“རང་དབང་གི་ཆེད་དུ་རང་ཉིད་བློས་གཏོང་བ་ནི་གཏན་གྱི་རང་དབང་ལ་ཕྱོགས་པའི་རླབས་ཆེད་ཀྱི་འགྲུལ་བཞུད་ཅིག་ཡིན།” བསམ་བློ་བ་ཆེན་མོ་སོ་ཁེ་རེ་གྲི།
སྦྲ་རིགས་ཐོགས་མེད།(ལྡི་ལི་གཙུག་ལག་སློབ་གླིང་།)
(འོད་ལ་ཕྱོགས་པའི་ལེའུ།)
འོད་སྣང་ནི་དེ་འདྲའི་རླབས་ཆེན་གྱི་མཛེས་སྡུག་ཅིག་ཅིའི་ཕྱིར་ཡིན་ནམ།
འོད་སྣང་ནི་དེ་འདྲའི་གཅེས་སུ་འོས་པའི་འཚོལ་སྙེགས་ཤིག་ཅིའི་ཕྱིར་ཡིན་ནམ།
གནས་ལུགས་དེ་ནི་མུན་ནག་གི་འཇབ་རྒོལ་ཁྲོད་གཞི་ནས་ཤེས་རྟོགས་བྱེད་ཐུབ་ལ།
གནས་ལུགས་དེ་ནི་འོད་སྣང་ལ་འཚོལ་བའི་འཐབ་རྩོད་ཁྲོད་གཞི་ནས་རོལ་མྱོང་བྱེད་ཐུབ།
འོད་སྣང་ལ་ཡོངས་སུ་ཕྱོགས་པའི་ཁྱེད་ཅག་གི་རླབས་ཆེན་བགྲོད་ལམ་རེ་རེ་ནི།
ལོ་རྒྱུས་ཀྱི་དཀྱོགས་མཚམས་རེ་རེ་ན་འབར་བའི་རང་དབང་འོད་ཀྱི་ཕུང་བོ་ཞིག་སྟེ།
ནམ་ཡང་། ང་ཚོ་ལ་གནས་ལུགས་དང་སྙིང་སྟོབས་ཀྱི་ཟེགས་མ་བར་མེད་དུ་འཇོ་བཞིན་ཡོད།
ནམ་ཡང་། ང་ཚོ་ལ་ཆིག་སྒྲིལ་དང་དྲན་སྐུལ་གྱི་གནས་ལུགས་ཆད་མེད་དུ་སྩོལ་བཞིན་ཡོད།
རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ།
ཕྱི་ལོ་ ༡༩༩༨ ཟླ ༠༤ ཚེས ༢༧ ལོར་རང་དབང་གི་ཆེད་མེ་རུ་བསྒྲོན།
ཁ་ཟས་སྤངས་ནས་འཆི་བར་དམ་བཅས་པའི་ཉིན་ཤག་ཞེ་དགུའི་རྗེས་སུ།
ཁྱེད་ཅག་གི་འགྲུལ་བཞུད་ལ་ཉེན་རྟོག་པའི་བཙན་ཤེད་ཀྱི་འཇབ་རྒོལ་ཐེབས།
འོན་ཀྱང་། ཁྱེད་ཀྱིས་ཕུགས་བསམ་དེའི་ཆེད་དུ་སྔ་མོ་ནས་རང་ཉིད་བློས་བཏང་ཟིན་པས།
ཁྲུས་ཁང་ལས་རང་ཉིད་མེ་རུ་སྦར་རྗེས་གློ་བར་དུ་ཕྱི་རུ་མཆོངས་ཡོང་།
ལག་ཟུང་ཐལ་མོ་སྦྱར་པའི་ཁྱེད་དཔའ་བོའི་སྟངས་སྟབས་དང་།
ཡོད་ཚད་ཟིལ་གྱིས་གནོན་པའི་ཁྱེད་ཀྱི་རང་དབང་གི་འབོད་སྒྲ་དེས།
ས་ཆེན་པོ་ཚལ་བར་གཤགས་ནས་གནས་ལུགས་གང་ཤིག་ལ་གསལ་བཤད་བྱས་སོང་།
ང་ཚོས་ཁྱེད་ཀྱི་རེ་བ་དམིགས་སུ་བཟུང་ནས་ཡོང་གིན་ཡོད་ལ།
ང་ཚོས་ཁྱེད་ཀྱི་སྙིང་སྟོབས་སེམས་ལ་གླན་ནས་སླེབས་བཞིན་ཡོད།
རྒྱལ་གཅེས་དཔའ་བོ་ཕུན་ཚོགས།
ཕྱི་ལོ ༢༠༡༡ ཟླ ༠༣ ཚེས ༡༧ ཉིན་རང་དབང་གི་ཆེད་རང་ཉིད་མེ་རུ་བསྒྲོན།
ཁྱེད་ཀྱི་ཕ་ཡུལ་དུ་སླར་ཡང་ཁྲག་དམར་འཁྱིལ་ནས་མི་ལོ་གསུམ་གྱི་རྗེས་སུ།
ཁྱེད་ཀྱི་མིང་སྲིང་ཚོས་འབོད་སྒྲ་འཛམ་གླིང་ལ་བསྒྲགས་ནས་མི་ལོ་གསུམ་གྱི་རྗེས་སུ།
དག་དག་མི་ལོ་གསུམ་གྱི་རྗེས་དྲན་ཁྱེད་ཀྱི་མེ་ལྕེ་རིང་མོས་འོད་སྣང་ལ་བསྟབས་སོང་།
ཤ་དར་ཁྲག་དར་གྱི་དཔའ་རྒོད་ཁྱེད་འདི་ལྟར་མེ་ལྕེ་ཟླུམ་བོ་ཞིག་ལ་ཐིམ་པ་མཐོང་དུས།
ངས་ཕངས་སེམས་གྲངས་མེད་ཀྱི་ཁྲོད་ནས་ཁྱེད་ལ་ཕེབས་སྐྱེལ་བྱེད་དགོས་བྱུང་།
ཡོངས་སུ་འཚིག་ཟིན་པའི་ཁྱེད་ཀྱིས་རང་ཉིད་ཀྱི་ཆེས་མཐའ་མའི་དབུགས་རྒྱུན་བཀོལ་ནས།
ང་ཚོར་བསྐྱུར་བའི་ཁ་ཆེམས་ནི་ཡོངས་སུ་རེ་བས་ཁེངས་ “རང་དབང་གི་འཐབ་རྩོད་ནམ་ཡང་འདོར་མི་ཉན”
འདི་ལྟར་ཁྱེད་རང་རང་དབང་གི་འོད་སྣང་ལ་བསྙེགས་ནས་བཞུད་སོང་།
འོན་ཀྱང་། ཁྱེད་རང་མུན་ནག་གང་ཞིག་གི་ཁ་གཏད་དུ་ནམ་ཡང་འོད་དུ་འཚེར་བཞིན་ཡོད།
རྒྱལ་གཅེས་དཔའ་བོ་ཚེ་དབང་ནོར་བུ།
ཕྱི་ལོ་ ༢༠༡༡ ཟླ ༨ ཚེས ༡༥ ཉིན་རང་དབང་གི་ཆེད་མེ་རུ་བསྒྲོན།
ཉེན་རྟོག་པའི་བསུན་བཙེར་དང་མཐོང་ཆུང་གང་མང་གི་སྔ་རྗེས་སུ།
ཐ་ན་ཕ་ཡུལ་དུ་གསོལ་འདེབས་ལྷ་བསང་གི་ཆོ་ག་ཙམ་ཡང་སྒྲུབ་མི་ཆོག་པའི་གཉའ་གནོན་འོག
ཁྱེད་ཀྱིས་མུན་ནག་ལ་རྒོལ་བའི་དཔའ་སྐད་ཤར་ཕྱོགས་བས་མཐའ་དེ་ནས་མཆེད་བྱུང་།
གནས་ལུགས་གང་ཞིག་གི་ངོ་གདོང་སྐྱག་རྫུན་གྱིས་སྦས་པའི་ཁོ་ཚོའི་གཡོ་འཕྲུལ་ལ།
ཁྱེད་ཀྱིས་བདེན་པ་གང་ཞིག་གིས་བརྡར་བའི་འོད་སྣང་གི་ལོ་རྒྱུས་ས་ཆེན་པོར་བསྒྲགས་བྱུང་།
ཁྱེད་ཀྱིས་མུན་ནག་པ་དང་མུན་ནག་འཐབ་རྩོད་པ་དག་ལ་འོད་ཀྱི་ལམ་ཆེན་གཤགས་ནས་ཕེབས་སོང་།
སྨྲ་བརྗོད་ཀྱིས་གཞལ་ཐབས་བྲལ་བའི་ཁྱེད་ཀྱི་ལྷག་བསམ་དང་ཆོད་སེམས་ཡོད་ཚད།
ད་དུང་། མུན་ནག་ལ་མགོ་བོ་མི་སྒུར་པའི་ཁྱེད་ཀྱི་སྙིང་སྟོབས་དང་དམ་བཅའ།
འགྲུལ་བཞུད་པ་ཁྱེད་རང་ང་ཚོའི་སེམས་སུ་ནམ་ཡང་འོད་ཀྱིས་འབར་བཞིན་ཡོད་ལ།
རྒྱལ་སྲས་ཁྱེད་རང་ནམ་ཡང་ང་ཚོའི་སྙིང་ན་ལྷང་ལྷང་དུ་གྲགས་བཞིན་ཡོད་ཨང་།
བོད་ཀྱི་སྐུ་གཤེགས་དཔའ་བོ་ཕོ་མོ་ཡོངས་ལ་སེམས་གཏིང་ནས་རྗེས་དྲན་གུས་འདུད་ཞུ། ༢༠༡༡,༠༨,༢༥
བོད་ཀྱི་རྒྱལ་གཅེས་དཔའ་བོ་རྣམ་གསུལ་ལ་སྙིང་ནས་གུས་ཕྱག་ཡོད།
རྒྱལ་གཅེས་སྐུ་གཤེགས་དཔའ་བོ་རྣམ་གསུམ་ལ་སྙིང་ནས་འདུད་དོ།།
སྦྲ་རིགས་ཐོགས་མད་ལགས།
རྩོམ་འདི་སྙན་རྩོམ་ཕྱོགས་སྒྲིག་ནང་ལ་འགོད་ཆོག་པ་ཞུ།
རྒན་ལྷ་མོ་སྐྱབས་ལགས།
འདིར་བཀོད་པའི་སྙན་རྩོམ་ལ་ཆད་ལྷག་ཅུང་ཟད་ཤོར་འདུག་པས་རྗེས་མ་ཉིད་ཀྱི་ཁ་བྱང་ཐོག་ཏུ་གཏོང་ཆོག་པར་ཞུ།