐོར་བ་དང་། །
རླུང་བུ་གྲི་བཞིན་རྣོ་བ་ཡི། །
རྨི་ལམ་མིན་པའི་རྨི་ལམ་ནང་། །
ཁྱེད་དང་ལན་གཅིག་འཕྲད་ཆོག་གམ། །
རྫུ་བག་རྒོད་པའི་འཇིག་རྟེན་འདིར། །
འདོད་པ་ཞེས་བྱའི་ངོ་མངར་ཅན། །
ཁྱེད་ཀྱི་བྲང་ལ་འཁྱིལ་བའི་རླབས། །
བདག་གི་ཕྱོགས་སུ་ལན་གཅིག་མཆེད། །
སྐར་མ་ཁྲ་ཁྲ་སིལ་སིལ་དེའི། །
སྣེ་མོ་ཕར་ཕྱོགས་ཁྱེད་ཀྱི་ཁྱིམ། །
དེ་རུ་དྲོད་འཇམ་མལ་གོས་ནང་། །
ཁྱེད་ཀྱི་འཇིག་རྟེན་ཆུང་ཆུང་ཡོད། །
ཟླ་བ་འཁྱར་རུ་འཁྱོར་རེ་དེའི། །
འོག་ནི་བདག་གི་ཁྱིམ་གཞིས་ཏེ། །
སྙན་ངག་རྒུན་ཆང་དཀར་པོའི་ནང་། །
ཁྱེད་ཀྱི་ཞལ་རས་ལྟེམས་སེ་མཆིས། །
སྐྱེ་བ་ཞེས་བྱའི་ཐོགས་མེད་དེའི། །
སྣེ་མོ་གཅིག་གི་ཨ་ལོང་ནང་། །
ཁྱེད་ཀྱི་གཟུགས་དང་སྙན་ངག་དག །
ཉ་མོ་ཇི་བཞིན་གློག་བརྙན་བཞིན། །
འབྲུག་མོ་རྒྱལ་ནི་ངོ་མ་སེང་ལྕམ་འབྲུག་མོ་འདྲ་ཟིག་ཡོད། ཀླུ་མོ་མཚོའི་གླུ་དབྱངས་དེ་ཡང་མོ་ལ་བལྟས་ནས་བླངས་པ་འདྲ་ཟིག་ཡིན། འབྲུག་པོ་རྒྱལ་གྱི་དབྱིན་ཇིའི་གླུ་དབྱངས་ཞིག་ངོ་དེབ་སོགས་ལ་ཁྱབ་ཡོད། ངོ་མ་སྙན་གི། མོས་ང་ལ་བོད་གཞས་ཤིག་ལེན་རྒྱུའི་ཁས་ལེན་བྱས་ཡོད་། ཡིན་ན་ཡང་ད་དུང་གོ་རྒྱུ་ཅང་མེད་ཀི། མོ་ལ་བཟའ་ཚང་མེད་ན་ཡང་དགའ་རོགས་ཡོད་སྲིད། གཅིག་བྱས་ན་ཨ་ཁུ་ཀླུ་སྨྱོན་གྱི་རེ་བ་སྟོངས་པ་ཡིན་ན་ཡང་ཐང་།
ཧ་ཧ་། ཀུ་རེ་ཡིན།
ངའི་ཁ་འདི་ད་།
འོ་་ངས་ཅུང་མིན་ན་བརྗེད་གྲབས་བྱས་སོང་།
རྩོམ་བཀླགས་ཟིན།
སྙན་པོ་འདུག
དེ་རིང་ཀླུ་སྨྱོན་ལ་ཚོར་བ་ཡོད་ནི་འདྲ་ཟིག་རེད།
ངོ་མ་ཚོར་བ་ཡོད་ནི་ཟིག་ལ་རིག་གི
ཆོས་སྲུང་ཚོའི་བསྐངས་བཤགས་ཀྱི་ནང་ན་ཚིག་འདི་འདྲ་མང་ཐལ།
ཧ་ཧ་།་སླར་ཡང་ཀུ་རེ་ཞུ།
ངོ་མ་ནཱ་ག་ཚང་གི་སྨྱོན་པ་འདིས་སྙན་རྩོམ་ཡག་པོ་བྲིས་འདུག་དཱ།
རྩོམ་སྙན་པོ་འདུག འབྲུག་མོ་རྒྱལ་གྱི་མིང་ད་རེ་ཐེངས་དང་བོ་ཐོས་པ་ཡིན། མོའི་ཕ་ཡུལ་གང་ནས་ཡིན་ནམ།།